སུང་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུང་རྒྱལ་རབས།
སུང་ནི་ཀྲུང་གོའི་གནའ་རབས་ཀྱི་སུང་བྱང་མ(སྤྱི་ལོ960-1127)དང་སུང་ལྷོ་མ(སྤྱི་ལོ1127-1279)རྒྱལ་རབས་གཉིས་ལ་ཟེར། དེ་ཡང་སྤྱི་ལོ960ལོར་ཀྲོའུ་ཕྱི་མའི་སྲུང་དམག་དམག་དཔོན་ཀྲའོ་ཁོང་དབྱིན་གྱིས་རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་སིལ་བུའི་རྣམ་པ་མཇུག་སྒྲིལ་ཏེ་སུང་གི་རྒྱལ་རབས་བཙུགས་པ་ཡིན། རྒྱལ་རབས་འདིར་རྒྱལ་བོ་བཅོ་བརྒྱད་ཀྱིས་རྒྱལ་ས་འཛིན་ཅིང་ལོ་སུམ་བརྒྱ་དང་བཅུ་དགུ་ལ་གནས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宋朝
ཕྱི་ཡིག་གི་མིང་།
The Song Dynasty
རྒྱལ་རབས་འཛུགས་མཁན།
ཀྲའོ་ཁོང་དབྱིན།
ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
དུས་སྐབས།
960-1279
1 ངོ་སྤྲོད།

སུང་ནི་ཀྲུང་གོའི་གནའ་རབས་ཀྱི་སུང་བྱང་མ(སྤྱི་ལོ960 -1127)དང་སུང་ལྷོ་མ(སྤྱི་ལོ1127 -1279)རྒྱལ་རབས་གཉིས་ལ་ཟེར། དེ་ཡང་སྤྱི་ལོ960ལོར་ཀྲོའུ་ཕྱི་མའི་སྲུང་དམག་དམག་དཔོན་ཀྲའོ་ཁོང་དབྱིན་གྱིས་རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་སིལ་བུའི་རྣམ་པ་མཇུག་སྒྲིལ་ཏེ་སུང་གི་རྒྱལ་རབས་བཙུགས་པ་ཡིན། རྒྱལ་རབས་འདིར་རྒྱལ་བོ་བཅོ་བརྒྱད་ཀྱིས་རྒྱལ་ས་འཛིན་ཅིང་ལོ་སུམ་བརྒྱ་དང་བཅུ་དགུ་ལ་གནས་པ་ཡིན།

2 ལོ་རྒྱུས་མདོར་བསྟན། 

སུང་ནི་ཀྲུང་གོའི་གནའ་རབས་ཀྱི་སུང་བྱང་མ(སྤྱི་ལོ960 -1127)དང་སུང་ལྷོ་མ(སྤྱི་ལོ1127 -1279)རྒྱལ་རབས་གཉིས་ལ་ཟེར། དེ་ཡང་སྤྱི་ལོ 960ལོར་ཀྲོའུ་ཕྱི་མའི་སྲུང་དམག་དམག་དཔོན་ཀྲའོ་ཁོང་དབྱིན་གྱིས་སྲིད་གཞུང་གི་བཀའ་ལྟར་དམག་དཔུང་གི་སྣེ་ཏུང་ཅིན་བྱང་ཤར་གྱི་ཁྲེང་ཆའོ་ཟམ་ཚིགས་སུ་ཁྲིད། གནས་དེར་སླེབས་རྗེས་དམག་མི་རྣམས་ཀྱིས་ཁོའི་བཀོད་འདོམས་ལྟར་གོས་རིང་སེར་པོ་ཞིག་ཁོའི་ལུས་སྟེང་ལ་བསྐོན་ཏེ་དམག་འགྱུར་བསླངས་ཤིང་། ཀྲོའུ་ཕྱི་མ་བསྣུབས་ཏེ་སུང་རྒྱལ་རབས་བྱང་མ་བཙུགས་པ་དང་རྒྱལ་ས་ཏུང་ཅིན་བྱས། དེ་ལ་ལོ་རྒྱུས་སུ་ཁྲེང་ཆའོ་དམག་འགྱུར་ཟེར། ཀྲའོ་ཁོང་དབྱིན་ནི་སུང་ཐའེ་ཙུའུ་ཡིན་ལ། ཁོས་ལྷོ་བྱང་གཅིག་གྱུར་གྱི་དམག་འཁྲུག་བསྟུད་མར་སྤེལ་ཏེ། རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་སིལ་བུའི་རྣམ་པ་མཇུག་སྒྲིལ། སྲིད་དབང་སྲ་བརྟན་དུ་ཡོང་ཆེད་ཀྲུང་དབྱང་དབང་ཆ་གཅིག་སྡུད་ལམ་ལུགས་ལ་ཤུགས་བསྣན་པ་དང་དམག་དོན་དུ་བྱ་ཐབས་སྣ་ཚོགས་སྤྱད་དེ་སྲུང་དམག་དམག་དཔོན་གྱི་དབང་ཆ་ཇེ་ཆུང་དང་མེད་པར་བཟོས་པ་སོགས་ས་གནས་ཀྱི་སྟོབས་ཤུགས་ཆུང་དུ་གཏོང་བ་དང་ཀྲུང་དབྱང་གི་སྟོབས་ཤུགས་ཆེ་རུ་བཏང་། ཐབས་ཇུས་དེ་དག་གིས་སྲུང་དམག་དམག་དཔོན་སོགས་ཀྱི་ངོ་ལོག་ལ་བཀག་འགོག་ཕན་ནུས་ཐོན་ཀྱང་། དམག་དཔོན་རུལ་སུངས་དང་དམག་དོན་འགྲོ་གྲོན་ཤིན་ཏུ་ཆེ་བར་གྱུར་པ་མ་ཟད། དཔུང་འཇུག་གི་ནུས་པ་ཇེ་ཞན་དུ་གྱུར། དེའི་རྗེས་བློན་ཆེན་ཧྥན་ཀྲོ་ཨན་དང་ཝང་ཨན་ཧྲི་སོགས་ཀྱིས་བཅོས་བསྒྱུར་ལ་བརྟེན་ནས་རྣམ་པ་དེ་བསྒྱུར་ཐབས་བྱེད་ཀྱང་ཕན་མ་ཐོག མཐའ་མཚམས་རྒྱལ་ཁབ་ལིའོ་དང་མི་ཉག་སོགས་ཀྱིས་འཐབ་འཁྲུག་ཁྲོད་སུང་རྒྱལ་རབས་ཕམ་པར་བརྒྱབ་ཅིང་། མི་ཉག་སོགས་ལ་ལོ་རེ་བཞིན་ལོ་དངུལ་འཇལ་བ་ལ་བརྟེན་ནས་ཞི་བདེ་བཙལ། སུང་བྱང་མའི་དུས་སྐབས་སུ་ས་ཆ་ཁག་ཅིག་ཁ་ཐོར་བཅད་བཟུང་གི་རྣམ་པ་བསྒྱུར་ཏེ་གཅིག་གྱུར་བྱས་པར་དཔལ་འབྱོར་རིག་གནས་ལ་འཕེལ་རྒྱས་ཅུང་བྱུང་བ་སྟེ། ལག་ཤེས་བཟོ་ལས་གོང་འཕེལ་སོང་བར་མ་ཟད། མེ་རྫས་དང་མེ་རྫས་མཚོན་ཆ། དཔར་བསྐྲུན་ལག་རྩལ་སོགས་གསར་གཏོད་བྱས། སུང་བྱང་མའི་དུས་མཇུག་གི་གོང་མ་ཛེ་ཙུང་དང་ཆའེ་ཙུང་སོགས་ནི་ནུས་མེད་ཁོ་ཐག་ཡིན་པས་སྤྱི་ལོ 1127 ལོར་ཅིན་གྱིས་རྒྱལ་ས་ཏུང་ཅིན་འཕྲོག་པ་དང་། གོང་མ་དང་དཔོན་པོ།3000ལྷག་བཟུང་སྟེ་སུང་བྱང་མ་བསྣུབས་པ་རེད། སུང་བྱང་མ་བསྣུབས་པའི་ལོ་དེར་ལྷོ་ཕྱོགས་སུ་བྲོས་པའི་བློན་པོ་ཁ་ཤས་ཀྱིས་ཁྭང་ཝང་ཀྲའོ་ཀོའུ་ཞེས་པ་རྒྱལ་པོར་འདམས་ཏེ་རྒྱལ་ས་ལིན་ཨན་ནས་རྒྱལ་རབས་ཤིག་བཙུགས་པ་དེར་ལོ་རྒྱུས་སུ་སུང་ལྷོ་མ་ཟེར། ཀྲའོ་ཀུའུ་ནི་སུང་ཀའོ་ཙུང་ཞེས་པ་དེ་ཡིན། སུང་ལྷོ་མ་བཙུགས་རྗེས་སུ་ཅིན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ལྷོ་ཕྱོགས་ལ་ཕར་རྒོལ་བྱས་པར་སུང་གི་དམག་དཔོན་ཡུའེ་ཧྥེ་དང་ཧན་ཧྲི་ཀྲོན་གཉིས་ཀྱིས་དམག་དཔུང་གི་སྣེ་ཁྲིད་དེ་ཅིན་དམག་ཐེངས་ཁ་ཤས་ལ་ཕྱིར་དེད་ཅིང་། ཅིན་དང་སུང་ཁ་གཏད་དུ་ལངས་པའི་རྣམ་པ་ཆགས། སྤྱི་ལོ་ 1141ལོར་སུང་ལྷོ་མ་དང་ཅིན་གཉིས་འདུམ་གྲོས་བྱུང་སྟེ། ཤར་གྱི་ཆུ་བོ་ཧོའེ་ཧྲུའེ་ནས་ནུབ་ཀྱི་ཏཱ་སན་ཀོན་བྱང་རྒྱུད་ཀྱི་ཡུལ་གྲུ་ཅིན་རྒྱལ་རབས་ཀྱི་མངའ་ཁོངས་དང་། སུང་གོང་མ་ཅིན་གྱི་བློན་པོའི་ཚུལ་བཟུང་ཞིང་། ཅིན་རྒྱལ་རབས་ལ་ལོ་རེར་ལོ་དངུལ་འཇལ་སྤྲོད་བྱ་དགོས་པ་གཏན་འཁེལ་བྱས། སུང་ལྷོ་མའི་སྐབས་སུ་གྲུ་གཟིངས་ལ་བརྟེན་ནས་ཕྱི་རྒྱལ་དང་ཉོ་ཚོང་གི་འབྲེལ་བ་བཟུང་། ཞིང་ལས་དང་ལག་ཤེས་བཟོ་ལས། ཚོང་ལས་སོགས་ཀྱང་གོང་འཕེལ་དུ་བཏང་། སྤྱི་ལོ1276ལོར་ཡོན་དམག་གིས་སུང་ལྷོ་མའི་རྒྱལ་ས་ལིན་ཨན་བཟུང་། སྤྱི་ལོ 1279ལོར་རྩ་མེད་དུ་བཏང་། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-21

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།