ནར་མ་སོན་པའི་མིའི་ལྟ་སྐྱོང་བྱེད་དབང་ཐད་རྩོད་གླེང་བྱུང་བའི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ནར་མ་སོན་པའི་མིའི་ལྟ་སྐྱོང་བྱེད་དབང་ཐད་རྩོད་གླེང་བྱུང་བའི་གྱོད་དཔེ་དང་དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སོགས་ལ་གཞི་བཅོལ་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
དམངས་ཁྲིམས་སྤྱི་སྲོལ།
ནང་གསེས།
དམངས་རྩོད་གཏུག་བཤེར།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ངོ་སྤྲོད།

འདིར་ནར་མ་སོན་པའི་མིའི་ལྟ་སྐྱོང་བྱེད་དབང་ཐད་རྩོད་གླེང་བྱུང་བའི་གྱོད་དཔེ་དང་དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སོགས་ལ་གཞི་བཅོལ་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ། 

ལོ་གསུམ་ཅན་གྱི་ལྷ་སྐྱིད་ནི་སྦྱང་གྲུང་ལྡན་པའི་བུ་མོ་ཞིག་ཡིན་ལ། མོའི་ཕ་མ་ཟུང་རླངས་འཁོར་ཆག་སྒོ་ཞིག་ལས་ཚེ་ལས་འདས། ལྷ་སྐྱིད་ཀྱི་ཨ་ཡེས་ཨ་མེས་ཚང་གི་འཚོ་བ་ཅུང་དབུལ་ཕོངས་ཡིན་རུང་བཀྲ་མི་ཤིས་པའི་དོན་རྐྱེན་འདི་བྱུང་རྗེས་ཚ་མོ་ལྷ་སྐྱིད་གསོ་སྐྱོང་བྱེད་པའི་འོས་འགན་མ་བསྐུལ་དང་བླངས་ཀྱིས་རང་ཚང་གི་ཕྲག་ཏུ་བླངས།  ལྷ་སྐྱིད་ཀྱི་སྤོ་བོ་དང་རྨོ་མོ་ནི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་གཉིས་ཡིན་པས་འཚོ་བའི་ཐད་ཅུང་འབྱོར་ཕྱུག་ལྡན་སྟབས། ལྷ་སྐྱིད་ཨ་ཡེས་ཨ་མེས་དང་མཉམ་དུ་བསྡད་ན་འཚོ་བར་དཀའ་ཁག་ཡོད་པས་མོའི་འཚར་ལོངས་ཐད་མི་ཕན་པར་འདོད། ཁོ་ཚོ་ཚང་མས་ལྷ་སྐྱིད་གསོ་སྐྱོང་བྱེད་འདོད་པས་ལྷ་སྐྱིད་ཀྱི་ལྟ་སྐྱོང་བྱེད་དབང་ཐད་རྩོད་གླེང་བྱུང་།

ས་དེ་གའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོར་ཐེངས་དུ་མར་བར་འདུམ་བྱས་ཀྱང་ངལ་མེད་དུ་གྱུར་པས་གྲོས་བྱས་རྗེས་ཁྲིམས་ལྟར་ཨ་ཡེས་ཨ་མེས་ལྷ་སྐྱིད་ཀྱི་ལྟ་སྐྱོང་པར་དམིགས་བཙུགས་བྱས། ཡིན་ཡང་ལྷ་སྐྱིད་ཀྱི་སྤོ་བོ་རྨོ་མོས་ཁོ་ཚང་གི་འཚོ་བའི་ཆ་རྐྱེན་ཨ་ཡེས་ཨ་མེས་ཚང་ལས་བཟང་སྟབས་ལྷ་སྐྱིད་ཁོ་ཚང་ནས་བསྡད་ན་མོ་རང་འཚར་ལོངས་བྱུང་བར་ཤིན་ཏུ་ཕན་ཟེར། སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་ལྷ་སྐྱིད་ཀྱི་ཨ་ཡེས་ཨ་མེས་ཚང་གི་འཚོ་བ་ཅུང་དབུལ་ཕོངས་ཡིན་རུང་ལྷ་སྐྱིད་ཆུང་དུས་ནས་ཁོ་ཚོ་དང་མཉམ་དུ་འཚོ་སྡོད་བྱས་པ་ཡིན་པས།    ཁོ་ཚོའི་བར་དུ་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད་པ་མ་ཟད་ཨ་ཡེས་ཨ་མེས་ཚང་གི་དབུལ་ཕོངས་ཀྱི་འཚོ་བས་མོ་བདེ་བླག་ངང་འཚར་ལོངས་བྱུང་བར་གནོད་པ་ཅི་ཡང་མེད། དེའི་ཕྱིར་ཨ་ཡེས་ཨ་མེས་ལྷ་སྐྱིད་ཀྱི་ལྟ་སྐྱོང་པར་དམིགས་འཛུགས་བྱས་པ་འོས་འཚམ་ཡིན་ཟེར།  

ལྷ་སྐྱིད་ཀྱི་སྤོ་བོ་རྨོ་མོ་གཉིས་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཐག་བཅད་དེར་གཏན་ནས་མ་འཐད་པས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར་མིག་སྔར་གྱི་ལྟ་སྐྱོང་བྱེད་དབང་གི་རྩོད་གླེང་འདི་གཏུག་བཤེར་བརྒྱུད་ནས་ཐག་གཅོད་བྱེད་འདོད། ཡིན་ཡང་ཁོ་ཚོས་གཏན་ནས་གཏུག་བཤེར་བྱས་མ་མྱོང་བས་གྱོད་དོན་འདིའི་རིགས་ཁྲིམས་ཁང་གང་དུ་ཞུ་གཏུག་བྱེད་དགོས་པ་མ་ཤེས་པར་ཁྲིམས་རོགས་པའི་དོན་བྱེད་ཁང་ཞིག་ཏུ་བློ་འདྲི་རུ་སོང་། འོ་ན། ལྟ་སྐྱོང་བྱེད་དབང་ལ་རྩོད་གླེང་བྱུང་ན་ཇི་ལྟར་བྱ་དགོས།

3 ཁྲིམས་བཤད།

རང་རྒྱལ《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན་བཅུ་དྲུག་པར།  ནར་མ་སོན་པའི་སྐྱེ་བོའི་ཕ་མ་ནི་དེའི་ལྟ་སྐྱོང་པ་ཡིན། ནར་མ་སོན་པའི་སྐྱེ་བོའི་ཕ་མ་ཚེ་ལས་འདས་པའམ་ཡང་ན་ལྟ་སྐྱོང་བྱེད་ནུས་མེད་ན་གཤམ་གསལ་མི་སྣའི་གྲས་ནས་ལྟ་སྐྱོང་བྱེད་ནུས་ཡོད་མཁན་གྱིས་ལྟ་སྐྱོང་བྱ་རྒྱུ།

(གཅིག)ཨ་ཡེས་ཨ་མེས་དང་སྤོ་བོ་རྨོ་མོ།

(གཉིས)གཅེན་པོ་དང་གཅེན་མོ།

( གསུམ)འབྲེལ་བ་ཟབ་པའི་གཉེན་ཚན་དང་གྲོགས་པོ་གཞན་གྱི་ནང་ནས་ལྟ་སྐྱོང་གི་འགན་འཁུར་འདོད་ཡོད་ཅིང་།  ནར་མ་སོན་པའི་སྐྱེ་བོའི་ཕ་མས་ལས་འཁྱུར་བྱེད་སའི་སྡེ་ཚན་ནམ་ཡང་ན་ནར་མ་སོན་པའི་སྐྱེ་བོའི་སྡོད་གནས་གཙོ་བོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་ཡིད་མཐུན་བྱས་པའི་མི་བཅས་ཡིན།

ལྟ་སྐྱོང་པ་བྱེད་མཁན་གྱི་སྐོར་རྩོད་པ་བྱུང་ན་ནར་མ་སོན་པའི་སྐྱེ་བོའི་ཕ་མས་ལས་འཁྱུར་བྱེད་སའི་སྡེ་ཚན་དང་། དེའི་སྡོད་གནས་གཙོ་བོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་གཉེན་ཚན་ཉེ་གྲས་ནང་ནས་ལྟ་སྐྱོང་པ་དམིགས་འཛུགས་བྱ་རྒྱུ། དམིགས་འཛུགས་བྱས་པ་བློར་མ་བབས་པར་ཞུ་སྦྱོར་བྱེད་མཁན་བྱུང་ན་མི་དམངས་ཁྲིམས་ཁང་ནས་ཁྲུན་ཐག་གཅོད་རྒྱུ།  གོང་འཁོད་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་གཏན་འབེབས་ནང་གསལ་གྱི་ལྟ་སྐྱོང་པ་མེད་ན། ནར་མ་སོན་པའི་སྐྱེ་བོའི་ཕ་མས་ལས་འཁྱུར་བྱེད་སའི་སྡེ་ཚན་ནམ་ཡང་ན་ནར་མ་སོན་པའི་སྐྱེ་བོའི་སྡོད་གནས་གཙོ་བོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡོད་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་ནས་ལྟ་སྐྱོང་པ་བྱ་རྒྱུ། ཞེས་གཏན་འབེབས་བྱས་ཡོད།  འདི་ལས་ལྷ་སྐྱིད་ཀྱི་ཨ་ཡེས་ཨ་མེས་དང་སྤོ་བོ་རྨོ་མོ་ཚང་མས་ལྟ་སྐྱོང་པའི་འགན་བླངས་ཆོག་ཅིང་ཁོ་ཚོའི་བར་ལྟ་སྐྱོང་བྱེད་རྒྱུར་རྩོད་པ་བྱུང་ན་ལྷ་སྐྱིད་ཀྱི་སྡོད་གནས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་གཉེན་ཚན་ཉེ་གྲས་ནང་ནས་ལྟ་སྐྱོང་པ་དམིགས་འཛུགས་བྱས་ཆོག གྱོད་དོན་འདིའི་ནང་དུ་ལྷ་སྐྱིད་སྡོད་གནས་ཀྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་བཏང་རྗེས་ཨ་ཡེས་ཨ་མེས་མོ་རང་གི་ལྟ་སྐྱོང་པར་དམིགས་འཛུགས་བྱས་པ་བཅའ་ཁྲིམས་ཀྱི་གོ་རིམ་དང་མཐུན། ལྷ་སྐྱིད་ཀྱི་སྤོ་བོ་རྨོ་མོས་ཁོ་ཚང་ལ་འཚོ་བའི་ཐད་འབྱོར་ཕྱུག་ལྡན་པས་ལྷ་སྐྱིད་ཁོ་ཚང་ནས་བསྡད་ན་ཁོ་མོའི་སློབ་སྦྱོང་དང་འཚར་ལོངས་འབྱུང་བར་ཕན་པ་ཆེ་བར་སྙམ་ན་གཏུག་བཤེར་བརྒྱུད་ནས་རྩོད་དོན་ཐག་གཅོད་བྱས་ཆོག

《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉ལག་ལེན་ཁྲོད་ཀྱི་གནད་དོན་འགའི་བསམ་འཆར》གྱི་དོན་ཚན་བཅུ་པར། ལྟ་སྐྱོང་པ་དམིགས་འཛུགས་བྱས་པའམ་ཡང་ན་ལྟ་སྐྱོང་གི་འབྲེལ་བ་བསྒྱུར་བར་མ་འཐད་པའི་གྱོད་དོན་དེ་ལྟ་སྐྱོང་བྱ་ཡུལ་སྡོད་གནས་ཀྱི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད།  འདི་ལས་གྱོད་དོན་འདིའི་རིགས་ལྟ་སྐྱོང་བྱ་ཡུལ་གྱི་སྡོད་གནས་གང་དུ་ཡོད་ན་ས་གནས་དེ་གའི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་དགོས་ཤིང་ཁྲིམས་ཁང་དེར་ཞུ་སྦྱོར་བྱ་དགོས་པ་ཤེས་ཐུབ། གོང་གི་གྱོད་དོན་འདི་ལྷ་སྐྱིད་སྡོད་གནས་ཀྱི་མི་དམངས་ཁྲིམས་ཁང་དུ་ཞུ་སྦྱོར་བྱེད་དགོས། དེའི་ཕྱིར་ལྟ་སྐྱོང་བྱེད་དབང་ལ་རྩོད་གླེང་བྱུང་ན་ལྟ་སྐྱོང་བྱ་ཡུལ་སྡོད་གནས་ཀྱི་མི་དམངས་ཁྲིམས་ཁང་དུ་ཞུ་སྦྱོར་བྱས་ནས་ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་གང་ལེགས་བྱ་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།