རྡོ་རྗེ་འཇིགས་བྱེད་ཀྱི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་རྗེ་འཇིགས་བྱེད་ཀྱི་ཐིག་རྩ།
འཇིགས་བྱེད་ཀྱི་ཐིག་འདེབས་ཚུལ་ནི་མ་གཞི་ཕྱག་ན་རྡོ་རྗེ་དང་མཐུན་རུང་འགའ་ཞིག་ཐད་ཅུང་ཟད་མི་འདྲ་བས་འདིར་ཟུར་དུ་འཆད་པར་བྱ་སྟེ། དང་པོ་ཚངས་ཐིག་དང་འགོ་ཐིག་བཏབ་པ། དེ་ནས་སྲིད་ཐིག་བཅུ་དང་འཕྲེད་ཐིག་བཅོ་བརྒྱད་དོ།།
གཞི་རྩའི་གནས་ཚུལ།

མིང་།
རྡོ་རྗེ་འཇིགས་བྱེད་ཀྱི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

འཇིགས་བྱེད་ཀྱི་ཐིག་འདེབས་ཚུལ་ནི་མ་གཞི་ཕྱག་ན་རྡོ་རྗེ་དང་མཐུན་རུང་འགའ་ཞིག་ཐད་ཅུང་ཟད་མི་འདྲ་བས་འདིར་ཟུར་དུ་འཆད་པར་བྱ་སྟེ། དང་པོ་ཚངས་ཐིག་དང་འགོ་ཐིག་བཏབ་པ། དེ་ནས་ཚངས་ཐིག་གི་གཡས་སུ་རིམ་བཞིན་ཞལ་གང་དང་སོར་དྲུག ཡང་སོར་དྲུག་དང་ཞལ་གང་། ཚངས་ཐིག་གི་གཡོན་དུ་རིམ་བཞིན་ཞལ་གང་དང་སོར་དྲུག ཡང་སོར་དྲུག་དང་ཞལ་གང་བསྡོམས་པས་སྲིད་ཐིག་བཅུའོ།། འགོ་ཐིག་ནས་འཇམ་དབྱངས་ཀྱི་ནོར་ཏོག་དང་སྐྲ་དཔངས་ལ་སོར་དྲུག འཇམ་དབྱངས་ཀྱི་ཞལ་ཚད་སོར་དྲུག སྲིན་ཞལ་གྱི་སྐྲ་དཔངས་ལ་སོར་དོ། སྲིན་ཞལ་གྱི་ཞལ་ཚད་ལ་སོར་བཅུ་དང་མགྲིན་པ་སོར་དོ། རྩ་ཞལ་གྱི་སྐྲ་དཔངས་སོར་བཞི་དང་རྩ་ཞལ་གྱི་ཞལ་ཚད་སོར་བཅུ་གཉིས། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་ཚད་གང་། ལྟེ་བ་ཞལ་ཚད་གང་། གསང་གནས་ཞལ་ཚད་གང་། པུས་མོ་སོར་བཞི་དང་རྗེ་ངར་ཞལ་ཚད་གང་། ཞབས་དཔངས་སོར་བཞི་དང་ཞབས་གནོན་ཞལ་ཚད་གང་། ཉི་གདན་སོར་གསུམ། པད་གདན་ཞལ་ཚད་གང་སྟེ་བསྡོམས་པས་འཕྲེད་ཐིག་བཅོ་བརྒྱད་དོ།། ཚངས་ཐིག་དང་རྩ་ཞལ་གྱི་སྐྲ་མཚམས་འཕྲད་ས་ནས་ཐུགས་དབུས་ཀྱི་ཚངས་ཐིག་ནས་གཡས་སུ་སོར་དྲུག་གཞལ་སའི་བར་བཏབ་པས་མགྲིན་པའི་འགྱིང་ཐིག་རྟོགས། ཐུགས་དབུས་ཀྱི་ཚངས་ཐིག་ནས་གཡས་སུ་སོར་དྲུག་གཞལ་ས་ནས་ཚངས་ཐིག་དང་ལྟེ་ཐིག་འཕྲད་སའི་བར་བཏབ་པས་ལྟེ་བའི་འགྱིང་རྟོགས། ཀོས་ཀོའི་ཐིག་དང་གཡས་གཡོན་གྱི་ཐིག་གསུམ་པ་འཕྲད་ས་ནས་ཞབས་མཐིལ་ཐིག་དང་ཚངས་ཐིག་འཕྲད་སའི་བར་གཡས་གཡོན་གཉིས་ཀར་བཏབ་པས་གྲུ་གསུམ་རྩེ་ཐུར་བསྟན་གྱིས་ཐུགས་ཀའི་ཞེང་དང་གསུས་ཁྱིམ་གྱི་ཞེང་རྟོགས། གཡས་ཀྱི་ཐིག་གཉིས་པ་དང་ལྟེ་ཐིག་འཕྲད་ས་ནས་གཡས་ཀྱི་ཐིག་གསུམ་པ་དང་གསང་གནས་ཀྱི་ཐིག་འཕྲད་མཚམས་བར་བཏབ་པས་ཞབས་གཡས་སྐུམ་པའི་བརླ་རིས་རྟོགས། གཡས་ཀྱི་ཐིག་གསུམ་པ་དང་པུས་ཐིག་འཕྲད་ས་ནས་གཡས་ཐིག་གཉིས་པ་དང་རྗེ་ངར་འཕྲད་མཚམས་བར་བཏབ་པས་ཞབས་གཡས་སྐུམ་པའི་རྗེ་ངར་གྱི་རི་མོ་རྟོགས། གཡོན་ཐིག་དང་པོ་དང་ཐུགས་ཀའི་ཐིག་འཕྲད་ས་ནས་གཡོན་ཐིག་བཞི་པ་དང་ཞབས་ཐིག་འཕྲད་མཚམས་བར་བཏབ་པས་ཞབས་གཡོན་བརྐྱངས་པའི་དཔྱི་མགོ་དང་རྗེ་ངར་གྱི་རི་མོ་རྟོགས། རྩ་བའི་ཞབས་དེ་ལས་ཞབས་ལྷག་མ་རྣམས་ཕྱི་ཐིག་ནས་རིམ་པར་འབྲིའོ།། གཡས་ཀྱི་ཐིག་གཉིས་པ་དང་མཆན་རྩེ་འཕྲད་མཚམས་ནས་སྒོར་ཐིག་གི་རྩ་བ་བཟུང་སྟེ་སོར་བཅུ་གཉིས་བསྐོར་བས་གཡས་ཀྱི་གྲུ་མོ་དང་ཡང་སོར་བཅུ་གཉིས་བསྐོར་བས་མཁྲིག་མ། དེ་ནས་ཡང་སོར་བརྒྱད་བསྐོར་བས་ཕྱག་མགོ་སྟེ་ཕྱག་གཡས་འབྱུང་ལ། ཚངས་ཐིག་ནས་གཡོན་དུ་སོར་དྲུག་གཞལ་ཏེ་མཆན་རྩེ་འཕྲད་མཚམས་ནས་སྒོར་ཐིག་གི་རྩ་བ་བཟུང་སྟེ་སོར་བཅོ་ལྔས་བསྐོར་བས་གྲུ་མོ་དང་། ཡང་སོར་བཅུ་གཉིས་ཀྱིས་བསྐོར་བས་མཁྲིག་མ། དེ་ནས་ཡང་སོར་མོ་བརྒྱད་བསྐོར་བས་ཕྱག་མགོ་སྟེ་ཕྱག་གཡོན་འབྱུང་ངོ་།། ཞལ་ཐིག་ནི་ཞལ་གསུམ་གའི་ཐོད་དཔངས་དང་འགྱིང་ཐིག་འཕྲད་མཚམས་སུ་དཔྲལ་ཐིག ཀོས་ཀོ་དང་འགྱིང་ཐིག་འཕྲད་མཚམས་སུ་ཀོས་ཀོའི་ཐིག་དེ་འགྱིང་ཐིག་གི་ཐིག་ལམ་ལྟར་གསེག་ཁ་བྱས། དེའི་དང་པོ་འཇམ་དཔལ་གྱི་ཞལ་གྱི་ཡས་མས་ལ་སྲིད་སོར་དྲུག སྲིན་ཞལ་གྱི་ཡས་མས་ལ་སོར་བརྒྱད། རྩ་ཞལ་གྱི་ཡས་མས་ལ་སོར་བཅུ་གཉིས། དེ་རྣམས་འགྲམ་ཐིག་གིས་སྦྲེལ་བས་ཞལ་ཁྱིམ་གསུམ་འབྱུང་ངོ་།། སྟེང་མའི་གཡས་གཡོན་སོར་གང་ན་སྙན་ཐིག་སྲིན་ཞལ་ལ་སོར་ཕྱེད་གཉིས་ན་སྙན་ཐིག རྩ་ཞལ་གྱི་འགྲམ་ན་སོར་དོ་ལ་སྙན་ཐིག་དེའི་གཡས་ན་རིམ་བཞིན་སོར་བཞི་དང་སོར་དོ། ཡང་སོར་དོ་བཅས་གཡས་ཞལ་གསུམ་དང་། གཡོན་ན་རིམ་བཞིན་སོར་གསུམ་དང་སོར་དོ། ཡང་སོར་དོ་བཅས་གཡོན་ཞལ་གསུམ་འབྱུང་། འདི་རྣམས་རྩ་ཞལ་གྱི་འགྲམ་པ་དང་དཔངས་འདྲའོ།།

2 ཚིགས་སུ་བཅད་ནས་བཤད་པ།

རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཐིག་འདེབས་ནི། །

མ་གཞི་ཕྱག་རྡོར་ཐིག་དང་མཐུན་ན་ཡང་། །

དབུ་ཕྱག་རྣམས་ཀྱི་ཐིག་འདེབས་མི་འདྲ་སྟབས། །

ཟུར་དུ་འཆད་པར་བྱ་བ་འདི་ལྟ་སྟེ། །

དང་པོ་ཚངས་ཐིག་དང་ནི་འགོ་ཐིག་བཏབ།  །

དེ་ནས་ཚངས་ཐིག་གཡས་སུ་རིམ་བཞིན་དུ། །

ཞལ་གང་སོར་དྲུག་སླར་ཡང་སོར་མོ་དྲུག  །

སླར་ཡང་སོར་མོ་བཅུ་གཉིས་འདེབས་པར་བྱ།  །

ཚངས་པའི་ཐིག་གི་གཡོན་དུ་རིམ་བཞིན་དུ།  །

ཞལ་གང་སོར་དྲུག་ཡང་དུ་སོར་མོ་དྲུག  །

སླར་ཡང་ཞལ་གང་བསྡོམས་པས་གྱེན་ཐིག་དགུ།

འགོ་ཐིག་ནས་བཟུང་འཇམ་དཔལ་གཞོན་ནུ་ཡི།  །

ནོར་བུའི་ཏོག་དང་སྐྲ་དཔངས་སོར་མོ་དྲུག  །

ཞལ་ཚད་སོར་དྲུག་སྲིན་ཞལ་སྐྲ་དཔངས་ལ།  །

སོར་དོ་ཞལ་ཚད་སོར་བཅུ་མགྲིན་སོར་དོ།  །

རྩ་ཞལ་སྐྲ་དཔངས་སོར་བཞི་རྩ་ཞལ་གྱི།  །

ཞལ་ཚད་ཐལ་མོ་གང་དང་མགྲིན་སོར་བཞི། །

ཐུགས་ཀ་ཞལ་གང་ལྟེ་བ་ཞལ་ཚད་གང་།  །

གསང་གནས་ཞལ་གང་པུས་མོ་སོར་མོ་བཞི།  །

རྗེ་ངར་ཞལ་གང་ཞབས་དཔངས་སོར་མོ་བཞི།  །

ཞབས་གནོན་ཞལ་གང་ཉི་གདན་སོར་མོ་གསུམ།  །

པད་གདན་ཞལ་གང་བསྡོམས་འཕྲེད་ཐིག་བཅོ་བརྒྱད།  །

ཚངས་པའི་ཐིག་དང་སྐྲ་མཚམས་འཕྲད་ས་ནས།  །

ཐུགས་དབུས་ཚངས་ཐིག་གཡས་སུ་སོར་དྲུག་གཞལ།  །

དེ་བར་བཏབ་པས་མགྲིན་གྱི་འགྱིང་ཐིག་རྟོགས།  །

ཐུགས་དབུས་ཚངས་པའི་ཐིག་ནས་གཡས་སུ་ན།  །

སོར་དྲུག་གཞལ་བའི་མཚམས་ནས་ལྟེ་ཐིག་དང་། །

ཚངས་ཐིག་འཕྲད་སར་བཏབ་པས་ལྟེ་འགྱིང་རྟོགས།  །

ཀོས་ཀོའི་ཐིག་དང་ཐིག་རྐང་གསུམ་འཕྲད་ནས།  །

ཞབས་མཐིལ་ཐིག་དང་ཚངས་ཐིག་འཕྲད་ས་བར། །

གཡས་གཡོན་གཉིས་ཀར་བཏབ་པས་གྲུ་གསུམ་གྱི། །

རྩེ་མོ་ཐུར་བསྟན་ཐུགས་ཞེང་གསུས་ཞེང་རྟོགས། །

ལྟེ་བའི་ཐིག་དང་གཡས་ཐིག་གཉིས་པ་སྟེ། །

འཕྲད་པའི་མཚམས་ནས་གཡས་ཐིག་གསུམ་པ་དང་།  །

གསང་གནས་ཐིག་འཕྲད་མཚམས་ནས་བཏབ་པ་ཡིས།  །

ཞབས་གཡས་སྐུམ་པའི་བརླ་ཡི་རི་མོ་རྟོགས། །

པུས་མོའི་ཐིག་དང་གཡས་ཐིག་གསུམ་པ་ཡི།  །

འཕྲད་པའི་མཚམས་ནས་གཡས་ཐིག་གཉིས་པ་དང་།

རྗེ་ངར་ཐིག་འཕྲད་མཚམས་བར་བཏབ་པས་ན། །

ཞབས་གཡས་སྐུམ་པའི་རྗེ་ངར་རི་མོ་རྟོགས། །

ཐུགས་ཀའི་ཐིག་དང་གཡོན་གྱི་ཐིག་དང་པོ། །

འཕྲད་སའི་མཚམས་ནས་གཡོན་ཐིག་བཞི་པ་དང་། །

ཞབས་ཐིག་འཕྲད་མཚམས་བར་དུ་བཏབ་པས་ན། །

ཞབས་གཡོན་བརྐྱངས་པའི་ཕྱི་ཐིག་རི་མོ་རྟོགས། །

གཡས་ཀྱི་ཐིག་གཉིས་པ་དང་མཆན་རྩེ་གཉིས། །

འཕྲད་པའི་མཚམས་ནས་སྒོར་ཐིག་རྩ་བ་བཟུང་།  །

ཞལ་གང་བསྐོར་བས་ཕྱག་གཡས་གྲུ་མོ་དང་།  །

སླར་ཡང་བཅུ་གཉིས་བསྐོར་བས་མཁྲིག་མ་འབྱུང་།  །

ཡང་སོར་བརྒྱད་ཀྱིས་བསྐོར་བས་ཕྱག་མགོ་སྟེ། །

ཕྱག་གཡས་རིང་ཐུང་འགྲོ་ཚོད་རྟོགས་པར་གྱུར།

ཚངས་པའི་ཐིག་ནས་གཡོན་དུ་སོར་དྲུག་གཞལ།  །

དེ་དང་མཆན་རྩེ་འཕྲད་མཚམས་སྒོར་ཐིག་གི། 

རྩ་བ་བཟུང་སྟེ་སོར་མོ་བཅོ་ལྔ་ཡིས།  །

བསྐོར་བས་གྲུ་མོ་འབྱུང་ཞིང་དེ་ཐོག་ཏུ། །

ཡང་སོར་བཅུ་གཉིས་བསྐོར་ན་མཁྲིག་མ་འབྱུང་། །

སླར་ཡང་སོར་མོ་བརྒྱད་ཀྱིས་བསྐོར་བས་ན། །

ཕྱག་མགོའི་ཚད་ཤེས་ཕྱག་གཡོན་འགྲོ་ཚོད་རྟོགས། །

ཞལ་ཁྱིམ་བརྩེག་མའི་ཐོད་དཔངས་འགྱིང་ཐིག་གཉིས། །

འཕྲད་པའི་མཚམས་སུ་དཔྲལ་ཐིག་འདེབས་དགོས་སོ། །

དང་པོ་འཇམ་དཔལ་ཞལ་ཚད་སོར་མོ་དྲུག །

སྲིན་ཞལ་ཞལ་ཚད་སོར་མོ་བརྒྱད་ཡིན་ཏེ།  །

རྩ་ཞལ་ཞལ་ཚད་སོར་མོ་བཅུ་གཉིས་སོ།  །

སྟེང་ཞལ་འཇམ་དབྱངས་སྙན་ཞེང་སོར་མོ་གང་།  །

དེ་འོག་སྲིན་ཞལ་སྙན་ཐིག་སོར་ཕྱེད་དོ། ། 

རྩ་ཞལ་སྙན་ཞེང་སོར་དོ་འདེབས་པར་བྱ།  །

དེ་ཡི་གཡས་ནས་རིམ་བཞིན་སོར་བཞི་དང་།  །

སོར་དོ་སྐྱར་དུ་སོར་དོ་འདེབས་པ་ཡིས།  །

གཡས་ཞལ་གསུམ་པོའི་ཞལ་ཚད་རྟོགས་པ་ཡིན། 

གཡོན་ན་རིམ་བཞིན་སོར་གསུམ་སོར་མོ་དོ།  །

ཡང་དུ་སོར་དོ་གཡོན་ཞལ་གསུམ་པོ་རྟོགས། །

འདི་རྣམས་རྩ་བའི་ཞལ་གྱི་དཔངས་ངང་མཚངས། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།