བདེ་མཆོག་དང་ཀྱཻ་རྡོར།དུས་འཁོར་སོགས་ཀྱི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེ་མཆོག་དང་ཀྱཻ་རྡོར།དུས་འཁོར་སོགས་ཀྱི་ཐིག་རྩ།
བདེ་མཆོག་དང་ཀྱཻ་རྡོར། དུས་འཁོར་སོགས་ཀྱི་ཐིག་དང་ཆ་ཚད་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་མོ་བརྒྱད་དང་ཡང་སོར་བཞི། དེ་ནས་ཞལ་ཚད་གང་རེ་ཐིག་རེ་བཏབ་ནས་ཞལ་ཚད་གསུམ། ཚངས་པའི་ཐིག་གི་གཡོན་དུ་ཞལ་ཚད་གང་། སོར་བཞི། ཡང་སོར་བརྒྱད། དེ་ནས་ཞལ་ཚད་གང་རེ་ཐིག་རེ་བཏབ་ནས་ཞལ་ཚད་དོ། བསྡོམས་པས་དཀྱུས་ཐིག་བཅུ་གཅིག་གོ། འགོ་ཐིག་ནས་སྲིད་དུ་ནོར་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཅུ། སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་ཀོས་ཀོ་བར་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་གང་། ལྟེ་བ་ཞལ་གང་། སྟ་ཟུར་སོར་བཞི། གསང་གནས་སོར་བརྒྱད། དཔྱི་མགོ་སོར་བཞི། བརླ་ཞལ་གང་། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བཅུ་དྲུག་གོ།
གཞི་རྩའི་གནས་ཚུལ།

མིང་།
བདེ་མཆོག་དང་ཀྱཻ་རྡོར། དུས་འཁོར་སོགས་ཀྱི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

བདེ་མཆོག་དང་ཀྱཻ་རྡོར། དུས་འཁོར་སོགས་ཀྱི་ཐིག་དང་ཆ་ཚད་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་ཐིག་གི་གཡས་སུ་སོར་མོ་བརྒྱད་དང་ཡང་སོར་བཞི། དེ་ནས་ཞལ་ཚད་གང་རེ་ཐིག་རེ་བཏབ་ནས་ཞལ་ཚད་གསུམ། ཚངས་པའི་ཐིག་གི་གཡོན་དུ་ཞལ་ཚད་གང་། སོར་བཞི། ཡང་སོར་བརྒྱད། དེ་ནས་ཞལ་ཚད་གང་རེ་ཐིག་རེ་བཏབ་ནས་ཞལ་ཚད་དོ། བསྡོམས་པས་དཀྱུས་ཐིག་བཅུ་གཅིག་གོ། འགོ་ཐིག་ནས་སྲིད་དུ་ནོར་ཏོག་ལ་སོར་དོ། གཙུག་ཏོར་ལ་སོར་བཅུ། སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་ཀོས་ཀོ་བར་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་གང་། ལྟེ་བ་ཞལ་གང་། སྟ་ཟུར་སོར་བཞི། གསང་གནས་སོར་བརྒྱད། དཔྱི་མགོ་སོར་བཞི། བརླ་ཞལ་གང་། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བཅུ་དྲུག་གོ། ཐུགས་དབུས་ཚངས་ཐིག་ནས་གཡོན་དུ་སོར་བཞི་གཞལ་ས་ནས་སྐྲ་མཚམས་དང་ཚངས་ཐིག་འཕྲད་ས་བར་བཏབ་པས་མགྲིན་པའི་འགྱིང་རྟོགས། ཐུགས་དབུས་འགྱིང་རྟགས་ནས་སྲིད་དུ་ལྟེ་ཐིག་དང་ཚངས་ཐིག་འཕྲད་ས་བར་བཏབ་པས་སྐེད་པའི་འགྱིང་རྟོགས། ཚངས་ཐིག་ནས་གཡས་སུ་ཐིག་ཨང་གཉིས་པ་དང་སྟ་ཟུར་གཉིས་འཕྲད་ས་ནས་ཚངས་ཐིག་གཡས་ཀྱི་ཐིག་ཨང་བཞི་པ་དང་རྗེ་ངར་གྱི་འགོ་ཐིག་འཕྲད་ས་ནས་གཡས་སུ་སོར་བཞི་གཞལ་ས་བར་བཏབ་པས་ཞབས་གཡས་བརྐྱངས་པའི་འགྲོ་ཚོད་རྟོགས། ཚངས་ཐིག་ནས་གཡོན་གྱི་ཐིག་ཨང་དང་པོ་དང་སྟ་ཟུར་ཐིག་འཕྲད་ས་ནས་ཐིག་ཨང་གསུམ་པ་དང་བརླ་ཐིག་འཕྲད་ས་བར་བཏབ་པས་ཞབས་གཡོན་བསྐུམ་པའི་བརླ་རིས་རྟོགས། ཚངས་ཐིག་ནས་གཡོན་གྱི་ཐིག་ཨང་གསུམ་པ་དང་པུས་ཐིག་འཕྲད་ས་ནས་གཡོན་གྱི་ཐིག་ཨང་གཉིས་པ་དང་རྗེ་ངར་གྱི་འོག་ཐིག་འཕྲད་ས་བར་བཏབ་པས་ཞབས་གཡོན་ནང་དུ་གུག་པའི་རྗེ་ངར་གྱི་རི་མོ་རྟོགས་སོ།།

2 ཚིགས་སུ་བཅད་ནས་བཤད་པ།

བདེ་མཆོག་ཀྱཻ་རྡོར་དུས་འཁོར་ལ་སོགས་པའི། །

སྐུ་གཟུགས་ཆ་ཚད་སངས་རྒྱས་རྣམས་དང་མཚུངས།  །

འགྱིང་ལ་རོལ་བས་ཆ་ཚད་འདི་ལྟ་སྟེ། །

ཐོག་མར་ཚངས་པའི་ཐིག་དང་འགོ་ཐིག་བཏབ། །

དེ་ནས་ཚངས་ཐིག་གཡས་སུ་སོར་མོ་བརྒྱད།  །

སླར་ཡང་སོར་བཞི་ཡང་དུ་ཞལ་ཚད་གསུམ། །

ཞལ་ཚད་རེ་རེར་ཐིག་རྐང་རེ་རེའོ།  །

ཚངས་པའི་ཐིག་གི་གཡོན་དུ་ཞལ་ཚད་གང་།  །

སླར་ཡང་སོར་བཞི་སོར་བརྒྱད་ཞལ་ཚད་དོ།  །

བསྡོམས་པས་དཀྱུས་ཐིག་བཅུ་གཅིག་གདབ་པར་བྱ།  །

འགོ་ཡི་ཐིག་ནས་སྲིད་དུ་ནོར་ཏོག་ལ། །

སོར་དོ་གཙུག་ཏོར་དཔངས་ལ་སོར་མོ་བཅུ། །

སྐྲ་དཔངས་སོར་མོ་བཞི་དང་སྐྲ་མཚམས་ནས། །

ཀོས་ཀོའི་བར་དུ་སོར་མོ་བཅུ་གཉིས་སོ།  །

མགྲིན་པར་སོར་བཞི་ཐུགས་ཀ་ཞལ་ཚད་གང་།  །

ལྟེ་བ་ཞལ་གང་སྟ་ཟུར་སོར་མོ་བཞི། །

གསང་གནས་སོར་བརྒྱད་དཔྱི་མགོ་སོར་མོ་བཞི། །

བརླ་ལ་ཞལ་གང་པུས་མོ་སོར་མོ་བཞི།  །

རྗེ་ངར་ཞལ་དོ་ཞབས་དཔངས་སོར་མོ་བཞི། །

བསྡོམས་པས་འཕྲེད་ཐིག་བཅུ་དྲུག་གདབ་པར་བྱ། །

ཐུགས་དབུས་ཚངས་པའི་ཐིག་ནས་གཡོན་ངོས་སུ། །

སོར་བཞི་གཞལ་ནས་སྐྲ་མཚམས་ཚངས་ཐིག་གཉིས། །

འཕྲད་སའི་བར་དུ་བཏབ་པས་མགྲིན་འགྱིང་རྟོགས། །

ཐུགས་དབུས་འགྱིང་གི་རྟགས་ནས་ཐུར་དུ་ན། །

ལྟེ་ཐིག་ཚངས་ཐིག་འཕྲད་པར་བཏབ་པ་ཡིས། །

སྐེད་པའི་འགྱིང་རྟོགས་ཚངས་ཐིག་གཡས་ངོས་སུ། །

ཐིག་ཨང་གཉིས་པ་སྟ་ཟུར་ཐིག་འཕྲད་ནས།  །

ཚངས་ཐིག་གཡས་ཀྱི་ཐིག་ཨང་བཞི་པ་དང་།  །

རྗེ་ངར་འོག་ཐིག་འཕྲད་མཚམས་གཡས་སུ་ན། །

སོར་བཞི་གཞལ་བའི་མཚམས་བར་བཏབ་པ་ཡིས།  །

ཞབས་གཡས་བརྐྱངས་བའི་འགྲོ་ཚོད་རྟོགས་པར་གྱུར།  །

ཚངས་ཐིག་གཡོན་གྱི་ཐིག་ཨང་དང་པོ་དང་།  །

སྟ་ཟུར་ཐིག་འཕྲད་མཚམས་ནས་ཚངས་ཐིག་གི།  །

གཡོན་གྱི་ཐིག་ཨང་གསུམ་དང་བརླ་ཐིག་གི།  །

འཕྲད་མཚམས་བར་དུ་བཏབ་པས་ཞབས་གཡོན་གྱི།  །

བསྐུམས་པའི་བརླ་རིས་འགྲོ་ཚོད་རྟོགས་པར་གྱུར།  །

ཚངས་ཐིག་གཡོན་གྱི་ཐིག་ཨང་གཉིས་པ་དང་།  །

པུས་ཐིག་འཕྲད་པའི་མཚམས་ནས་རྗེ་ངར་གྱི། །

འོག་ཐིག་འཕྲད་ས་བར་དུ་བཏབ་པས་ན། །

ཞབས་གཡོན་ནང་དུ་གུག་པའི་རྗེ་ངར་རྟོགས། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།