ཕ་མས་ནར་མ་སོན་པའི་རང་གི་བུ་བུ་མོའི་རྒྱུ་ནོར་ལ་གྱོང་གུད་བཟོས་ཚེ་སྐྱིན་ཚབ་འཇལ་དགོས་མིན་གྱི་གྱོད་དཔེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཕ་མས་ནར་མ་སོན་པའི་རང་གི་བུ་བུ་མོའི་རྒྱུ་ནོར་ལ་གྱོང་གུད་བཟོས་ཚེ་སྐྱིན་ཚབ་འཇལ་དགོས་མིན་གྱི་གྱོད་དཔེ་དང་དམངས་ཁྲིམས་སྤྱི་སྲོལ་སོགས་གཞིར་བཟུང་སྟེ་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བཅའ་ཁྲིམས།
ནང་གསེས།
གཉེན་སྒྲིག་བཅའ་ཁྲིམས།
ཐབས་ལམ།
གྱོད་དཔེ་དབྱེ་ཞིབ།
1 ​ངོ་སྤྲོད།

འདིར་ཕ་མས་ནར་མ་སོན་པའི་རང་གི་བུ་བུ་མོའི་རྒྱུ་ནོར་ལ་གྱོང་གུད་བཟོས་ཚེ་སྐྱིན་ཚབ་འཇལ་དགོས་མིན་གྱི་གྱོད་དཔེ་དང་དམངས་ཁྲིམས་སྤྱི་སྲོལ་སོགས་གཞིར་བཟུང་སྟེ་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

རྡོ་བྷ་ནི་དམའ་གཉིས་ཀྱི་སློབ་མ་ཞིག་ཡིན་ལ།  ཁོ་རང་ཆུང་དུས་ནས་རི་མོ་འབྲི་བར་ཧ་ཅང་དགའ་བས་ནམ་རྒྱུན་དབྱར་གནང་དང་དགུན་གནང་གི་སྐབས་སུའང་ཁྱིམ་དུ་འཛུལ་ནས་རི་མོ་སྣ་ཚོགས་འབྲི་བར་བྱེད།     ད་ལོའི་ལོ་སར་གྱི་སྔོན་ཏག་ཏག་ལའང་ཁོས་སྒྲོལ་མ་སྔོན་པོའི་ཐང་ག་ཞིག་བྲིས་ནས་འགྲུབ་སོང་བས། ཁོས་རང་གི་སྒོར་མོས་དེ་ལ་ཤེལ་གྱི་སྒྲོམ་བུ་སྤུས་ལེགས་ཤིག་ཉོས་ཏེ་ཁྱིམ་གྱི་ཕུགས་ཤིག་ཏུ་ཉར་ཡོད། མ་གཞི་ཁོས་རང་གི་འབད་བརྩོན་ལས་འཐོབ་པའི་འབྲས་བུ་འདི་རང་ལ་དྲིན་ཆེ་བའི་འཛིན་བདག་ལ་ད་ལོའི་ལོ་སར་གྱི་ལེགས་སྐྱེས་སུ་འབུལ་བར་འདོད་ཡོད། ཁོའི་ཨ་ཕ་ནི་རྒྱུན་དུ་ཆང་འཐུང་བར་དགའ་བ་མ་ཟད། ཆང་གིས་བཟི་ནས་ཁྱིམ་ལ་ལོག་ཐེངས་རེར་གདོན་གྱིས་བརླམས་པ་བཞིན་ཆུང་མ་དང་བྱིས་པ་རྣམས་སྒོར་བདའ་བར་མ་ཟད། མཚམས་རེར་ཁྱིམ་སྣོད་ཅ་ལག་རྣམས་ཀྱང་གང་འདོད་དུ་གཅོག་ངེས་ཡིན།  ཏག་ཏག་ལོ་སར་ཚེས་ལྔའི་ཉིན་ཡང་ཁོ་རང་ཆང་གིས་བཟི་ནས་ཁྱིམ་དུ་ཐོན་བྱུང་། སྟབས་ལེགས་པ་ཞིག་ལ་ལོ་སར་གྱི་སྐབས་ཡིན་པས་ཁོས་ཆུང་མ་དང་བྱིས་པ་ཚོ་སྒོར་མ་བདའ་ཡང་།  ཁྱིམ་གྱི་སྣོད་ཅ་ལག་འགའ་རྐང་བས་བརྒྱབ་སྟེ་བཅག་པ་ལ། སྟབས་མ་ལེགས་པར་རྡོ་བྷས་ཉིན་དུ་མར་རང་གི་འཛིན་བདག་ལ་ལེགས་སྐྱེས་སུ་འབུལ་འདོད་པའི་ཐང་ག་ཤེལ་སྒྲོམ་མ་དེའང་རྐང་བས་བརྒྱབ་སྟེ་ཧྲུག་ཧྲུག་ཏུ་བཏང་བྱུང་བས། རྡོ་བྷའི་སྙིང་ལ་གྲིས་བསྣུན་པ་ལྟར་ཁོང་ཁྲོའི་ན་ཟུག་འབར་ཏེ།     ཨ་ཕ་ལ་རང་གི་ཐང་ག་དེའི་སྐྱིན་ཚབ་མྱུར་དུ་འཇལ་དགོས་པའི་རེ་བ་བཏོན་པར་མ་ཟད། ཁོའི་རེ་བ་ལྟར་མ་བསྒྲུབ་ན་ཨ་ཕ་ཁྲིམས་ཁང་ལ་གཏུག་རྒྱུའི་འཇིགས་སྐུལ་བ་རེད། དོན་ངོ་མས་ཨ་ཕས་རང་གི་བུ་རྡོ་བྷ་ལ་སྐྱིན་ཚབ་འཇལ་དགོས་སམ། 

3 ཁྲིམས་བཤད།

གྱོད་དོན་འདི་ནི་ནར་མ་སོན་པའི་སྐྱེ་བོའི་རྒྱུ་རྫས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་ཞིག་སྟེ།  རྒྱལ་ཁྲིམས་ལྟར་ན་རྡོ་བྷས་རང་གི་ཨ་ཕར་དངོས་པོ་དེའི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པར་མ་ཟད།   ཨ་ཕས་ཀྱང་ངེས་པར་སྐྱིན་ཚབ་འཇལ་དགོས་ཏེ། 《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན་བཅོ་བརྒྱད་པའི་གཏན་ཁེལ་ལྟར་ན། ལྟ་སྐྱོང་བས་རང་གི་ལྟ་སྐྱོང་བྱ་ཡུལ་གྱི་བྱིས་པའི་ལུས་ཁམས་དང་རྒྱུ་རྫས།     དེ་བཞིན་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོབ་ཁག་ཐེག་བྱེད་དགོས་པར་མ་ཟད། ལྟ་སྐྱོང་བྱ་ཡུལ་གྱི་བྱིས་པའི་ཁེ་ཕན་གྱི་ཆེད་དུ་མ་གཏོགས་གང་འདོད་དུ་བྱིས་པའི་རྒྱུ་རྫས་རྣམས་ཉམས་དམས་སུ་བཏང་མི་ཆོག་པ་རེད། མི་གཞན་པས་ནར་མ་སོན་པའི་སྐྱེ་བོའི་རྒྱུ་རྫས་ཉམས་ཆག་ཏུ་བཏང་ཚེ་ཁྲིམས་ལྟར་སྐྱིན་ཚབ་འཇལ་དགོས་པ་ནི་སྨོས་མ་དགོས་ལ། ཐ་ན་ཕ་མས་རང་གི་ནར་མ་སོན་པའི་སྐྱེ་བོའི་རྒྱུ་རྫས་ལ་གཏོར་བརླག་བཏང་ནའང་ངེས་པར་དུ་སྐྱིན་ཚབ་འཇལ་དགོས་ཏེ། རྒྱུ་མཚན་ཕ་མ་ནི་རང་གི་ནར་མ་སོན་པའི་སྐྱེ་བོ་དག་གི་ལྟ་སྐྱོང་མཁན་ཡིན་པས། བྱིས་པའི་རྒྱུ་རྫས་ལ་དོ་དམ་བདག་གཉེར་བྱེད་པའི་འགན་འཁྲི་དང་དབང་ཆ་ཡོད་པ་ལས།      གང་འདོད་དུ་བྱིས་པའི་རྒྱུ་རྫས་བཀོལ་སྤྱོད་དང་ཉམས་དམས་སུ་གཏོང་བའི་དབང་ཆ་ནི་ཡེ་ནས་མེད། འདི་ལའང་རིགས་གཉིས་ཡོད་དེ།  གཅིག་ནི་གལ་ཏེ་ཕ་མའམ་ལྟ་སྐྱོང་མཁན་གང་ཞིག་གིས་སྟབས་མ་ལེགས་པར་ནར་མ་སོན་པའི་སྐྱེ་བོའི་རྒྱུ་རྫས་ལ་གཏོར་བརླག་བཟོས་ཚེ་དེ་ལ་སྐྱིན་ཚབ་འཇལ་བས་ཆོག་ལ།  ཅིག་ཤོས་ནི་གལ་ཏེ་ཕ་མའམ་ལྟ་སྐྱོང་མཁན་གང་ཞིག་གིས་བསམ་གཟས་ནས་ནར་མ་སོན་པའི་སྐྱེ་བོའི་རྒྱུ་རྫས་ལ་གཏོར་བརླག་བཟོས་ཚེ་དེ་ལ་སྐྱིན་ཚབ་འཇལ་བ་ཁོ་ནས་ནས་མི་ཆོག་པར་ད་དུང་བྱིས་པ་དེར་ལྟ་སྐྱོང་བྱེད་པའི་ཐོབ་ཐང་ཡོད་པའི་མི་གཞན་དག་གིས་ཁྲིམས་ལུགས་བརྒྱུད་ནས་གཏོར་བརླག་བཟོ་མཁན་གྱི་ལྟ་སྐྱོང་བྱེད་པའི་དབང་ཆ་བླངས་ཆོག

མདོར་ན་གྱོད་གཞི་འདི་ལས་ཐང་ག་ཤེལ་སྒྲོམ་མ་དེ་བུ་རྡོ་བྷས་རང་གི་ལག་ཟུང་གཉིས་ལ་བརྟེན་ནས་བསྐྲུན་པའི་དངོས་པོ་ཡིན་པས་ཁོའི་རྒྱུ་རྫས་སུ་གཏོགས་པ་ཡིན་པས།  ཁོའི་ཨ་ཕས་ངེས་པར་དུ་ཉམས་དམས་སུ་བཏང་བའི་དངོས་པོ་དེ་ལ་སྐྱིན་ཚབ་འཇལ་དགོས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-25

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།