ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐིག་རྩ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐིག་རྩ།
ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐིག་རྩ་འདི་ལྟ་སྟེ། ཞལ་གཉིས་པ་དང་གསུམ་པ་བཞི་པ་རྣམས་ཀྱི་སྐྲ་མཚམས་དང་ཞལ་དག་ལ་འཕྲེད་ཐིག་བཅུ་གཅིག་དང་ཞལ་གྱི་མགྲིན་པ་ནས་ཞབས་དཔངས་བར་འཕྲེད་ཐིག་བཅུ་གཅིག སྲིད་ཐིག་བཅུ་གཅིག་གོ།
གཞི་རྩའི་གནས་ཚུལ།

མིང་།
ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐིག་རྩ།
ཁོངས་གཏོགས།
རི་མོ།
1 ངོ་སྤྲོད།

བཞེངས་སྐུ་ཐལ་མོ་བཅུ་པའི་ཁོངས་སུ་གཏོགས་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐིག་རྩ་འདི་ལྟ་སྟེ། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་སྲིད་དུ་སྟེང་ཞལ་གྱི་ནོར་ཏོག་ལ་སོར་ཕྱེད། གཙུག་ཏོར་ལ་སོར་གང་། ཐོད་ཁྱིམ་ལ་སོར་གང་། ཞལ་ཚད་སོར་བཞི། དེ་བཞིན་དུ་སོར་དོ། སོར་དྲུག སོར་བཞི། སོར་བརྒྱད། སོར་བཞི། སོར་བཅུ་དེ་ཞལ་གཉིས་པ་དང་གསུམ་པ་བཞི་པ་རྣམས་ཀྱི་སྐྲ་མཚམས་དང་ཞལ་དག་ལ་འཕྲེད་ཐིག་བཅུ་གཅིག་ཡིན། དེ་ནས་སྟེང་ཞལ་གྱི་མགྲིན་པ་དང་རྩ་ཞལ་གྱི་ཐོད་ཁྱིམ་བསྡོམས་པས་སོར་དྲུག སྐྲ་མཚམས་ནས་ཀོས་ཀོའི་བར་ཞལ་གང་། མགྲིན་པ་སོར་བཞི། ཐུགས་ཀ་ཞལ་གང་། དེ་ནས་ལྟེ་བའི་བར་ལ་ཞལ་གང་། དེ་ནས་གསང་གནས་བར་ལ་ཞལ་གང་། དཔྱི་མགོ་སོར་བཞི།  བརླ་ཞལ་དོ། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་བཞི་བཅས་འཕྲེད་ཐིག་བཅུ་གཅིག་གོ། ཡང་ཚངས་པའི་གཡས་གཡོན་དུ་སྟེང་ཞལ་དང་པོའི་འགྲམ་ཐིག་སོར་དོ། སྙན་ཐིག་སོར་ཕྱེད། དེ་བཞིན་དུ་སྟེང་ཞལ་གཉིས་པའི་འགྲམ་ཐིག་སོར་གསུམ། སྙན་ཞེང་སོར་གང་། སྟེང་ཞལ་གསུམ་པའི་འགྲམ་ཐིག་སོར་བཞི། སྙན་ཞེང་སོར་གང་། ཟུར་ཞལ་སོར་བཞི།  སྟེང་ཞལ་བཞི་པའི་འགྲམ་ཐིག་སོར་ལྔ། སྙན་ཞེང་སོར་གང་དང་ཕྱེད། ཟུར་ཞལ་སོར་ལྔ། དེ་ནས་རྩ་ཞལ་གྱི་འགྲམ་ཐིག་སོར་དྲུག སྙན་ཞེང་སོར་དོ། ཟུར་ཞལ་སོར་དྲུག དེ་ཡན་སོ་སོའི་མཚམས་ཤེས་པར་བྱ་དགོས་པ་ལས་ཐིག་རིང་པོ་འདེབས་མི་དགོས། སྐུ་གཟུགས་ཀྱི་ཚངས་པའི་གཡས་གཡོན་དུ་མཆན་རྩེའི་བར་ཞལ་གང་དང་དཔུང་པའི་ནང་ཐིག་བར་ལ་སོར་བཞི། ཕྱི་ཐིག་བར་ལ་སོར་དོ། དེ་ནས་ཡང་སོར་བརྒྱད་དང་ཞལ་གང་བཅས་བསྡོམས་པས་སྲིད་ཐིག་བཅུ་གཅིག་གོ། ཐུགས་ཀའི་ཐིག་དང་མཆན་རྩེའི་ཐིག་འཕྲད་མཚམས་ནས་སྐོར་ཐིག་གི་རྩ་བ་བཞག་སྟེ། མཐའ་ཐིག་ཚད་དུ་བཞག་ནས་བསྐོར་བས་རྩ་ཕྱག་གི་ནང་ཐིག་དང་། དེ་ནས་ཕྱིར་སོར་མོ་བཅུ་གཞལ་ནས་བསྐོར་བས་རྩ་ཕྱག་གི་ཕྱི་ཐིག་རྟོགས། དེ་ནས་ཡང་རིམ་བཞིན་སོར་ཕྱེད་བཞི་རེ་བྱས་པ་རིམ་པ་ལྔ་ལ་བསྐོར་བས་སྤྲུལ་ཕྱག་ལྷག་མ་རྣམས་ཀྱི་འགྲོ་ཚོད་རྟོགས། དེ་ལྟར་རིམ་པ་ལྔ་པོ་འཁོར་ལོའི་རྩིབས་ལྟར་ཆ་དྲུག་དུ་བགོ་དགོས།  ནང་མའི་ཆ་རེ་རེའང་བཅུ་གཉིས་ནས་བཟུང་། ཕྱི་མ་ཉི་ཤུའི་བར་དུ་བཅུ་གཉིས། བཅུ་བཞི།  བཅུ་དྲུག བཅོ་བརྒྱད། ཉི་ཤུ་སོགས་སུ་བགོས་པས་ཤེས་ནུས་སོ། །འདིའི་ཁོངས་སུ་གདུགས་དཀར་སོགས་ཕྱག་སྟོང་ཅན་རྣམས་ཀྱང་འདུས་སོ།  །

2 ཚིགས་སུ་བཅད་ནས་བཤད་པ།

ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ནི། །

ཐལ་མོ་བཅུ་པའི་ཁོངས་སུ་གཏོགས་པ་ཡིན། །

ཐོག་མར་ཚངས་པའི་ཐིག་དང་འགོ་ཐིག་བཏབ།  །

དེ་ནས་སྲིད་དུ་སྟེང་ཞལ་དང་པོ་ཡི།  །

ནོར་ཏོག་སོར་ཕྱེད་གཙུག་ཏོར་སོར་མོ་གང་།  །

ཐོད་ཁྱིམ་སོར་གང་ཞལ་ཚད་སོར་མོ་བཞི། །

དེ་བཞིན་སོར་དོ་སོར་དྲུག་སོར་མོ་བཞི། །

སོར་བརྒྱད་སོར་བཞི་སོར་བཅུ་རིམ་བཞིན་བཏབ།  །

དེ་ཡིས་སྟེང་ཞལ་གཉིས་པ་གསུམ་པ་དང་།  །

བཞི་པ་རྣམས་ཀྱི་སྐྲ་མཚམས་ཞལ་ཁྱིམ་རྟོགས། །

དེ་ནས་རྩ་ཞལ་ཐོད་ཁྱིམ་སོར་མོ་དྲུག །

སྐྲ་མཚམས་ཀོས་ཀོའི་བར་ལ་ཞལ་ཚད་གང་།  །

མགྲིན་པ་སོར་བཞི་ཐུགས་ཀ་ཞལ་ཚད་གང་།  །

ལྟེ་བ་ཞལ་གང་གསང་གནས་ཞལ་ཚད་གང་།  །

དཔྱི་ལ་སོར་བཞི་བརླ་ལ་ཞལ་ཚད་དོ།  །

པུས་མོ་སོར་བཞི་རྗེ་ངར་ཞལ་ཚད་དོ། །

ཞབས་དཔངས་སོར་བཞི་འཕྲེད་ཐིག་བཅུ་གཅིག་གོ། །

དེ་ནས་ཚངས་པའི་ཐིག་གི་གཡས་གཡོན་དུ། །

སྟེང་ཞལ་དང་པོའི་འགྲམ་ཐིག་སོར་མོ་དོ། །

སྙན་ཞེང་སོར་ཕྱེད་བཏབ་ནས་རིམ་བཞིན་དུ། །

སྟེང་ཞལ་གཉིས་པའི་འགྲམ་ཐིག་སོར་མོ་གསུམ། །

སྙན་ཞེང་སོར་གང་སྟེང་ཞལ་གསུམ་པ་ཡི། །

འགྲམ་ཐིག་སོར་བཞི་སྙན་ཞེང་སོར་མོ་གང་།  །

ཟུར་ཞལ་སོར་བཞི་སྟེང་ཞལ་བཞི་པ་ཡི། །

འགྲམ་ཐིག་སོར་ལྔ་སྙན་ཞེང་སོར་ཕྱེད་དོ། །

ཟུར་ཞལ་སོར་ལྔ་རྩ་ཞལ་འགྲམ་ཐིག་ལ།  །

སོར་མོ་དྲུག་དང་སྙན་ཞེང་སོར་མོ་དོ།  །

ཟུར་ཞལ་སོར་དྲུག་གོང་བསྟན་ཞལ་ཐིག་རྣམས།  །

གཡས་གཡོན་གཉིས་ཀར་འདེབས་དགོས་སོ་སོའི་མཚམས། །

ཤེས་པར་བྱ་དགོས་ཐིག་རིང་མི་དགོས་ལགས།  །

སྐུ་གཟུགས་ཚད་ཀྱི་ཚངས་པའི་གཡས་གཡོན་དུ། །

ཕྲག་པའི་བར་དུ་སོར་མོ་བཅུ་གཉིས་དང་། །

དཔུང་པའི་ནང་ཐིག་སོར་བཞི་ཕྱི་ཐིག་དོ། །

དེ་ནས་སོར་བརྒྱད་བསྐྱར་དུ་ཞལ་གང་བཏབ། །

བསྡོམས་པས་དཀྱུས་ཐིག་བཅུ་གཅིག་འདེབས་པར་བྱ། །

ཐུགས་ཀའི་ཐིག་དང་མཆན་རྩེའི་ཐིག་འཕྲད་ལ། །

སྐོར་ཐིག་རྩ་བ་བཞག་སྟེ་མཐའ་ཐིག་ལ། །

ཚད་དུ་བཞག་ནས་བསྐོར་བའི་རྩ་ཕྱག་གི། །

ནང་ཐིག་རྟོགས་ཤིང་དེ་ནས་ཕྱིར་སོར་བཅུ། །

གཞལ་ནས་བསྐོར་བའི་རྩ་ཕྱག་ཕྱི་ཐིག་རྟོགས། །

དེ་ནས་རིམ་བཞིན་སོར་མོ་ཕྱེད་བཞི་ཡིས། །

རིམ་པ་ལྔ་ལ་བསྐོར་པས་སྤྲུལ་ཕྱག་རྟོགས། །

དེ་ལྟར་རིམ་པ་ལྔ་པོར་ཆ་དྲུག་ཏུ། །

བགོས་ཏེ་ནང་ནས་མཐའ་མའི་ཆ་རེ་རེར། །

བཅུ་གཉིས་བཅུ་བཞི་བཅུ་དྲུག་བཅོ་བརྒྱད་དང་། །

ཉི་ཤུ་སོགས་སུ་བགོས་ནས་ཤེས་ནུས་སོ།  །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།