གཙང་གི་གཟིགས་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཙང་གི་གཟིགས་མོ་ཆེན་མོ་ཞེས་ཤིན་ཏུ་གྲགས་ཆེ་བ་ནི༧པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མའི་སྐབས་ནས་དར་བར་གྲགས་ཤིང་དེ་ནི་བཀྲས་ལྷུན་པོ་དགོན་པའི་འཆམ་གར་ལ་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
གཙང་གི་གཟིགས་མོ།
དུས་ཚེ།
བོད་ཟླ8པའི་ཚེས3ཉིན།
1 ངོ་སྤྲོད།

གཙང་གི་གཟིགས་མོ་ཆེན་མོ་ཞེས་ཤིན་ཏུ་གྲགས་ཆེ་བ་ནི༧པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མའི་སྐབས་ནས་དར་བར་གྲགས་ཤིང་དེ་ནི་བཀྲས་ལྷུན་པོ་དགོན་པའི་འཆམ་གར་ལ་བརྗོད་པ་ཡིན།

2 ལྟད་མོ་བ།

སྔོན་ལོ་ལྟར་བོད་ཟླ་བརྒྱད་པའི་ཚེས་གསུམ་ཉིན་གཟིགས་མོ་ཆེན་མོ་ཚུགས་སྐབས་བོད་ལྗོངས་ཕྱོགས་མཐའ་ཁག་བཞིའི་ཡུལ་གྱི་དཔོན་རིགས་དང་ཚོང་བ་སོགས་ཆུ་འཕྲང་ལ་གསུམ་གྱི་དཀའ་ངལ་ལ་མ་འཛེམ་པར་ཆེད་དུ་ལྟ་བར་ཡོང་གི་ཡོད།   

3 ནང་དོན།

གཟིགས་མོ་ཉིན་དང་བོ་ལ་འཆམ་ལེའུ་བཅུ་དྲུག་འཆམ་གྱི་ཡོད། འཆམ་ཆས་སུ་སྔོན་བསྐལ་བ་ཡ་ཐོག་གི་མིའི་ཆ་ཆས་དང་ལྷ་རིགས་ཀྱི་ཆ་ཆས། བོད་ཀྱི་བསྐལ་བ་ཡར་དར་སྐབས་ཀྱི་སྔགས་ཆས་

དང་འབག་སྣ་ཚོགས་ཡོད། 

3_1 འཆམ་ལེའུ་དང་བོ།

བྱིས་པ་དྲུག་དོན་གྱི་ཡོད། ཁོ་ཚོས་གོས་ཆེན་ཚོས་གཞི་ཆ་སྒྲིག་གི་གྱོན་པ་དང་ངོ་ཞེང་ཆེ་བའི་ཕྲུ་གུའི་གཟུགས་བརྙན་གྱི་འབག་གྱོན་ཏེ་རྔ་རོལ་རང་དཀྲོལ་གྱིས་བལ་འབྲེག་པ་ནས་འཁེལ་འཐག་པ། ཚེམས་པ་བཅས་ཀྱི་ཕྱག་རྒྱས་འཆམ་པ་ནི་བཀྲ་ཤིས་གཟིགས་མོ་འགོ་ཚུགས་པའི་རྟེན་འབྲེལ་ཡིན།

3_2 འཆམ་ལེའུ་གཉིས་པ།

ཤྭ་གཡག་གཉིས་དོན་པ། ཤྭ་གཡག་གི་འབག ཞྭ་ནག་གི་འཆམ་གོས་གྱོན་ཏེ་རྔ་རོལ་གྱི་སྒྲ་དང་བསྟུན་ནས་འཆམ་པ།

3_3 འཆམ་ལེའུ་གསུམ་པ།

དུར་དྭགས་བཞི་དོན་པ། མགོ་ལུས་ཡོངས་མིའི་རུས་བརྙན་གྱི་རི་མོ་ཡོད་པའི་དུར་དྭགས་ཀྱི་ཆས་དང་ལིང་ག་གྲས་ཆོས་ཀྱི་ཕྱག་རྒྱས་འཆམ་པ།

3_4 འཆམ་ལེའུ་བཞི་བ།

རྒྱུག་ཁྲ་གཉིས་དོན་པ། རྒྱུག་ཁྲ་འཁུར་བའི་ཕྲུ་གུ་གཉིས་ཀྱིས་དུར་དྭགས་ཀྱི་འབག་དང་ཆས་གྱོན་ཏེ་རྔ་རོལ་དུང་ཚིག་གི་སྒྲ་དང་བསྟུན་ཏེ་འཆམ་པ།

3_5 འཆམ་ལེའུ་ལྔ་བ།

ཞྭ་ནག་བཅུ་དྲུག་དོན་པ། གོས་ཆེན་རྒྱ་སེའི་འཆམ་ཆས་ཞྭ་ནག་པོ། ལག་གཡས་གཡོན་དུ་ཀ་ལི་འཁྱེར་ཏེ་འཆམ་པ་ནི་ཆོས་ཀྱི་ནང་དོན་གཙོ་ཆེ་ལྡན་པས་སྔོན་ལ་སེར་ཕྲེང་

དང་སྤོས་སྣེ་སོགས་དོན་གྱི་ཡོད།

3_6 འཆམ་ལེའུ་དྲུག་པ།

ཨ་ཙ་ར་མི་དྲུག་དོན་པ། མགོ་ལ་ལ་ཐོད་དཀྲིས་པའི་འབག གོས་ཆེན་ཚོན་ཁྲ་གྱོན་པ། མཐེ་བོང་ཐོག་ཤ་ཀྲད་བཅས་གྒྱོན་ཏེ་འཆམ་པ།

3_7 འཆམ་ལེའུ་བདུན་པ།

སྒོ་མ་བཞི་དོན་དགོས་པ། དྲག་པོའི་གདོང་དབྱིབས་ཀྱི་འབག་དང་ཁ་དོག་ནི་སེར་བོ་དང་ལྗང་གུདཀར་བོ་བཅས་ཡིན་པའི་ལག་ཏུ་དྲིལ་བུ། ལྕགས་ཀྱུ། ཞགས་པ་ལྕགས་ཐག་བཅས་རེ་རེ་འཁྱེར་བ། འབག་སྟེང་དུ་མི་མགོའི་ཐོད་ཕྲེང་ཡོད་པ། གོས་ནི་ཞྭ་ནག་གི་འཆམ་ཆས་དང་ཕྱོགས་མཚུངས་སོ།།

3_8 འཆམ་ལེའུ་བརྒྱད་པ།

ལྷ་ཝེར་མ་གཉིས་དོན་པ། ཕོ་རོག་དང་འུག་པའི་གཟུགས་བརྙན་གྱི་འབག ཞྭ་ནག་གི་འཆམ་ཆས་གྱོན་ཏེ་འཆམས་པ། ་

3_9 འཆམ་ལེའུ་དགུ་བ།

གིང་ཆེན་འཁོར་བཅས་དོན་པ། དྲག་པོའི་འབག་དང་ཞྭ་ནག་གི་འཆམ་ཆས། ལག་ཏུ་ཁྱིའུ་དང་། རལ་གྲིདཔའ་དམ་སོགས་འཁྱེར་ཏེ་འཆམ་པ། དེ་ནི་ཉིན་དང་བོའི་འཁྲབ་གཞུང་ནང་གི་གཙོ་བོའི་ལེའུ་ཞིག་ཡིན་སྟབས་གིང་ཆེན་ཞེས་པ་དེ་འཆམ་དཔོན་རང་ཉིད་ནས་དོན་དགོས།

3_10 འཆམ་ལེའུ་བཅུ་བ།

ཁར་སྟོད་ཅེས་པ་ནི་ཐེའུ་རང་གི་དོན་ཡིན། ཆས་སུ་གོས་ཆེན་ཕྱུ་བ་རྐུབ་སུལ་སྒྲིག་པ། འབག་དང་ཁྲབ་རྨོག་གྱོན་པ། རྨོག་ཞྭའི་ཐོག་བྱ་སྒྲོ་རིང་བོ་རེ་བཙུགས་པ། ལག་ཏུ་རྒྱུག་ཁྲ་ཐུང་ཐུང་རེ་འཁྱེར་ནས་རྔ་རོལ་དུང་གི་སྒྲ་ཚིག་དང་བསྟུན་ཏེ་འཆམ་པ།

3_11 འཆམ་ལེའུ་བཅུ་གཅིག་པ།

དགེ་སློང་འཁར་གསིལ་བརྒྱད་དོན་པ། ཆས་སུ་གྲྭ་ཆས་ཐོག་སྣམ་སྦྱར་དང་ལག་ཏུ་ལྷུང་བཟེད་འཁྱེར། དལ་ཞིང་ལྷོད་པའི་ངང་འཆམ་པ།

3_12 འཆམ་ལེའུ་བཅུ་གཉིས་པ།

སྐྱེས་པ་བརྒྱད་དོན་པ། དེ་དར་མ་དང་དཔའ་བོའི་དོན་ཡིན་སྟབས་གནའ་བོའི་དམག་མིའི་ཁྲབ་རྨོག་དང་ལག་ཏུ་ཕུབ་དཔའ་དམ། སྐེད་པར་མདའ་གཞུ་བཏགས།

རྔམ་བརྗིད་ཀྱི་རྔ་ཆེན་དུང་ཆེན་གྱི་སྒྲ་དང་བསྟུན་ཏེ་དམག་སྦྱོང་གི་རྣམ་པས་འཆམ་ཧ་ཅང་འཁྲུག་པོ་ཡོད།  

3_13 འཆམ་ལེའུ་བཅུ་གསུམ་པ།

ཇོ་བོ་ཕྱིང་དཀར་གཙོ་འཁོར་ལྔ་དོན་པ། ཕྱིང་དཀར་གྱི་འབག་སྒམ་ཞིང་ངོ་མཚར་བ། གོས་ཆེན་རྒྱ་སེའི་འཆམ་ཆས་ཐོག་མུ་ཏིག་དང་བྱུ་རུའི་རྒྱན་སྤྲས་ཡོད། འཁོར་དུ་། བཙུན་མོ་དང་སྲས། དམག་དཔོན། བློན་པོ་བཅས་ཀྱིས་འབག་དང་ཆས་མི་འདྲ་བ་རེ་གྱོན་ཏེ་འགྱིང་བག་ལྡན་པའི་ངང་རོལ་སྒྲར་བསྟུན་ནས་འཆམ་པ།  

3_14 འཆམ་ལེའུ་བཅུ་བཞི་བ།

ལས་མཁན་གཉིས་དོན་པ ( བཙན་དུ་བརྗོད) ། ཆས་སུ་མི་མགོའི་རི་མོ་བརྒྱབ་པའི་སྟོད་ལྷེ། སྟག་ཤམ། ལག་ཏུ་སྟ་གྲི་དང་ཞགས་པ་འཁྱེར་ཛ་དྲག་གི་རོལ་སྒྲར་བསྟུན་འཇིགས་སུ་རུང་བའི་ཉམས་འགྱུར་ངང་འཆམ་པ།

3_15 འཆམ་ལེའུ་བཅོ་ལྔ་བ།

ཤྭ་ཕྲུག་གཅིག་དོན་པ། ཕྲུ་གུ་ཞིག་གིས་ཧ་ཅང་མཐོང་འདོད་པའི་ཤྭ་ཕྲུག་གི་འབག་ཞྭ་ནག་གི་ཆས།  ལག་ཏུ་དར་ཚོན་བརྒྱན་པའི་ཕུར་བ་འཁྱེར། སྤྲོ་སྣང་ལྡེམ་འཁྱུག་གིས་འཆམ་པ་ནི་ཚེ་འཕེལ་བཀྲ་ཤིས་ལམ་འདྲེན་མཚོན་བྱེད་ཀྱི་འཆམ་ཡིན། 

3_16 འཆམ་ལེའུ་བཅུ་དྲུག་པ།

བྱིས་པ་བདུན་དོན་པ། གོས་ཆེན་སྨད་གོས་དང་རྡོར་རྨོག་སྟེང་དུ་དར་ལྕོག་རེ་བཙུགས། ལག་ཏུ་མཚོན་ཆ་སྣ་ཚོགས་འཁྱེར། རྔམ་བརྗིད་རོལ་སྒྲར་བསྟུན་ནས་འཆམ་པ། མཚམས་ཤིག་ཏུ་རྩི་དམར་བ་དོན་པ་དང་། རོལ་ཆའང་། ལྡབ་གཅིག་སྤར་སྟབས་རྔམ་བརྗིད་ཆེ་ལ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ནས་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་སྟེ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལྟ་དགོས་པ་ཞིག་ཆགས་ཀྱི་ཡོད།

གཟིགས་མོ་ཉིན་གཉིས་པར་གོང་གསལ་ལེའུ་དེ་དག་གི་ཁར་ཆོས་རྒྱལ་འཁོར་བཅས་མ་མོ་བརྒྱད་ཁ་སྣོན་གྱིས་ལག་ཏུ་མཆོད་རྫས་སྣ་ཚོགས་འཁྱེར། རྔ་རོལ་དུང་རྒྱ་རྐང་གླིང་ཤུར་སྒྲ་སོགས་འུར་སྒྲས་ཁེངས་པའི་ངང་གཟི་རྔམ་ལྡན་པའི་འཆམ་རྒྱག་པ།

ཉིན་དང་བོའི་བཙན་ཚབ་ཏུ་རྩི་དམར་བ་གཙོ་འཁོར་གསུམ་དོན་པའི་གཙོ་བོའི་འཆམ་ཆས་སུ་གསེར་ཐིག་ཅན་གྱི་ཁྲབ་སོགས་གྱོན་ཡོད་སྟབས་དེ་བས་ཀྱང་གཟི་རྔམ་ཆེ་བ་ཡོད།

གཟིགས་མོ་ཉིན་གསུམ་པ་ནི་ཉིན་སྔོན་མ་གཉིས་ཀྱི་ཆོས་ལུགས་བྱེད་སྒོ་ལས་ལྷུ་ཡང་སྟབས་འཆམ་ར་ཡང་གཞན་དུ་སྤོ་ཆོག

གཟིགས་མོ་ལེའུ་དང་བོ་མཆོད་སྤྲིན་གར་འཁྲབ་སྟོན་བྱེད་པའི་ནང་ལྷ་ཀླུ་དྲི་ཟ་གྲུལ་བུམ་མི་བཅས་ཀྱིས་རང་ཉིད་ཀྱི་རྩ་བའི་བླ་མར་བསྟོད་འབུལ་བྱེད་པའི་གར་འཁྲབ་པ་དང་། འཁྲབ་མཁན་ཆེད་ལས་གར་བ་ཡིན། ཆས་དང་ལག་འཁྱེར་རྣམས་རྒྱ་ནག་གྲྭ་བ་དང་ཆིང་གོང་མའི་སྐབས་ཀྱི་ཆ་ཆུང་སྤྲས་པའི་ཐོག་ལག་འཁྱེར་གཙོ་བོ་འཁར་རྔ་དང་སིལ་སྙན། རྔ་ཆུང་། བསང་ཕོར་བཅས་ཡོད། ཁོ་ཚོས་ངག་སྐྱོར་དཔེ་ཚིག་དང་བསྟུན་ནས་གར་འཁྲབ་ཀྱི་ཡོད། ཆོས་སྤྲིན་གྱི་བྱེད་སྒོ་ཚར་རྗེས་འབྲོང་རྩེད་དང་། སེང་རྩེད། ཚེ་རིང་དྲུག་སྐོར། འབག་དཀར་ནག་གྱོན་པའི་མི་ཆུང་གཉིས་བཅས་དོན་པ་མི་ཆུང་ཨབ་ཏང་ཚད་མཐར་མི་ཆུང་དཀར་བོ་རྒྱལ་བར་བྱེད་པ་ནི་བཀྲ་ཤིས་དགའ་སྟོན་མཚོན་བྱེད་ཡིན། མཇུག་ཏུ་རྟ་དང་། གླང་བོ་ཆེ། བ་གླང་། མཚོ་མོ་བཅས་ལ་གོས་ཆེན་གྱི་རྒྱན་སྣ་ཚོགས་གཡོགས། སྒལ་བར་བྱུ་རུའི་སྡོང་བོ། མུ་ཏིག་གི་མཎྡལ། གསེར་གྱི་མཆོད་རྟེན། གླང་ཆེན་གྱི་མཆེ་བ་སོགས་རིན་ཐང་བྲལ་བའི་ནོར་བུ་བསམ་གྱིས་མི་ཁྱབ་པ་བཀལ་ནས་བཀྲ་ཤིས་ཀྱི་བསྟན་སྲོལ་མཛད་རྗེས་བཀྲས་ལྷུན་རྩེ་དགོན་ཁང་གིས་འཁྲབ་སྟོན་བྱེད་པའི་གཟིགས་མོ་ཆེན་མོ་མཇུག་སྒྲིལ་བ་ཡིན་ནོ།།

3_17 ཁྱད་ཆོས།

ད་དུང་བཀྲས་ལྷུན་གཟིགས་མོ་ཆེན་མོར་དགོན་སྡེ་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་སྟེ། ཉིན་དང་བོ་དང་གཉིས་པའི་འཆམ་མཚམས་སུ་གཟིགས་མོ་བ་ཚོར་སྤྲོ་བ་འཕེལ་དགོས་པའི་བསྟན་ཤིག་སློང་མཁན་སྤོ་བོ་རྨོ་བོ་གཉིས་དོན་གྱི་ཡོད།སྤོ་བོ་རྨོ་བོ་ཡི་འབག་ལ་གཡུ། བྱུ་རུ། འབྲུམ་ཕུག་བཅས་ཀྱི་རྒྱན་སྤྲས་ཡོད་པ་དང་།  གོས་ཆེན་རྒྱན་གཞི་སེར་བོ་དང་སྔོན་པོའི་གྱོན་པ། ལྷམ་འཇའ་ཆེན་ཚལ་ཀ སྐེད་པར་ཨེར་ཀ་བཏགས། འཁྲབ་སྟོན་འགོ་ཚུགས་པ་ནས་མཇུག་སྒྲིལ་བར་ངག་གདམས་ཏེ་ཕན་ཚུན་ལྐུགས་བརྡ་དང་ཨེར་ཀ་དཀྲོགས་ནས་གླེང་མོལ་དང་རྩེད་མོ་སྣ་ཚོགས་རྩེད་ཀྱི་ཡོད་སྟབས་གཟིགས་མོ་བ་རྣམས་ཧ་ཧ་ཧུ་ཧུ་ཞེས་བཞད་མོ་རང་དབང་མེད་པར་ཤོར་དགོས་པ་བཟོ་ཐུབ་ཀྱི་ཡོད།  བཤད་སྲོལ་དུ་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་ཀྱང་རྨོ་བོ་རྨོ་མོའི་འཁྲབ་སྟོན་ལ་ཐུགས་སྣང་ཆེན་པོ་བྱུང་སྟེ་འབག་གསར་བཟོ་གནང་བས་མ་ཚད་གསེར་གྱི་རྣ་རྒྱན་རེ་བཟོ་གནང་མཛད་ཚུལ་འདུག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-11

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།