ལྷ་རིའི་དགྲ་ལྷ་དཔང་བསྟོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་རིའི་དགྲ་ལྷ་དཔང་བསྟོད་ཅེས་པ་དེ་དུས་ཡུན་ཉིན་བདུན་འཛོམས་སྲོལ་ཡོད་པ་དང་། སྡེ་དགོན་ཐུན་མོང་གི་དབྱར་སྐྱིད་རྟ་རྒྱུག་གི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དུས་ཆེན།
མིང་།
ལྷ་རིའི་དགྲ་ལྷ་དཔང་བསྟོད།
དུས་ཚེ།
བོད་ཟླ6པའི་ཚེས1ནས7
1 ​ངོ་སྤྲོད།

ལྷ་རིའི་དགྲ་ལྷ་དཔང་བསྟོད་ཅེས་པ་དེ་དུས་ཡུན་ཉིན་བདུན་འཛོམས་སྲོལ་ཡོད་པ་དང་། སྡེ་དགོན་ཐུན་མོང་གི་དབྱར་སྐྱིད་རྟ་རྒྱུག་གི་དུས་ཆེན་ཞིག་ཡིན།

2 གོ་རིམ།

དེ་ནི་ལོ་ལྟར་དུས་ཚོད་གཏན་འཁེལ་ཐོག་བོད་ཟླ6པའི་ཚེས1ནས7བར་སྡེ་དགོན་མཉམ་མཛོམས་དང་། ཚེས་གཉིས་ཉིན་ལྷ་རི་བདེ་ཆེན་གླིང་དགོན་པའི་གུར་མོ་ཆེས་གཙོས་པའི་སྤྱི་སྒེར་ཕྱི་གུར་ཆེ་ཕྲ་ཚང་མ་གྲལ་ལྟར་འགྲིག་པོར་ཕུབ་ཐུབ་པ་དང་། ཚེས་གསུམ་ཉིན་རྒྱུགས་ཆུང་ཡིན། དངོས་གཞིའི་རྒྱུགས་ཆེན་ཏེ་རྒྱུགས་མའི་འགྲན་བསྡུར་ནི་ཚེས་བཞི་ཉིན་ཡིན་ཞིང་།  དེའི་དང་བོར་བསང་སྐོར་བྱེད་པ་ཞེས་དགོན་པའི་བླ་གྲྭ་རྣམས་ཀྱིས་གཟབ་རྒྱས་ཀྱིས་ལྷ་བསང་གཏོང་བ་དང་སྦྲགས། ཐོག་མར་དགོན་པའི་ལས་སྣེ་རྣམས་སེར་ཆས་ཀྱི་གཟབ་གོས་གྱོན་པའི་སེར་སྦྲེངས་ཀྱི་མཇུག་ཏུ་དགེ་བསྐོས་ཀྱིས་རྫིག་ཉམས་དང་བཅས་གཟབ་གོས་བཀླུབས་ཤིང་ལག་ཏུ་དར་ཚོན་སྣ་ལྔས་བརྒྱན་པའི་ལྕགས་དབྱུག་གསེར་དཀྲོལ་མ་ཐོགས་ཏེ་བསྐྱོད་པ་ནི་བསང་སྐོར་གྱི་སྔོན་བསྐྱོད་སྣ་འདྲེན་པ་ཡིན།

དེའི་རྗེས་སུ་ལྷ་རི་རྫོང་དང་། ལྡིང་དཔོན་གཉིས་སོ་སོའི་གོ་ཐོབ་ཀྱི་ལས་གོས་ཁ་གསར་གྱོན་པ་དང་ཞབས་འབྲངས་པ་ཁག་གཅིག་བཅས་དང་། དེའི་རྗེས་སུ་ཚོ་ཤོག་གི་འགོ་མི་གཙོ་དྲག་རྣམས་ཡུལ་བབ་དང་བསྟུན་པའི་ཆས་གོས་གཟབ་སྤྲོས་ཀྱིས་བརྒྱན་པ་རྣམས་ཀྱི་རྒྱབ་ཏུ་མེ་མདའ་རུ་དར་དམར་པོ་ཅན་འཁུར་བ་དང་། སྐེད་པར་དཔའ་ལུང་དར་ཚོན་གྱིས་བརྒྱན་པའི་སྐེད་གྲི་གཟར་ཞིང་། གཞན་གསེར་དངུལ་གྱི་འབྲལ་སྤང་དང་། གའུ་སུམ་སྒྲིག་མ་སོགས་ག་ཤ་ལ་འཕྱང་བ་སོགས་རྒྱན་ཆས་གཟབ་པར་སྤྲས་པ་དང་སོ་སོའི་བཞོན་རྟ་ལའང་སྒ་ཆས་གང་ལེགས་ཐོག་རྔ་རྔོག་ལ་དར་ཚོན་སྣ་ལྔ་དང་། སྐེ་ལ་གཡེར་དྲིལ་གྱིས་བརྒྱན་པ་བཞོན་ཏེ་བསང་ཁྲི་ལ་གཡས་སྐོར་གསུམ་དང་། གཡོན་སྐོར་གསུམ་བྱེད་ཅིང་དེའི་རིང་བླ་གྲྭ་རྣམས་ཀྱིས་ཞལ་འདོན་རྟ་དབྱངས་དང་། རྔ་སྦུབ་དུང་གླིང་གི་སྒྲ་ཡིས་མི་སེམས་དབང་མེད་དུ་འགུལ་ཞིང་མོས་གུས་གཏིང་ནས་སྐྱེ་བའི་སྣང་བ་སྟེར་བ་དང་། རྟ་རགས་རྣམས་ཀྱི་ཀི་བསོ་ལྷ་རྒྱལ་གྱི་དཔའ་བོའི་ངར་སྒྲས་ནམ་མཁའ་འགེངས་ཤིང་ས་གཞི་གཡོ་བའི་རྔམས་སྒྲས་མི་ཚོར་ཟིལ་མནོན་དང་འཇིགས་རུང་གི་སྣང་བ་སྟེར་བ། བསང་ཁྲིའི་ཐོག་གི་བསང་དུད་ནི་དབྱར་དུས་ཀྱི་ཆུ་སྤྲིན་འགྲན་པ་ལྟར་བར་སྣང་དུ་ལང་ལོང་དུ་འཕྱུར་བ་བཅས་ཀྱི་ངང་དུ་མཆིས། བསང་སྐོར་ཟིན་མཚམས་རང་གནས་སུ་ལོག་རྗེས་རྟེན་འབྲེལ་གྱི་གསོལ་ཚིགས་རེ་འདྲེན་པ་དང་། བཞེས་ཟིན་མ་ཐག་རྒྱུག་མ་རྒྱུག་རྒྱུའི་འགོ་ཚུགས། དེའང་རྒྱུག་རྟ་དང་རྒྱུག་ཕྲུག་ནི་སྔོན་ཚུད་ནས་གདམ་གསེས་ཀྱིས་གྲ་སྒྲིག་ཨང་གསར་བྱས་ཡོད་པ་དང་།རྒྱུག་མའི་རྔ་རྔོག་ལ་ལིང་དཀར་དམར་གྱི་དཔའ་ཆིངས་མདུད་ཀྱིས་རྒྱན་པ་དང་། སྤྱི་གཙུག་ཏུ་བྱ་རྒོད་ཀྱི་ཐུ་ལུ་སྒྲོ་ཕྲན་བཅིངས།

རྒྱུག་ཕྲུག་རྣམས་ཀྱིས་འབུ་རས་ཀྱི་སྟོད་ཐུང་དང་དོར་མའི་ཐོག་གོས་ཆེན་གྱི་ཕྱུ་པ་གྱོན་པ་དང་། མགོ་ལ་རས་དཀར་ཅོག་ཞུ་རྒོད་འཕྲུ་རྒྱན་པ་གྱོན་ཐོག སྤ་ལྕག་དཀར་པོ་ཚིག་གསུམ་མ་རེ་ལག་ཏུ་ཐོགས་ཏེ་ཤར་བསྐྱོད་ཀྱི་ལྷ་ཐང་གི་གཤམ་དུ་བསྐྱོད་པ་དང་། ལྟད་མོ་བའི་ཁྲོམ་ཚོགས་རྣམས་ཐང་སྟོད་དུ་འཛོམས་ནས་གྲལ་ལེགས་པར་སྒྲིག་དགོས། རྒྱུག་མའི་རྟ་འགོ་སྒྲིག་མི་རྒན་པོ་ཞིག་འགྲོ་དགོས་པ་དེས་ལྷ་ཆུང་བཙན་མཁར་རྩེ་ནས་མེ་མདའ་ཐེངས་གསུམ་འཕེན་པ་ཡིན། མེ་མདའི་སྒྲ་དང་བོ་བྱུང་མ་ཐག་རྒྱུག་མ་རྣམས་རྟ་མགོ་སྒྲིག་ཚར་བ་བྱ་དགོས་པ་དང་། ཐེངས་གཉིས་པར་རྒྱུག་ཆོག་ཨང་གསར་བྱེད་དགོས་ཤིང་། སྐད་སྒྲ་ཐེངས་གསུམ་པ་བྱུང་མ་ཐག་ཁ་རུ་མཉམ་གློད་ཀྱིས་རྒྱུག་དགོས། ལམ་གྱི་འགྲོ་ཚུལ་སོགས་ཀྱི་གནས་ཚུལ་གང་བྱུང་ལ་མི་ལྟོས་པར་འགག་རྩ་མགྱོགས་བུལ་གྱི་དབྱེ་བ་འབྱེད་སྟངས་ཐད་རྒན་རབས་ཀྱི་ངག་རྒྱུན་ལྟར་ན། སྲབ་མདའ་གང་གི་རིང་ཐུང་དང་། རྨོག་འཕྲུ་གང་གི་མཐོ་དམན། ཞེས་ཚད་གཞིར་བརྩི་བའི་ཤོད་སྲོལ་དང་། ད་དུང་མི་ཕོ་འདྲ་གཉིས་ཐུག་པའི་དུས།། མགོ་རྨོག་འཕྲུ་གང་གིས་མཐོ་བར་ཤོག། རྟ་ཕོ་འདྲ་གཉིས་འགྲན་པའི་དུས། བང་སྲབ་མདའ་གང་གིས་མགྱོགས་པར་ཤོག་ཅེས་སྨོན་ལམ་འདེབས་སྲོལ་སྣང་།

འོན་ཀྱང་དེ་དག་ནི་སྤོམ་ཚོད་ཀྱི་བཤད་ཚུལ་ཙམ་ལས་བྱ་བ་དངོས་ཀྱི་ནང་དེས་གོ་མི་ཆོད་ཅིང་། སྲབ་མདའ་གང་གི་རིང་ཐུང་ཕར་བཞག་ས་ཐིག་འགོམ་སྐབས་ལག་པ་བཀྱག་གང་སྔ་དང་། ཐ་ན་ལག་གཡས་གཡོན་གང་ལ་འཁེལ་བ་སོགས་ཀྱི་རྩོད་གླེང་འབྱུང་བའི་ལོ་རྒྱུས་ཀྱང་མང་དག་མཆིས། དེ་ལྟར་ཞིབ་ཏུ་དཔྱད་པའི་རྒྱུག་མ་མགྱོགས་ཤོས་དེར་ཨང་དང་བོ་ཞེས་འདོགས་པ་དང་། རིམ་གྱིས་གཉིས་པ་དང་། གསུམ་པ་ནས་ཚན་གྲངས་ཇི་ཙམ་ཡོད་པའི་བར་སོ་སོར་མི་ནོར་ཆེད་ཤིང་བྱང་རེ་སྤྱོད་སྲོལ་ཡོད་པ་དང་། རྗེས་སོར་མགྱོགས་དར་རམ་ཚན་གྲངས་ཏེ་གཟེངས་བསྟོད་སྤྲོད་པའི་གཞི་འཛིན་ས་བྱེད་ཀྱི་ཡོད།

དེ་རྗེས་ཡོབ་འགྱུར་དང་ཞར་འཕེན་སོགས་རྟ་རྩལ་རིགས་ཀྱི་ལྟད་མོ་དང་རྩེད་མོ་སྣ་ཚོགས་སྟོན་པ་དང་། ཚེས5ཉིན་ལྷ་རི་དགོན་པའི་ནང་རྟེན་གཙོའི་གྲས་སུ་བཞུགས་པའི་ཕུར་པ་ལྷ་ཁྲ་མ་ཞེས་པ་དེ་མཇལ་ཁ་གཏོང་བ་དང་བརྟེན་དབང་བསྐུར་བ་ཡིན་ལ། ཕུར་པ་དེ་ནི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་བྲག་ལ་བརྡབས་པའི་ཕུར་པ་དེ་ཡིན་ཞེས་རྩ་ཆེན་དུ་བརྩི་བ་དང་། ལོ་རེར་ཐེངས་རེ་མ་གཏོགས་མཇལ་ཁ་དང་དབང་བསྐུར་མི་གཏོང་བ་ཞིག་ཡིན། ཉིན་དེར་དགོན་པས་ཚོགས་འཁོར་རྒྱས་སྤྲོས་ཐོག་བླ་སྤྲུལ་ཁག་དང་། ལྷ་རྫོང་ལྷན་རྒྱས་ཐོག་གྲྭ་ཚང་ཡོངས་རྫོགས་སྟོན་མོར་རོལ་བ་དང་། མི་དམངས་ཀྱི་ཁྲོམ་ཚོགས་ལའང་ཚོགས་སྐལ་སྤྲོད་པ་ཡིན།

ཚེས6ཉིན་ལྷ་རི་རུ་བདུན་གྱི་མགོ་གཙོ་རྣམས་རྫོང་གི་མགྲོན་ཁང་དུ་མགྲོན་འབོད་བྱེད་པ་དང་། ཇ་ཆང་སོགས་ཀྱི་གསོལ་འདྲེན་གཟབ་ཅིང་རྒྱས་པ་གཏོང་བ་དང་། དུས་ཚོད་དེའི་རིང་ཁྲོམ་དམངས་རྣམས་གཞས་དང་ཞབས་བྲོ། གླུ་དང་སྒྲུང་། ཤོ་སྦག བང་གྱད་སྦེ་གསུམ་སོགས་ཀྱི་རྩེད་སྣ་ཅི་རིགས་བྱེད་པ་དང་། ཚེས7ཉིན་དབྱར་སྐྱིད་མཇུག་སྒྲིལ་གྱིས་གུར་གྲལ་བཤིག་པ་དང་རང་གནས་སུ་གྲོལ་བར་བྱེད་དོ།།  


བརྡ་འགྲེལ་གདོང་འཛར།

ལྷ་རི། དགྲ་ལྷ། སྡེ་དགོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།