ལོ་སར་འབྱུང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཐོན་སྐྱེད་གོང་འཕེལ་འགྲོ་བ་དང་བསྟུན། སྲོལ་རྒྱུན་དུ་དར་པའི་དུས་ཆེན་དེ་ལོ་ཡི་འཁོར་མོ་གཅིག་གིས་མཇུག་བསྡུས་ཤིང་། གཅིག་གིས་མགོ་བརྩམས་པའི་ལོ་གསར་གྱི་དགའ་སྟོན་ཡོ་ལང་རྒྱས་པར་བྱ་བ་འདི་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
ལོ་སར་འབྱུང་ལུགས།
དུས་ཚེ།
ཟླ་བ་བཅུ་གཅིག་པའི་ཚེས་གཅིག
1 ངོ་སྤྲོད།

གངས་ཅན་བོད་ཀྱི་གནས་འདིར།      འགྲོ་བ་མི་ཡི་རིགས་བྱུང་ནས་ལོ་སྟོང་ཕྲག་མང་པོའི་རིང་། ཁོ་ཚོས་རང་བྱུང་ཁམས་ལ་འཐབ་རྩོད་དང་འདུལ་ཐབས་བྱེད་པའི་རྒྱུད་རིམ་ལས།      འཚོ་བའི་ནང་དུ་ཉེ་བར་མཁོ་བའི་ཚེས་དང་ལོ་ཟླ་བྱུང་བར་མ་ཟད།      བོད་མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཐོན་སྐྱེད་གོང་འཕེལ་འགྲོ་བ་དང་བསྟུན།      སྲོལ་རྒྱུན་དུ་དར་པའི་དུས་ཆེན་དེ་ལོ་ཡི་འཁོར་མོ་གཅིག་གིས་མཇུག་བསྡུས་ཤིང་།  གཅིག་གིས་མགོ་བརྩམས་པའི་ལོ་གསར་གྱི་དགའ་སྟོན་ཡོ་ལང་རྒྱས་པར་བྱ་བ་འདི་བྱུང་བ་རེད།

2 བྱུང་རིམ།

དེ་ཡང་གནའ་མིས་ཉི་མ་ཤར་ནུབ་ལ་གཞིགས་ནས་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་བྱས་པའི་དུས་ཚོད་ཀྱི་བརྩི་གཞི་ཚེས་ཞེས་པ་བྱུང་།། ཡིན་ནའང་ཐོན་སྐྱེད་འཕེལ་རྒྱས་དང་སྤྱི་ཚོགས་དར་རྒྱས་སུ་འགྲོ་བ་དང་ཆབས་ཅིག  མི་རྣམས་ཀྱི་བློ་རིག་ལ་འཕེལ་འགྱུར་བྱུང་བས།     སྟབས་བདེའི་དུས་ཚོད་ཀྱི་བརྩི་གཞི་ཚེས་པ་ཞེས་པས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བར་ཁ་སྐོང་མི་ཐུབ་པར་གྱུར།

རིམ་བཞིན་མི་རྣམས་ཀྱིས། ནམ་མཁའི་ཟླ་བ་དེ་སྐབས་འགར་ཟླུམ་གོར་དང་སྐབས་འགར་ཟླ་གམ་ཡིན་པ་མཐོང་བ་ལ་དུས་ཡུན་རིང་བོར་ལྟ་ཞིབ་བྱས་རྗེས།  ད་གཟོད་ཡར་ངོའི་ཟླ་བ་ཉ་གང་བ་ནས་མར་ངོའི་ཟླ་བ་ནམ་སྟོང་གི་བར་དུས་ཀྱི་འཁོར་ཚིགས་ངེས་ཅན་ཞིག་ཡོད་པར་ཤེས་པས།   མི་རྣམས་ལ་ཡང་དུས་ཚོད་ཀྱི་བརྩི་གཞི་གསར་བ་སྟབས་བདེ་ལ་ཅུང་རིང་བའི་ཟླ་བ་བྱུང་བ་རེད།

3 བརྩི་སྟངས།

དུས་ཚོད་ཀྱི་བརྩི་གཞི་གསར་པ་དེ་དག་བྱུང་བ་དང་བསྟུན།     ཡང་དེ་ལས་རིང་བའི་བརྩི་གཞི་ཞིག་བྱུང་བ་དཔེར་ན།  དགུན་དུས་གྲང་རླུང་ལྡིང་ཞིང་ཁ་བ་བབས་པས།  གནའ་མིའི་མི་རྣམས་ལ་གྲང་ངར་འགོག་བྱེད་ཀྱི་གྱོན་ཆས་དང་།  ཕོ་བ་འགྲངས་བྱེད་ཀྱི་ཟ་མ་ཉར་ཚགས་བྱས་མེད་པའི་རྐྱེན་གྱིས་ཁོ་ཚོ་དགུན་དུས་ལ་ཧ་ཅང་སྐྲག་པ་དང་།   རིམ་བཞིན་གནམ་གཤིས་དྲོ་རུ་འགྲོ་བ་དང་ཆབས་ཅིག་རྩྭ་དང་རྩི་ཤིང་ལ་ལོ་འདབ་རྒྱས་ལ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་།  བྱ་བྱེའུས་སྐད་སྙན་སྒྲོག་པ་དང་མེ་ཏོག་གི་དྲི་ཞིམ་རབ་ཏུ་འཐུལ་བའི་དཔལ་ལ་རོལ་བས།    གནའ་མིའི་སེམས་ལ་འཚོ་བ་གསར་བའི་རེ་འདུན་དང་དགའ་སྐྱིད་ཀྱིས་ཁེངས་ལ།     རིམ་བཞིན་གནམ་གཤིས་ཉིན་རེ་ལས་ཉིན་རེར་ཇེ་དྲོ་རུ་གྱུར་ཏེ་རྩྭ་དང་རྩི་ཤིང་གི་སྐྱེ་སྟོབས་ཇེ་རྒྱས་སུ་སོང་བ་དང་འབྲེལ། རྩྭ་འབྲས་ཤིང་འབྲས་རྣམ་པར་སྨིན་པ་རྣམས་ལོངས་སྤྱོད་དུ་ཆོག་པ་ཁོ་ཚོས་བསྡུ་ཉར་གྱིས། སྐྱི་གཡའ་བའི་དགུན་དུས་བརྒལ་བར་གྲ་སྒྲིག་སྒོས་འཚོ་བའི་ལྟ་ཞིབ་དང་མྱོང་ཚོར་དུས་ཡུན་རིང་པོར་བྱས་རྐྱེན།    མི་རྣམས་ལ་དེ་ལས་ཆེ་བའི་དུས་ཚོད་ཀྱི་བརྩི་གཞི་སྟེ་ལོ་ཞེས་པ་བྱུང་བ་རེད་ལ།   དེ་དང་འབྲེལ་ནས་དུས་ཀྱི་ཚིགས་མཚམས་ཀྱང་ཤེས་པ་རེད།       

4 སྔ་རབས་པའི་གཏོང་སྲོལ།

ཡིན་ནའང་གནའ་མི་རྣམས་ཀྱིས་ངོས་འཛིན་དག་དེ་འདྲ་གསལ་བོ་ཞིག་མིན་ཞིང་ཐོ་རེ་ལོང་བ་ཞིག་ཡིན་རྐྱེན།   བོད་བཙན་པོ་སྤུ་དེ་གུང་རྒྱལ་གྱི་དུས་སུ། རྒན་མོ་བླ་མས་ཟླ་རྩིས་ནི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ལ་མཐུན་ཆེད། གནའ་མིའི་དུས་ལ་འཛིན་པའི་ཉམས་མྱོང་རྣམས་དཔྱད་གཞིར་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལོ་ཟླ་ཚེས་གསུམ་གྱི་འབྲེལ་བ་འཚོལ་ཞིབ་བྱས་པ་རེད།  དེ་གསུམ་བར་གྱི་འབྲེལ་བ་ནི་ཧ་ཅང་རྙོག་འཛིང་ཡིན་ཞིང་ཚན་རིག་འཕེལ་རྒྱས་བྱུང་མེད་པས་བརྟག་དཔྱད་ཡོ་བྱད་སྟབས་བདེ་མོ་དེ།  ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་བུའི་ཁམ་སྡོང་ལ་མེ་ཏོག་ཤར་འཕྲལ།  ལོ་གཅིག་གི་དུས་ཆེན་དེ་གཏོང་སྲོལ་ཆགས་པ་རེད།

5 ཁྱད་ཆོས།

དུས་ཆེན་དེར་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་འདུ་འཛོམས་ཀྱི་ངང་དུ་ཕོ་གཞོན་རྣམས་ཀྱིས་དྲག་པོའི་རྩལ་འགྲན།    མོ་གཞོན་རྣམས་ཀྱིས་དགའ་སྐྱིད་ཀྱི་གླུ་དབྱངས་ལེན་པ་དང་བྲོ་འཁྲབ་པ།      རྒན་བྱིས་རྣམས་ཡུལ་ལྗོངས་གང་ཡག་དང་མཚོའམ་མཚེའུ་གང་མཛེས་སུ་སྐོར་བ་རྒྱག་པ་དང་།    བོད་བཙན་པོ་སྤུ་དེ་གུང་རྒྱལ་ཡང་མཚོ་སྐོར་དང་རི་སྐོར་ལ་དྲག་གྲས་ཀྱི་བློན་པོ་དང་ཆབས་ཅིག་བྱོན་པའི་གོམས་སྲོལ་དར་བ་རེད།   

6 དོན་སྙིང་།

གོམས་སྲོལ་དེ་དང་མཉམ་དུ། སྔ་མོ་ནས་དར་བའི་བོན་གྱི་ཆོས་ལུགས་བྱུང་བ་ནས་ཕ་མེས་ཀྱི་དུར་ལྷ་དང་རང་གི་སྐྱེས་ལྷར་གསོལ་རྒྱུའི་རྟེན་དུ་ཟས་སྣ་དང་ཆང་ཕུད་འབུལ་བ་དང་།     མདའ་མདུང་ལ་དར་སྣས་བརྒྱན་ནས་རྟེན་དུ་ལུག་ལ་གོད་ཁ་མི་འབྱུང་བ་དང་འཕེལ་ཁ་མྱུར་བའི་ཆེད་དུ་མི་འགྱུར་གཡུང་དྲུང་གི་མཚན་མས་བརྒྱན་པ་དང་།      རང་གི་རླུང་རྟ་རྒྱས་པར་རི་རྩེ་མཐོ་སའི་རི་རྒྱུད་མུ་འབྲེལ་ཡིན་པར་དར་ལྕོག་འཛུགས་པ་དང་འབྲེལ།      ལྷ་མཆོད་ཀླུ་མཆོད་བྱེད་པ་སོགས་ཀྱི་ཚོ་ག་དེ་དག་དང་མཉམ་དུ། ཡར་ལྷ་ཤམ་བུའི་ཁམ་སྡོང་ལ་བལྟས་ནས་དུས་ཆེན་སྤྱི་བསང་གཏོང་བ་དེ་ལྷག་པར་དུ་ཇེ་འཛོམས་དང་ཇེ་རྒྱས་སུ་སོང་བ་རེད། 

7 སྲོང་བཙན་སྐབས་ཀྱི་གཏོང་ལུགས།

སྤྱི་ལོའི་དུས་རབས་བདུན་པ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས། རྒྱལ་བོ་ཐང་ཐེ་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོས་བསྣམས་པའི་སྔ་འགྱུར་རྒྱ་རྩིས་རྙིང་མའི་ལུགས་དང་།     ཡང་འགྱུར་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཞེས་པའི་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཆགས་པ་ཀོང་ཇོའི་ལུགས་དང་།      གཏོང་ལུགས་ཐད་གོང་གསལ་བོན་ལུགས་གཙོ་བྱས་པར་མ་ཟད། ད་རུང་གཞི་རྒྱ་ཇེ་ཆེ་ཇེ་རྒྱས་སྒོས་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དགུའི་དགུང་མོར།      ནང་མི་ཚོས་ལག་ཏུ་དཔལ་འབར་འཁྱེར་ནས་ཁྱིམ་གྱི་གྲྭ་གྲུའི་གཟའ་འདྲེ་སྒོར་འདེད་པ་དང་།    བཟའ་མི་ལྷན་འཛོམས་ཀྱིས་དགུ་ཐུག་འཐུང་ནས་དགུ་བཟློག་བྱེད་ཅིང་།     ཚེས་སུམ་ཅུའི་ཉིན་ལོ་གསར་གྱི་སྟ་གོན་ཡོངས་སུ་བྱས་ནས་དགོང་མོ་སྔ་མོར་མི་ཉལ་བར་བསང་གཏོང་བར་སྒུག་ལ། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཤར་མ་ཐག་ཏུ་ལངས་ནས་ནངས་བསང་གཏོང་། ཁ་དཔེར་དགོང་བསང་མ་སྔ་ནངས་བསང་མ་འཕྱི་ཞེས་ལྷ་བསང་གི་སྔ་ཕྱི་བརྩད་དེ་ཚེས་གཅིག་ནས་གསུམ་བར་ལོ་སར་གཏོང་སྲོལ་ཆགས། 

སྤྱི་ལོའི་དུས་རབས་བརྒྱད་པ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོན་གྱི་ཆོས་ལུགས་རིམ་བཞིན་ཉམས་རྒུད་དུ་གྱུར་པ་དང་།    རྒྱ་བཟའ་ཕྱི་མ་འུན་ཤིང་ཀོང་ཇོས་བསྣམས་པའི་བར་འགྱུར་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཟེར་བ་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་བ་དེ་དེང་དུས་གཙང་ཁུལ་དུ་་སོ་ནམ"ལོ་གསར་ཟེར་ལ།      ཨ་མདོ་ཁུལ་གྱིས་རྒྱ་ལོ་ཟེར་བ་དེའི་ལོ་གསར་རོལ་ཚུལ་ནི་ཀོང་ཇོ་སྔོན་མའི་ལུགས་དང་ཕལ་ཆེར་འདྲ། 

8 བོད་སིལ་བའི་སྐབས་ཀྱི་གཏོང་སྲོལ།

དུས་རབས་བཅུ་བ་བོད་རྒྱལ་གླང་དར་བཀྲོངས་རྗེས།    བོད་ཁམས་སིལ་ཁག་གིས་ས་ཁུལ་བཅད་བཟུང་བྱས་ཏེ་རང་རང་སོ་སོའི་ཆོས་ལུགས་ཐ་དད་པ་བྱུང་ནས་འདོད་པ་མི་མཐུན་པ་སྣ་ཚོགས་བྱུང་བས་ལོ་གསར་གཏོང་སྲོལ་དང་ལོ་མགོ་འཛིན་ཚུལ་ལའང་བཞེད་ཕྱོགས་མི་གཅིག་པ་བྱུང་།     

དུས་རབས་བཅུ་གསུམ་པའི་ནང་དུ་ཧོར་ཇིང་གིར་རྒྱལ་པོ་ཆིང་གེ་སེས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པས།      རྒྱལ་ཕྲན་སིལ་མ་རྣམས་མངའ་འོག་ཏུ་བསྡུས་ལ།      བོད་ཁྲི་སྐོར་བཅུ་གསུམ་ས་སྐྱ་བ་འགྲོ་མགོན་ཆོས་རྒྱལ་ལ་དབང་ཡོན་དུ་ཕུལ་བས།  རྒྱ་བོད་ཧོར་གསུམ་གྱི་ཆབ་སྲིད།   རིག་གཞུང་།    དཔལ་འབྱོར། ཆོས་ལུགས་བཅས་ཀྱི་འབྲེལ་བ་སྔར་མེད་གོང་འཕེལ་དུ་སོང་བ་དང་རྒྱ་ནག་གི་ཡང་ལེའི་ཟླ་བ་དང་པོ་ནི་བོད་ཟླ་དང་པོ་མཐུན་པར་བརྟེན། བོད་ཟླ་དང་པོ་ཧོར་ཟླ་དང་པོར་བསྒྱུར་ལ།     དེ་ནི་རྒྱལ་བོ་ཆིང་གེ་སེས་རྒྱལ་ས་ཐོབ་པའི་ཟླ་བ་ཡིན་རྐྱེན་དེ་དྲན་གསོ་བའི་ཆེད་དུ་ལོ་གསར་གྱི་ཟླ་བར་ངོས་བཟུང་ནས་རྒྱ་ལོ"ལོ་གསར་ཞེས་པའི་མིང་བཏགས་ནས།      བོད་ཁྲི་བསྐོར་བཅུ་གསུམ་ལ་གཏོགས་པ་ཚང་མས་རྒྱ་ལོ་ལོ་གསར་གཏོང་དགོས་པར་བཀས་བཅད་པ་དེ་ནས་བཟུང་།     བོད་རོང་འབྲོག་མང་ཆེ་བས་ཀྱང་སྔར་གྱི་ལོ་གསར་གཏོང་བའི་དུས་ཚོད་ཧོར་ཟླ་དང་པོར་བསྒྱུར།      རིམ་བཞིན་བྱ་བ་ཅི་བྱེད་ཀྱི་ལོ་མགོ་དེ་ནས་འཛིན་ལ་ལོ་གསར་གཏོང་ལུགས་ཐད།      ལུང་བ་རེ་ལ་དཔེ་རེ་ཞེས་པ་བཞིན་འདྲ་མིན་ཡོད་པས་མཐའ་གཅིག་ཏུ་ཁ་མཚོན་གཅོད་མི་ཐུབ་བོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།