ཁུ་བྱུག་མཆོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་གཅིག་ནང་བྱ་ཟླ་མཆོད་པ་དང་། ཁུ་བྱུག་མཆོད་པ། མེ་ཏོག་མཆོད་པ། ཉ་དྲུག་མཆོད་པ་ཞེས་བཀའ་གདམས་མཆོད་པ་དུས་བཞི་ཡོད་པའི་ཡ་གྱལ་གྱི་དུས་ཆེན་ཞིག
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
ཁུ་བྱུག་མཆོད་པ།
དུས་ཚེ།
བོད་ཟླ4བའི་ཚེས1ནས་ཚེས7བར།
1 ​ངོ་སྤྲོད།

བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་གཅིག་ནང་བྱ་ཟླ་མཆོད་པ་དང་། ཁུ་བྱུག་མཆོད་པ། མེ་ཏོག་མཆོད་པ། ཉ་དྲུག་མཆོད་པ་ཞེས་བཀའ་གདམས་མཆོད་པ་དུས་བཞི་ཡོད་པའི་ཡ་གྱལ་གྱི་དུས་ཆེན་ཞིག

2 བྱུང་རིམ།

རྭ་སྒྲེང་ཞེས་པ་ནི་མཁའ་འགྲོའི་བརྡ་སྐད་ཡིན་ཞིང་དེ་ཡང་ཇོ་བོ་རྗེས་རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ་ཆོས་ཀྱི་སྒོ་མོའི་དོན་དང་སྒྲེང་ནི་རྒྱལ་བསྟན་སྲིད་པའི་མཐར་ཐུག་བར་མི་ནུབ་པར་བསྒྲེངས་པར་བྱེད་པའི་དོན་ཡིན་པར་གྲགས། རྩ་བའི་རྭ་སྒྲེང་གི་གདན་ས་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་རྒྱལ་བ་འབྲོམ་སྟོན་པས་སྤྱི་ལོ1057ལོར་ཕྱག་བཏབ་པའི་བཀའ་གདམས་པའི་དགོན་པ་ཡིན། སྔར་དགོན་པ་དེའི་གཙུག་ལག་ཁང་ཆེན་མོར་རྒྱ་ཁྱོན་ཀ་བ280ཡོད་པ་དང་། གྲྭ་ཤག108དང་གྲྭ་གྲངས550ལྷག་ཡོད་པ། དགོན་པའི་ནང་སྐུའི་རྟེན་དུ་ཇོ་བོ་འཇམ་དཔལ་རྡོ་རྗེས་དབུས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདུང་རྟེན་དང་། བླ་མ་བསེ་གླིང་བའི་གདུང་རྟེན། ཁྲི་ཆེན་རིམ་བྱོན་གྱི་གདུང་རྟེན་ཡོད་པ། གསུང་གི་རྟེན་དུ་གསུང་རབ་འབུམ་ནག་ཆུ་ཡི་ཟིལ་པས་དབུས་བཀའ་བསྟན་འགྱུར་ས་ཡ་བཅུ་སྐོར་ཡོད་པ། ཐུགས་ཀྱི་རྟེན་དུ་གཙུག་ལག་ཁང་ནང་དུ་མཆོད་རྟེན་བཀྲ་ཤིས་དཔལ་འབར་གྱིས་དབུས་བཀའ་གདམས་མཆོད་རྟེན་དང་སྐུ་གདུང་ཆ་བརྒྱད་གསེར་དངུལ་ལི་དང་རག་སོགས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་གྲངས་མང་དང་ཕྱི་རུ་ས་རྡོ་ལས་གྲུབ་པའི་མཆོད་རྟེན་ཐོག་བརྩེགས་མ་བཞི་བརྒྱ་ལྷག་ཙམ་ཡོད་པ། རྭ་སྒྲེང་གི་ནུབ་བཅུ་མདོ་ནས་ཤར་སྒོའི་བར་རྒྱ་ཁྱོན་སོན་ཁལ་སུམ་སྟོང་ལྷག་ཙམ་ཡོད་པའི་གནས་རིའི་སྟེང་གནའ་བོའི་ཤུག་སྡོང་གྲངས་ལས་འདས་པ་ཡོད་པ་དེ་དག་ཁྲོད་དུ་མིང་ཡོད་པའི་ཤུག་པ་ཉིས་ཁྲི་ཆིག་སྟོང་སྐོར་ཡོད་པ་། ཤུག་གསེབ་ཏུ་རྗེ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་གནང་མྱོང་བའི་ཡང་དགོན་དགོན་པ་ཡོད་པ། དགོན་པའི་ཕྱོགས་བཞིར་ཙན་དན་དཀར་དམར་གྱི་སྡོང་བོ་ཡོད་པ། ཤུག་པ་རི་མོ་ནང་སྐོར་ཅན་དང་ཕྱི་སྐོར་ཅན་ཡོད་པ་སོགས་གནས་ཁྱད་པར་ཅན་མང་བོ་མཇལ་རྒྱུ་ཡོད། རྭ་སྒྲེང་དགོན་པ་ཐག་མར་འཛིན་སྐྱོང་གནང་མཁན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་གནང་སྐབས་རྒྱལ་དབང་ཚང་གིས་ཁོང་ལ་རྭ་སྒྲེང་དགོན་གྱི་མཁན་ས་འཛིན་སྐྱོང་བདག་ཐོབ་གནང་བ་ནས་བཟུང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྐྱེ་སྤྲུལ་རྣམས་ལ་རྭ་སྒྲེང་སྐུ་ཕྲེང་ཞེས་ཐོགས།       

3 འབྲེལ་ཡོད་ལོ་རྒྱུས།

རྭ་སྒྲེང་དུ་མིང་དུ་གྲགས་པའི་བསྟན་པའི་ཆུ་མིག་རིང་བོ་ཞེས་པའི་ཆུ་དེའི་འབྱུང་ཁུངས་བརྗོད་ན་སྔ་མོ་ཡུལ་དེར་མཚེའུ་ཞིག་ཡོད་པ་དེའི་སྟེང་མེ་ཏོག་དྲི་ཤང་སེར་བོ་གཅིག་སྐྱེས་ཡོད་པ་དེ་རྗེ་བཙུན་སྒྲོལ་མས་རྣམ་སྤྲུལ་གྱིས་ཇོ་བོ་རྗེ་དཔའ་ལྡན་ཨ་ཏི་ཤ་ལ་ཕུལ། རྒྱལ་བ་འབྲོམ་སྟོན་པས་སྐྱེར་བའི་ཚེར་ཕུང་གཉིས་ཡོད་པ་དེ་ཕར་བཀོག་སྟེ་ཤིང་གདུང་སྒྲིག དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཐིག་གདབ། དེའི་ཐོག་དབུ་རྩེ་ཀ་གཉིས་ཏེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བཞེངས། ཆུ་མིག་བརྒྱ་རྩ་བརྒྱད་འདུས་པའི་ཆུ་འགོ་ནས་བྱུང་། ཡང་བྱང་རྭ་སྒྲེང་དགེ་འཕེལ་གླིང་གི་ལྷོ་ནུབ་མཚམས་སུ་གནས་པའི་ཕ་བོང་ཐང་དེ་ནི་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱིས་གཙོས་མཁའ་འགྲོ་འབུམ་གྱི་བྱིན་གྱིས་རླབས་པའི་གནས་མཆོག་རྩ་ཆེན་ཞིག་ཡིན་ཞིང་། རིན་ཆེན་གཡུ་ཡི་འཁོར་ལོ་རིན་པོ་ཆེ་དང་འདྲ་བ་དང་། སེང་གེ ཁྱུང་། འབྲུག་སོགས་རྩ་ཆེའི་སྲོག་ཆགས་ཀྱི་གཟུགས་དང་བཀོད་པ་ཕུན་སུམ་ཚོགས་པ་འཆར་བའི་རིན་པོ་ཆེའི་ཕ་བོང་གྲངས་མེད་ཡོད།

བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་གཅིག་ནང་བྱ་ཟླ་མཆོད་པ་དང་། ཁུ་བྱུག་མཆོད་པ། མེ་ཏོག་མཆོད་པ། ཉ་དྲུག་མཆོད་པ་ཞེས་བཀའ་གདམས་མཆོད་པ་དུས་བཞི་ཡོད་པའི་ཡ་གྱལ་ཁུ་བྱུག་མཆོད་པ་ནི། ལོ་ལྟར་བོད་ཟླ་བཞི་བའི་ཚེས་གཅིག་ནས་ཚེས་བདུན་བར་ས་ཟླའི་དུས་མཆོད་དང་དུས་མཉམ་དུ་འཁེལ་བས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དུས་མཆོད་དེ་ནི་རང་གི་ལུས་ངག་ཡིད་གསུམ་དུ་འཁྱུད་པའི་ཉོན་མོངས་དུག་གི་དགྲ་བོ་འདུལ་བར་བྱེད་པའི་སྡིག་སྤངས་དགེ་སྒྲུབ་ཀྱི་དུས་ཚིགས་ཧ་ཅང་རྩ་ཆེན་གྱི་གྲས་ཤིག་ལ་བརྩིས་ཏེ་ལ་བརྒྱབ་ཀླུང་བརྒལ་གྱིས་རྭ་སྒྲེང་དགོན་པར་ཁུ་བྱུག་མཆོད་པ་མཇལ་བར་འགྲོ་སྲོལ་ཡོད།

དངོས་གཞིའི་ཉིན་མོ་སྟེ་ས་ཟླའི་ཚེས་བཅུ་བཞི་དང་བཅོ་ལྔའི་ཉིན་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱི་རང་སོའི་འཁོས་འབྱོར་ལ་གཞིགས་པའི་ཞལ་འདེབས་ཕུལ་འོག་སྒོར་ཁྲི་ཚོ་བཅུ་བཞི་ལྷག་ཙམ་བཏང་ནས་བཞེངས་པའི་སྐུ་རྒྱུ་གོས་བཟང་ཚོས་ཚོགས་ལས་གྲུབ་པའི་གོས་སྐུ་ཆེ་ཆུང་གཉིས་ཡོད་པ། དགེ་འདུན་པ་རྣམས་ཀྱིས་དུང་དང་རྒྱ་གླིང་གི་སྒྲ་དབྱངས་ཁྲོད་གདན་འདྲེན་ཞུས་ཏེ་དགོན་པའི་ཡང་སྟེང་ནས་བཀྲམས་པ་དང་། གོས་སྐུ་ཆེ་བར་མཐོ་ཚད་སྤྱི་ཁྲེ་བཅུ་དྲུག་དང་ཞེང་ཚད་སྤྱི་ཁྲེ་ཉི་ཤུ་ཡོད་པར་རྟེན་གཙོ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་དབུས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་སོགས་སྐུ་ཉི་ཤུ་རྩ་གསུམ་དང་གོས་སྐུ་ཆུང་བར་རྟེན་གཙོ་རྒྱལ་བ་བྱམས་པའི་དབུས་རྒྱན་དྲུག་མཆོག་གཉིས་སོགས་སྐུ་སུམ་ཅུ་ཡོད་པར་དད་ལྡན་མང་ཚོགས་ནས་འཇལ་ཁ་སྨོན་ལམ་ཞུ་བ་ཡིན།


བརྡ་འགྲེལ་གདོང་འཛར།

ཁུ་བྱུག མཆོད་པ། རྭ་སྒྲེང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-13

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།