རྒྱལ་བ་བྱམས་པ་གདན་འདྲེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་གྱི་ནམས་ལངས་སྔ་ཆར་བྱམས་པ་གདན་འདྲེན་པ་སྟེ་མ་འོངས་སྐལ་བཟང་རྣམ་འདྲེན་ལྔ་བ་རྒྱལ་བ་བྱམས་པའི་བསྟན་པ་འདྲེན་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
རྒྱལ་བ་བྱམས་པ་གདན་འདྲེན།
དུས་ཆེན་གྱི་ཉི་མ།
ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན།
1 ​ངོ་སྤྲོད།

ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ཉིན་གྱི་ནམས་ལངས་སྔ་ཆར་བྱམས་པ་གདན་འདྲེན་ཞེས་པ་མ་འོངས་སྐལ་བཟང་རྣམ་འདྲེན་ལྔ་བ་རྒྱལ་བ་བྱམས་པའི་བསྟན་པ་འདྲེན་རྒྱུའི་རྟེན་འབྲེལ་སླད།  གཙུག་ལག་ཁང་གི་རྟེན་གཙོ་བྱམས་མགོན་སྐུ་བརྙན་ཤིང་རྟ་འཁོར་ལོའི་སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་དང་།  ཕྱེ་ཕུར་སོགས་ཀྱིས་བརྒྱན་ཏེ་དུང་དང་རྒྱ་གླིང་གི་སྐད་སྙན་པར་འཁྲོལ་བའི་ཁྲོད་དུ་སེར་སྦྲེངས་དང་བཅས་བར་སྐོར་དུ་གདན་འདྲེན་པ་ལ་ཟེར།  

2 སྲོལ་བཏོད་ཚུལ།

འདི་ནི་རྗེ་བདག་ཉིད་ཆེན་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མ་འོངས་རྟེན་འབྲེལ་གྱི་ཆེད་དུ་སྲོལ་གཏོད་མཛད་པའི་ཆོས་ཀྱི་བྱེད་སྒོ་ཞིག་ཡིན།  ཉིན་དེར་དན་འབག་དང་ཡ་སྣའི་རི་ཟུར།  བར་མ་རི་ཟུར་བཅས་ས་ཆ་ཁག་གསུམ་ནས་རྟ་རྒྱུག་དང་མི་རྒྱུག  བར་རྒྱུག་བཅས་པ་དུས་གཅིག་ཏུ་གཅིག་རྗེས་གཉིས་བསྙེགས་ཀྱིས་རྩེ་མོ་ཕོ་བྲང་གི་མདུན་ལམ་བརྒྱུད་ཇོ་བོ་དབུ་སྐྲ་དང་གསུང་ཆོས་ར་བ་སོགས་ནས་ཇོ་བོ་རགས་རྒྱག་བར་བང་རྩལ་འགྲན་ནས་ཨང་རིམ་ལྟར་ལེགས་དར་དང་བྱ་དགའ་སྤྲོད་སྲོལ་ཡོད།  དེ་ནི་རྒྱལ་བ་བྱམས་པའི་བསྟན་པ་འཆར་བ་ན་འཁོར་གྱི་ཐོག་མར་འགྱུར་བའི་སྐལ་བ་ཐོབ་ཆེད་འགྲན་བསྡུར་ལ་ཞུགས་པ་ཡིན་ཞེས་གྲགས།  

དེ་ཡང་རྟ་རྒྱུག་མི་རྒྱུག་བྱེད་པའི་ནང་གཞུང་རྟ་བཅུ་ཡོད་པ་ཕུད་དེ་བྱིངས་མི་རྟ་རྣམས་ཤོད་སྐོར་བཀའ་བློན་མན་ནས་ལས་ཚན་པ་ཡན་གོ་བབ་མཐོ་དམན་ལ་གཞིགས་ཏེ་མང་ཉུང་དབྱེ་བས་འཁྲི་བ་ཞིག་ཡིན་འདུག  གཞན་ཡང་གཟིམ་སྦྱོང་བ་རྐང་དམག་གཡས་རུ་དང་གཡོན་རུ་གཉིས་ཀྱི་སྟོབས་ཆེན་གྱད་མིར་གྲགས་པས་སྦེ་ག་རྩལ་ཤུགས་བསྡུར་བ་དང་།  རྡོ་ཆེན་མགྱོགས་པ་སོགས་ཀྱི་ཤེད་རྩལ་འགྲན་སྲོལ་དང་།  ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་དད་ལྡན་མི་དམངས་ཚོས་སྔ་བོ་ནས་བྱམས་པ་གདན་འདྲེན་མཇལ་བ་དང་སྦྲགས་འཚང་ཁ་ཤིག་ཤིག་གིས་རྟ་རྒྱུག་མི་རྒྱུག་སོགས་ལ་ལྟད་མོ་བལྟ་བར་ཡོང་སྲོལ་ཡོད་ཅིང་།  དེ་ཉིན་ནས་སྨོན་ལམ་ཆེན་མོ་མཇུག་སྒྲིལ་བ་དང་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་ཡང་འབྲས་སྤུངས་སུ་ཕྱིར་ལོག་འགྲོ་དགོས་པ་བཅས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།