བྱང་འབྲོག་ལོ་སར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱང་འབྲོག་གི་ལོ་སར་ནི་འབྲོག་ཡུལ་རྣམས་སུ་རྒྱ་ལོ་དང་ལོ་སར་བྱ་བ་གཉིས་ཡོད་འདུག་ཅིང་། དེ་ལས་བྱ་ཟླའི་ཚེས་གཅིག་ཉིན་ནས་བཟུང་སར་གྱི་ཡོད་པའི་ལོ་སར་དུས་ཆེན་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དུས་ཆེན།
མིང་།
བྱང་འབྲོག་ལོ་སར།
དུས་ཆེན་གྱི་ཉི་མ།
བྱ་ཟླའི་ཚེས་གཅིག་ཉིན།
1 ​ངོ་སྤྲོད།

འབྲོག་ཡུལ་རྣམས་སུ་རྒྱ་ལོ་དང་ལོ་སར་བྱ་བ་གཉིས་ཡོད་འདུག་ཅིང་། དེ་ལས་རྒྱ་ལོ་ནི་སྦྲེལ་ཟླའི (12)ཚེས་གཅིག་ཉིན་སར་བ་དང་། ལོ་སར་ནི་བྱ་ཟླའི(1)ཚེས་གཅིག་ཉིན་ནས་བཟུང་སར་གྱི་ཡོད་པ་རེད། དེ་ཡང་རྒྱ་ལོ་ཞེས་པ་ནི་རྒྱ་རྩིས་ཀྱི་མགོར་ཁེལ་བའི་དབང་དུ་བྱས་པ་ཡིན་འདུག་ལ། སར་ཚུལ་རྒྱས་བསྡུས་ཀྱི་ཁྱད་པར་མ་གཏོགས་ལོ་སར་དང་འདྲ་བ་ཡིན། སྤྲེལ་ཟླའི་ཚེས་ཉེར་གསུམ་མམ་ཉེར་ལྔ་ནས་འབྲོག་པའི་ཁག་དང་ཉེ་བའི་སར་གནས་པའི་འབྲོག་མི་རྣམས་ཀྱིས་གྲོ་ཞོ་ཟོ་བ་ཁ་ཤས་ཁྱེར་ནས་དགོན་པར་འགྲོ་ཞིང་དགེ་འདུན་ལ་གྲོ་ཞོ་འབུལ་བ་དང་། དགོན་པ་ཁག་གིས་གཤེགས་བཀའ་བརྒྱད་ཀྱི་སྒྲུབ་མཆོད་འཛུགས་ཤིང་། ཚེས་ཉེར་དགུའི་དགུང་མོར་དགུ་གཏོར་རྒྱག་གི་ཡོད་པ་རེད། དགོན་སྡེ་དང་ཐག་རིང་བའི་འབྲོག་མི་དག་གིས་ནི་ཡུལ་དེར་ཡོད་པའི་མཆོད་གནས་འགའ་ཤས་ལ་བརྟེན་ནས་ཉེར་དགུའི་ནུབ་མོར་གོད་གླུད་བྱ་བ་ཕྱུགས་ལྕིས་བཟོས་པའི་མི་ནག་གཡག་བཞོན་པ། ལག་ཏུ་ཕྱུགས་ཀྱི་རྒྱུ་མ་ཁྱེར་ཞིང་མགོ་ལ་ཕྱུགས་ཀྱི་ཕོ་ཁ་གྱོན་པ། ཕྱུགས་ཀྱི་གདང་ཆད་སྣ་མང་ལུས་རྒྱན་དུ་བཏགས་པ་ཞིག་ཏུ་བཅོས་ཏེ་རང་རང་གི་སྦྲ་མི་མཐོང་བའི་སར་བསྐྱལ་ཀྱི་ཡོད་འདུག་པ་ནི་ཕྱུགས་ཀྱི་སྔར་བྱུང་གི་གོད་ཁའི་འཕྲོ་གཅོད་པ་དང་། ལོ་གསར་བར་གོད་ཁ་མི་འབྱུང་བའི་རྐྱེན་ཟློག་ཅིག་ཡིན་པ་རེད།  

ཚེས་གཅིག་གི་ནངས་མོར་འབྲོག་མི་ཚོ་སྔ་བར་ལངས་ཏེ། སྐར་ཆུ་ཞེས་འོད་མ་ཡལ་བའི་དུས་སུ་བླངས་པའི་ཆུས་སྦྲའི་ཕྱི་ལོགས་སུ་ཁྲུས་བྱེད་པ་དང་། སྐྱེས་པ་ཚོས་སྦྲའི་ཉེ་འཁོར་དུ་སྤོ་ཐོས་བཟོས་པའི་བསངས་ཁྲིའི་ཁར་བསངས་ཤིང་སུར་དཀར(བ་ལུ)དང་། ཉ་སྦྲིད། སྤེན་དཀར་བཅས་ཀྱིས་ལྷ་བསངས་འབུལ། བཀྲ་ཤིས་སྨོན་ལམ་རྒྱག་པ་དང་། བུད་མེད་ཚོས་ཡ་དོས་བྱ་བ་སྦྲ་ཕུག་གི་ནོར་བརྩིགས་ཀྱི་སྟེང་དུ་འཕྱིང་དཀར་གྱི་ཁེབས་དང་། དེའི་ཁར་ཕྱུར་རས་གཡུང་དྲུང་བྱས་པའི་ཐོག་ཕྱེ་མར་དང་ཞལ་གྲོ། ཞོ་འོའི་ཕུད་དང་མཆོད་མེ་གང་མང་ཕུལ་ཏེ་བཀྲ་ཤིས་སྨོན་ལམ་རྒྱག་གི་ཡོད་པ་རེད། ཕྱེ་མར་ནི་སྡེར་མ་ཞིག་རྩམ་པ་མར་དང་ལྷན་དུ་སྦྲུས་པ་ཕུང་བོར་སྤུངས་པའི་རྩེར་ཤིང་གི་རྩེ་ཁྲ་ལ་མར་གྱིས་ཉི་ཟླ་དང་ནོར་བུའི་དཀར་རྒྱན་བཏགས་པ་དང་། ཞལ་གྲོ་ནི་དངུལ་ལྡེར་སོགས་ལྡེར་མ་དཀར་བོ་གང་རུང་གི་ནང་དུ་གྲོ་བཙོས་དང་། ཕྱུར་བ། ཐུད་སྣ་ཚོགས་ལྷན་དུ་སྤུངས་པའི་ཁར་གྲོ་ཡི་ཁ་ཟས་དཔལ་བེའུ་མང་དག་སྤུངས་པ་ཡིན།

ནང་མི་ཚང་མ་སྦྲའི་ནང་དུ་འདུས་ཚེ། གུང་བསངས་ཞེས་གུང་ཡོངས་རྫོགས་འབྱེད་ཅིང་ཐབ་ཏུ་བསངས་ཤིང་གང་འཛོམས་ཀྱིས་བསངས་མཆོད་ཅིག་འབུལ་བ། དེའི་ཚེ་ནང་གི་བུ་རྒན་ཤོས་དང་མནའ་མ་གཉིས་ཀྱིས་ཕྱེ་མར་དང་ཞལ་གྲོ་སོ་སོར་ཐོགས་ཏེ་ཕ་མ་གཉིས་ནས་བཟུང་རྒན་རིམ་བཞིན་འགྲིམ་གྱི་ཡོད་པ་རེད། འབྲོག་མི་དག་གིས་གུང་བསངས་ཀྱི་སྐབས་སུ་སྦྲ་ནང་དུ་བསངས་དུད་མཐུག་པོར་བྱུང་ན་ནང་ཕྱུག་པོར་འགྱུར་བ་དང་བསངས་དུད་གུང་ནས་ཐད་ཀར་གནམ་དུ་ཕྱིན་ན་ནང་བཀྲ་ཤིས་པའི་དགེ་མཚན་བཟང་བོ་ཞིག་འབྱུང་བ་དང་། བསངས་དུད་གུང་ནས་རྒྱབ་ཏུ་ཕྱིན་ན་མི་བརྒྱུད་འཕེལ་བ་དང་། བསངས་དུད་ཕྱོགས་ཀུན་ཏུ་ཐར་ཐོར་དུ་ཕྱིན་ན་ཕྱོགས་འཕེལ་བ་དང་། བསངས་དུད་སྦྲའི་མདུན་ཕྱོགས་ནས་སར་འཁྱིལ་ན་མི་ལ་རྐྱེན་ཆག་འབྱུང་བ་དང་། བསངས་དུད་གུང་ནས་གཡས་སུ་ཕྱིན་ན་མོ་ལྷ་དར་བས་དཀར་ལོ་ལེགས་པ་དང་། བསངས་དུད་གུང་ནས་གཡོན་ཕྱོགས་སུ་ཕྱིན་ན་ཕོ་ལྷ་དར་བས་དགྲ་མགོ་ཐུལ་བ་དང་། བསངས་དུད་གུང་ནས་གཡས་གཡོན་ཀུན་ཏུ་འཁྱིལ་འགྲོས་བྱས་ན་དགྲ་མགོ་རྒོད་པ་ཡིན་ཞེས་བཤད་སྲོལ་ཡོད།    

ནང་མི་ཚོས་ཕྱེ་མར་ཕྲན་བུ་རེ་བླངས་ནས་གུང་བསངས་ཀྱི་ནང་དུ་མཆོད་ཅིང་། བཀྲ་ཤིས་པར་ཤོག ཞལ་དྲོ་བར་ཤོག ཚེ་རིང་བར་ཤོག ནད་མེད་པར་ཤོག ལམ་ཡག་པར་ཤོག གོད་ཁ་མེད་པར་ཤོག སྐྱིད་འཛོམས་པར་ཤོག ཅེས་བརྗོད་ཅིང་ཞལ་གྲོ་ནས་ཐུད་དང་གྲོ་མ་སོགས་ཅུང་ཟད་རེ་བླངས་ཏེ་རང་རང་གིས་ཟ་གི་ཡོད་པ་རེད།  དེ་ནས་དམིགས་བསལ་ལོ་སར་གྱི་ཆེད་དུ་བཟོས་པའི་རྩམ་ཁུ་ཞེས་བྱ་བ་ཞིག་འཐུང་སྲོལ་ཡོད་འདུག་ཅིང་། དེ་ནི་མར་ཁུ་འཚིགས་སུ་བཅུག་པའི་ནང་དུ་ཚྭ་ཅུང་ཟད་རྒྱག་ཅིང་། དེའི་ནང་དུ་རྩམ་པ་བླུགས་ནས་སླར་ཡང་ཅུང་ཟད་འཚིགས་སུ་བཅུག དེའི་ནང་དུ་ཇ་ཁུ་ཅུང་ཟད་བླུགས་ཤིང་། དེ་ནས་འོ་མ་མང་ཙམ་བླུགས་པའི་ཁར་ཕྱུར་བར་མང་ཙམ་རྒྱག་དགོས་ཀྱི་ཡོད་པ་རེད། དེའི་རྗེས་སུ་ལོ་མགོ་ཞེས་པའི་ཤ་དང་། ཁ་ཟས་ཀྱི་རིགས་དང་། ཤིང་ཏག་སྐམ་པོའི་རིགས་རྣམས་བཟའ་ཞིང་། བཟའ་བཅའི་རིགས་གཞན་དག་སོ་སོའི་འདོད་པ་ལྟར་འབྲོག་ཡུལ་དུ་དར་སྲོལ་ཡོད་པའི་བཟའ་བའི་སྐོར། གོ་རེ་ཞེས་པ་རོང་མིའི་བག་ལེབ་ལྟ་བུ་དང་། ཕོ་ལོག་ཅེས་པ་བག་གི་ནང་དུ་ཤ་ཚིལ་བཏུམས་ནས་མེར་བསྲེགས་པ་དང་། མཛོ་སྣ་ཚོགས་ཞེས་པ་བག་ཟན་མཛོའི་སྣ་ལྟར་བཟོས་ཏེ་ཆུར་བཙོས་ནས་དེ་དང་མར་ཕྱུར་བཅས་ལེབ་ལེབ་མོའི་དཀྱིལ་དུ་ཁུང་བུ་ཡོད་པར་བཟོས་ཏེ་འོ་མར་བཙོས་པ། བཅའ་བའི་སྐོར། རྒྱན་ལོག་ཅེས་ག་རིལ་གྱི་ནམ་དུ་ཤ་འཐུམས་ནས་ཐུག་པར་བཟོས་པ་དང་། བྲས་ཤ་ཁུ་ཞས་པ་འབྲས་ཐུག་ག་ནང་དུ་ཤ་བཏབ་པ་དང་། རྒྱན་ཐུག་ཅེས་པ་རོང་མིའི་བག་ཐུག་དང་འདྲ་བ་རྣམས་ཏེ། རྒྱན་ཞེས་པ་ནི་བག་ཟན་ཡིན་པར་ཤེས་དགོས་སོ།།   

འབྲོག་མིའི་མངར་ཆས་ཀྱི་གཙོ་བོ་ནི། ཞུན་ཞེས་པ་གྲོ་མ་ཡོངས་སུ་བརྗོས་ཏེ་ཕྱེ་མར་འཐག་པའི་ནང་དུ་མར་ཁུ་ཀ་རའམ་བུ་རམ་མང་ཙམ་བླུགས་ནས་ཆགས་སུ་བཅུག་པ་དང་། གྲོ་ཐུད་ཅེས་པ་གྲོ་མ་གོང་ལྟར་འཐག་པའི་ཕྱེ་མ་མར་ཕྱུར་བུ་རམ་བཅས་དང་ལྷན་དུ་སྦྲུས་པ་དང་། མོན་ཐུད་ཅེས་པ་མོན་དཀར་ཕྱེ་མར་འཐག་པའི་ནང་དུ་ཕྱུར་བ་ཅུང་ཟད་བླུགས་ནས་སྦྲང་རྩིས་སྦྲུས་པ་དང་། གཞན་ཡང་སྦྲང་རྩི་དང་འོ་མས་སྦྲུས་པའི་བག་ཟན་གྱིས་བཟོ་དབྱིབས་སྣ་ཚོགས་པའི་ཁ་ཟས་ཀྱི་རིགས་མར་ཁུར་བཙོས་པ་སོགས་ཡོད་པ་རེད།           

དེ་ལྟར་ཚེས་གཅིག་ཉིན་ལོ་སར་ཞེས་བྱ་བ་དགའ་སྟོན་གྱི་གཙོ་བོར་བྱེད་པ་དང་། ཚེས་གཉིས་ཉིན་ལོ་རྒྱབ་ཅེས་པ་རྩེད་མོའི་དགའ་སྟོན་སྣ་ཚོགས་བྱེད་པ་དང་། ཚེས་གསུམ་ཉིན་མནའ་ཡ་དང་གཉེན་ཚན་རྣམས་མགྲོན་དུ་འབོད་རེས་བྱེད་པ་དང་། ཚེས་བཞི་ཉིན་རུ་རོགས་ཕན་ཚུན་མགྲོན་དུ་འབོད་རེས་བྱེད་པ་དང་། ཚེས་ལྔ་ཉིན་རུ་སྐོར་སོ་སོ་ལྷན་དུ་འདུས་ནས་རྟ་རྩལ་བསྡུར་བའམ། མི་རྣམས་ཕན་ཚུན་ཤེད་ཚད་པའམ། སྒུར་འཐེན་ཞེས་པ་མི་གཉིས་ཀྱིས་ཐག་ཞགས་ཤིག་མགུལ་དུ་གྱོན་ནས་འཐེན་རེས་བྱེད་པ་དང་། ཐིག་སྒམ་ཞེས་བྱ་བ་མི་གཉིས་ཀྱི་ཐག་མདུད་ཆེ་བ་ཞིག་གི་སྣེ་བསྡམ་ཆོག་ཏུ་བཟུང་བའི་ནང་ནས་མི་གཞན་ཞིག་འཛུལ་བའི་ཚེ་ཐག་མདུད་བསྡམ་པའི་རྩེད་མོ་ཞིག་དང་། ཐིག་འཕགས་ཞེས་བྱ་བ་ཐག་མཐོན་པོར་བརྐྱངས་པའི་སྟེང་ནས་ཕར་ཚུར་འཕགས་པ་དང་། རྡོ་འབེན་ཞེས་བྱ་བ་རྡོ་ཐོ་ཆེ་ཆུང་ལྔ་བཙུགས་པ་མཐའ་ནས་གོང་དུ་རིམ་བཞིན་ལག་རྡོ་ཆུང་ངུ་ལྔས་བསློག་ཐུབ་པ་དགོས་ཤིང་། གལ་ཏེ་གོ་རིམ་ནོར་བར་འཕོགས་ན་སླར་ཡང་མཐའ་ནས་བཟུང་ཐོ་ཆུང་གཅིག་དང་། གཉིས་དང་གསུམ་ནས་ལྔའི་བར་གསར་དུ་བསླང་དགོས་པའི་རྩེད་མོ་རྣམས་རྩེ་སྲོལ་ཡོད་པ་རེད། དེར་མ་ཟད་འབྲོག་མི་རྒན་རིམ་རྣམས་ཀྱིས་མིག་མངས་དང་། རྒྱལ་བོ་སྒོ་དགུ། རྒྱལ་བོ་གཉིས་དང་། འགྲིག་ཅེས་པ་རྡོ་རྡེལ་ལ་བརྟེན་པའི་རྩེད་མོ་སྣ་ཚོགས་རྩེ་གི་ཡོད་པ་རེད། དགོང་མོར་རུ་སྐོར་གྱི་ཕོ་མོ་ཚང་མ་ཉེ་གས་ཀྱ་ཐང་ཞག་ཏུ་འདུས་ཤང་ཝང་ཁ་ཞེས་ཕྱུགས་ལྕི་མང་པོ་ཟླུམ་པོར་བརྩིགས་པའི་མེ་ཆེན་ཞིག་སྦར་ནས་འབྲོག་པའི་བུ་དང་བུ་མོ་ཚོས་ཞབས་བྲོ་འཁྲབ་ཀྱི་ཡོད་པ་རེད། རྗེས་སུ་དེར་ཡོད་ཀྱི་མི་ཚང་མ་ཕྱོགས་གཉིས་སུ་བགོས་ཏེ་གླུའམ་ཁེད་རྩོད་ཅིང་སྐབས་འགར་ཉིན་རྗེས་མ་རྣམས་སུའང་རྩོད་འཕྲོ་འཐུད་དགོས་པ་ཡོང་གི་ཡོད་པ་རེད།


བརྡ་འགྲེལ་གདོང་འཛར།

བྱང་འབྲོག ལོ་སར། དུས་ཆེན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།