བཞི་མཆོད་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། དེ་བཞིན་ལྷ་ཞོལ་གྲོང་མི་དང་བཅས་པའི་ཁང་བའི་ཡང་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བའི་མཆོད་མེ་སྦར་བ་དེ་ལ་བཞི་མཆོད་ཅེས་འབོད་པ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དུས་ཆེན།
མིང་།
བཞི་མཆོད་ཆེན་མོ།
དུས་ཆེན་གྱི་ཉི་མ།
བོད་ཟླ10བའི་ཚེས24ཉིན།
1 ​ངོ་སྤྲོད།

སེ་ར་ཕྱག་འདེབས་མཛད་པ་བོ་རྗེ་ཙོང་ཁ་བའི་དངོས་སློབ་མདོ་སྔགས་ཀྱི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཞེས་པ་ཤིང་ཕོ་རྟར( སྤྱི་ལོ1354ལོར) སྣོན་ཟླའི་ཡར་ངོའི་ཚེས་གཅིག་ཉིན་ལྷ་སའི་ཤར་ཕྱོགས་ཚལ་གུང་ཐང་དུ་ཚལ་བའི་དཔོན་རྒྱུད་དུ་འཁྲུངས། རྗེའི་བཀའ་བཞིན་ས་བྱི (1408) ལ་བླ་མ་གྲྭ་སློབ་ཏཱ་ཞིང་མི་བཞི་མི་སྣ་མང་བོ་རྒྱུད་ཁམས་ཕྱོགས་ལི་ཐང་ནས་གོང་མ་ཡུང་ལོ་རྒྱལ་བོའི་ཕོ་བྲང་དུ་ཕེབས་ཏེ་རྒྱ་ཧོར་ཡུལ་གྲུར་དགེ་ལྡན་པའི་བསྟན་པ་སྤེལ།

རི་ཕོ་རྩེ་ལྔ་དགོན་ཆེན་དྲུག་དང་རྒྱའི་མེ་ཏོག་ལྡུམ་རྭ་དང་ཉ་བར་ཧེ་ཡན་སི (海燕寺) ཞེས་པའི་དགོན་པ་བཏབ། གོང་མ་ཏཱ་མིང་ཡུང་ལོ་ནས་འགྲན་ཟླ་མེད་པའི་བླ་མར་མངའ་གསོལ་ཏེ། ཕྲིན་ལས་སྣ་ཚོགས་ལ་མཁས་ཤིང་གསལ་བ་ཆོས་ཉིད་དམ་པ་མཆོག་ཏུ་རྒྱལ་བ།  ཤེས་རབ་རྣམ་དག་སྣང་བ་ཆེན་པོ་ཀུན་ཏུ་ཁྱབ་ཅིང་རྒྱལ་ཁབ་སྐྱོང་བ། བསྟན་པ་རྒྱས་མཛད་རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་བོ་ཞེས་མཚན་དང་། འཇའ་ས། འབུལ་བ་མཐའ་ཡས་པ་ཕུལ་བ་དང་། བྱམས་ཆེན་བོད་དུ་ཕེབས་ཁར་མེ་སྦྲེལ ( སྤྱི་ལོ1416ལོར) ལོ་གོང་ནས་གསེར་ཡིག་པ་ཕེབས་སྐྱེལ་མི་སྣ་བཅས་ནང་སར་བཀའ་འགྱུར་གྱི་པར་ཐོག་མར་བརྐོས་པའི་པར་ཕུད་མཚལ་པར་ཐེམ་སྐས་ཅན་གདོང་ལ་གསེར་གྱི་ཡི་གེ་བྲིས་པ་ངོ་མཚར་ཅན་ཡང་བསྣམས་ནས་ཤན་ཟིའི ( 山西) ལམ་ཆེན་བརྒྱུད་ལི་ཐང་ནས་སེ་རར་ཕྱག་ཕེབས།  སེ་ར་འདེབས་པར་རྗེ་ཉིད་ནས་བཀའ་སློབ་གནང་ཞིང་རྗེས་ནས་ཡང་རྒྱུད་སྡེ་ནུབ་ལ་ཉེ་བས་དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་ཚུགས་པའི་རྒྱུད་གྲྭ་རྣམ་དག་འཛུགས་རྒྱུ་ཞལ་གྱེས་བཞེས། གྲུབ་པའི་དབང་ཕྱུག་ཤེས་རབ་སེང་གེ་ཆོས་དཔོན་དུ་བསྐོས།

རྗེའི་ཞལ་བཀོད་ལྟར་ས་ཕག( སྤྱི་ལོ1419ལོར)ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་གཙུག་ལག་ཁང་གི་རྨང་བཏིང་ནས་སྤྱིལ་བུ་སོགས་རིམ་གྱིས་བཏབ། སླར་ཡང་གོང་མའི་གདན་ཞུས་ལྟར་རྗེའི་དངོས་སློབ་ཆོས་རྗེ་དར་རྒྱས་བཟང་བོ་སེ་རའི་གདན་སར་བསྐོས་ཏེ་ཤིང་འབྲུག (སྤྱི་ལོ1424ལོར)རྒྱལ་ནང་དུ་ཕེབས། ཕོ་བྲང་ཁར་ཉེ་བར་འབྱོན་སྐབས་གོང་མ་གཤེགས། འོན་ཀྱང་སྲས་ཟོན་དེས་གོང་མ་ལས་ཀྱང་གུས་འདུད་མཛད། ལོ་བཅུ་གཉིས་བཞུགས་པ་ཤིང་ཡོས (སྤྱི་ལོ1435ལོར) བུ་ཆེན་ཀོའི་ཤིང་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་གཉིས་ལ་ཞལ་བཀོད་གནང་ནས་བོད་དུ་ཆིབས་བསྒྱུར་བའི་ལམ་ཁར་མཛོ་མོ་སྒང་དུ་དགུང་གྲངས་གྱ་གཉིས་པ་ཤིང་ཡོས(སྤྱི་ལོ1435ལོར) བོད་ཟླ10པའི་ཚེས24ཉིན་སྐུ་གཤེགས།

བྱམས་ཆེན་ནང་སར་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་བརྟེན་རྒྱ་བོད་ཧོར་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་སྐྱ་སེར་མཐའ་དག་གིས་ལོ་ལྟར་ཟླ་བཅུ་པའི་ཚེས་ཆེན་ཉེར་བཞིའི་ནུབ་མོ་གླིང་མེ་སྦར་བ་སོགས་བྱས་ནས་ཁོང་ལ་དྲན་གསོ་དང་འདས་མཆོད་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བའི་སྲོལ་བྱུང་བ་དང་།ཉིན་དེའི་དགོང་མོར་སེ་འབྲས་དགའ་སོགས་ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། དེ་བཞིན་ལྷ་ཞོལ་གྲོང་མི་དང་བཅས་པའི་ཁང་བའི་ཡང་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་སུ་མར་མེའི་ཕྲེང་བ་ཚར་དུ་དངར་བའི་མཆོད་མེ་སྦར་བ་དེ་ལ་བཞི་མཆོད་ཅེས་འབོད་པ་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།