ཕ་གཤོངས་རས་པའི་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་གཤོངས་རས་འཆམ་ནི་གཙང་བོའི་ཤར་ངོགས་སུ་གནས་ཡོད་པའི་གཤོངས་ཟེར་བའི་གྲོང་ཚོ་དེར་གནའ་ནས་ད་བར་རྒྱུན་འཛིན་བྱས་པའི་དམངས་ཁྲོད་སྒྱུ་རྩལ་གྱི་དུས་ཆེན་ཏེ་སྤོ་བོའི་ཡུལ་དུ་སྐད་གྲགས་ཆོད་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོད།
མིང་།
ཕ་གཤོངས་རས་པའི་དུས་ཆེན།
དུས་ཆེན་གྱི་ཉི་མ།
བོད་ཟླ11པའི་ཚེས10ཉིན།
1 ​ངོ་སྤྲོད།

གཤོངས་ནི་གྲོང་ཚོ་ཞིག་གི་མིང་ཡིན་ཞིང་། དེ་ནི་གཙང་བོའི་ཤར་ངོགས་སུ་གནས་ཡོད་པ་དང་། སྤོ་བོ་རྫོང་གི་རྫོང་མཁར་དང་རྒྱང་ཐག་སྤྱི་ལེ་དྲུག་ཅུ་ཙམ་ཡོད་པའི་གནའ་བོའི་གྲོང་ཚོ་ཆུང་ཆུང་ཞིག་རེད། གྲོང་ཚོ་དེར་གནའ་ནས་ད་བར་རྒྱུན་འཛིན་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་གྱི་དུས་ཆེན་ཕ་གཤོངས་རས་འཆམ་ཟེར་བ་ཞིག་ཡོད་པ་སྤོ་ཡུལ་དུ་སྐད་གྲགས་ཆེན་པོ་ཡོད། རས་འཆམ་ནི་རས་པ་འཁྲབ་པའི་དུས་ཆེན་ལ་ཟེར་བ་དང་། རས་པ་ནི་ལོ་རྒྱུས་གོ་རིམ་ལྡན་པའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་རིག་རྩལ་གྱི་གྲས་ཤིག་ཡིན་པས་དེར་རྒྱ་ཆེའི་བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་བོ་བྱེད་ཀྱིན་ཡོད།

ཕ་གཤོངས་རས་འཆམ་གྱི་དུས་ཆེན་འདི་བྱུང་ནས་ད་བར་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་ཕྱིན་ཡོད་པ་གྲོང་ཚོ་དེའི་རྒན་རབས་རྣམས་ཀྱིས་བརྗོད་ཀྱིན་འདུག དེ་ཡང་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་འཛུགས་མཁན་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་རས་ཆུང་རྡོ་རྗེ་གྲགས་པའི་དུས་སུ་བྱུང་བ་ཡིན་ཞེས་གྲགས་འདུག ཡིན་ནའང་རིག་གནས་གསར་བརྗེའི་སྐབས་སུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལ་གཏོར་བཤིག་ཆེན་པོ་ཕོག་སྟབས་ཕ་གཤོངས་རས་འཆམ་དུས་ཆེན་འདིའང་ལོ་ངོ་བཅུ་ཕྲག་གཅིག་ལྷག་ལ་བར་མཚམས་ཆད།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བ་དང་རིག་གནས་འཚོ་བའི་དགོས་འདུན་ཇེ་ཆེར་སོང་སྟེ་དམངས་ཁྲོད་རིག་གནས་སྒྱུ་རྩལ་སླར་གསོ་ཡོང་རྒྱུའི་རེ་འབོད་ཀྱིས་རས་པའི་སྒྱུ་རྩལ་པ་རྒན་རབས་རྣམས་ཀྱིས་རང་འགུལ་ངང་གྲོང་ཚོ་རིམ་པའི་རིག་རྩལ་གྱི་དུས་ཆེན་ཏེ་ཕ་གཤོངས་རས་འཆམ་བསྐྱར་གསོ་བྱས། 

ཕ་གཤོངས་རས་འཆམ་ནི་གཙོ་བོར་རྗེ་བཙུན་མི་ལ་རས་པར་དྲན་གསོ་བྱས་ཏེ་རས་པ་འཁྲབ་རྒྱུ་དང་ཆོས་ལུགས་ཀྱི་བྱེད་སྒོ་གཞན་དག་སྤེལ་བ། དངོས་ཟོག་བརྗེ་རེས་བྱ་རྒྱུ་བཅས་ཕྱོགས་བསྡུས་རང་བཞིན་གྱི་དུས་ཆེན་ཡིན་ལ། ཉིན་དེར་ས་མཐོའི་ཉི་འོད་གྲོང་ཚོར་འཕྲོས་པ་དང་གྲོང་ཡོངས་ཀྱི་ཁྱིམ་དུད་རེ་ནས་སྐྱེས་པ་རེ་གཟབ་མཆོར་གྱིས་ལེགས་པར་སྤྲས་ཐོག རྟའི་སྒ་ཆ་ལེགས་པར་སྤུད་པའི་རྟ་ཕོ་ཁྲིད་དེ་གྲོང་ཚོ་སྤྱི་པའི་བསངས་གསོལ་ར་བར་ཡོང་བ་དང་། དེ་ནས་རྗེ་བཙུན་མི་ལ་རས་པར་དྲན་གསོ་ཞུ་བའམ་ཡུལ་ལྷ་གསོལ་བའི་མཛད་སྒོ་སྤེལ་འདུག་དེ་ཡང་ཡུལ་ལྷ་གསོལ་བའི་མཛད་སྒོ་སྤེལ་བ་དང་སོ་སོའི་ཁྱིམ་ནས་ཁྱེར་ཡོང་བའི་བསང་རྫས་དང་བསང་ཤུག་བསང་ཁུང་དུ་བླུགས་ཏེ་ངག་ནས་བཀྲ་ཤིས་སྨོན་ཚིག་ཟློ་བ། མཇུག་མཐར་ཚང་མས་མགྲིན་གཅིག་གིས་ལྷ་གསོལ་ལོ། ལྷ་གསོལ་ལོ། ཆར་ཆུ་དུས་སུ་འབབ་པའི་བཀྲ་ཤིས་ཤོག། ལོ་ཕྱུགས་རྟག་ཏུ་ལེགས་པའི་བཀྲ་ཤིས་ཤོག། དམག་དང་མུ་གེ་མེད་པའི་བཀྲ་ཤིས་ཤོག། རྗེ་བཙུན་མི་རས་པས་སྐྱོབ་པར་ཤོག། ཅེས་སོགས་སྐད་གསེང་མཐོན་པོས་སྒྲོག་པ་དང་ཆབས་ཅིག་མི་རེ་རེ་བཞིན་རྟར་ཞོན་ནས་གྲོང་ཚོའི་མཐའ་ནས་སྐོར་བ་ཐེངས་གཅིག་བསྐོར་བས་གྲོང་ཚོ་ཧྲིལ་བོར་གནའ་བོའི་བརྗིད་ཉམས་ཀྱིས་ཁྱབ་པར་བྱས། མཛད་སྒོ་དེ་ནི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་པ་མ་ཟད། ཁྱིམ་དུད་སོ་སོའི་རྟ་དང་རྟའི་སྒ་ཆས། མིའི་རྒྱན་གོས་སོགས་འགྲན་བསྡུར་བྱེད་པའི་བྱེད་སྒོ་ཞིག་ཀྱང་ཡིན།  

དེ་ནས་གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་དར་གསུམ་སྤྱི་བའི་འདུ་འཛོམས་ར་བར་མཉམ་འཛོམས་ཀྱིས་ཇ་ཆང་དང་ཟས་སྦྱོར་ལོངས་སྤྱོད་ལ་རོལ་བ་དང་། ཕན་ཚུན་མཆོད་ཆང་འགྱོགས་རེས་དང་ཞིམ་ཟས་འགྲེམས་རེས། ཆེ་ས་གྲོང་ཚོའི་སྤྱི་དོན་ནས་ཆུང་ས་སྒེར་དུད་སོ་སོའི་སྒེར་དོན་སོགས་གླེང་མོལ་བྱས་ཏེ་ཕན་ཚུན་རྩེ་སེམས་ཇེ་ཟབ་ཏུ་གཏོང་བ་དང་། ཟས་སྦྱོར་གྱི་ལག་རྩལ་སྤེལ་རེས་བྱེད་པའི་འདུ་འཛོམས་ཤིག་ཀྱང་རེད།

ཕྱི་དྲོར་རས་ཕོ་རྣམས་ཀྱིས་ལག་གཡས་པས་སིལ་སྙན་ནམ་ཤངས་ཁྱེར་བ་དང་། ལག་གཡོན་མས་རྔ་ཕྱགས་ཁྱེར་བ། རས་མོ་རྣམས་ཀྱིས་རྔ་བརྡུངས་ཤིང་རྔ་དང་ཤངས་ཀྱི་སྒྲའི་འགྲོས་དང་བསྟུན་ནས་རས་པའི་ཞབས་བྲོ་འཁྲབ་ཡོང་བ་དེས་གྲོང་ཚོ་དང་རུ་ལུང་ཀུན་ལ་སྔ་ན་མེད་པའི་དགའ་སྤྲོ་དང་སྤོབས་ཉམས་བསྣན་ཡོང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།