དྲུང་སྤྱི་གླིང་གའི་དབྱར་སྐྱིད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲུང་སྤྱི་གླིང་གའི་དབྱར་སྐྱིད་ནི་ཤོད་སྐོར་ཛ་ཐའི་ནས་རིམ་བཞི་དང་། སྲས་རྣམ་པ། རིམ་པ་ལྔ་བའི་ནང་མའི་ལས་ཚན་ཡན་ཁྱིམ་ཚང་གཉིས་རེ་ཟླ་བསྒྲིལ་རེས་འཁོར་གྱིས་བོད་ཟླ་བརྒྱད་པའི་ནང་གཏོང་སྲོལ་ཡོད་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
དྲུང་སྤྱི་གླིང་གའི་དབྱར་སྐྱིད།
དུས་ཆེན་གྱི་ཉི་མ།
བོད་ཟླ་བརྒྱད་པའི་ནང་།
1 ​ངོ་སྤྲོད།

སྤྱི་ལོ1848བོད་ས་སྤྲེལ་ལོར་ནོར་གླིང་དབུ་གཡབ་གསར་བཞེངས་གནང་སྟེ་དེའི་ཕྱི་ལོ་ནས་གཟིམ་ཆུང་ཆབ་བཞུགས་དང་འབྲེལ་ནོར་གླིང་ཆོས་རའི་སྡིངས་ཆའི་ཐོག་གར་དང་། ལྷ་མོ་འཁྲབ་འགོ་ཚུགས་པར་བརྟེན་དུས་དེ་ནས་བཟུང་ལོ་ལྟར་ཆབ་བཞུགས་དང་། ནོར་གླིང་ཞོ་སྟོན་ཞེས་གཏོང་སྲོལ་བྱུང་འདུག་པ་གོ་ཐོས་ཟེར་རྒྱུ་ཙམ་མ་ཡིན་པར་ཡིག་རྙིང་ཁག་ནས་མཐོང་བ་ཞིག་ཡིན། ཐོང་གསལ་གཞུང་སྲོལ་གཞིར་བཞག་གིས་བཀའ་ཤག་དང་། ཡིག་ཚང་རྩེ་ཤོད་དྲུང་སྤྱི་དབྱར་སྐྱིད་དང་། དེ་མཚུངས་ལས་ཁུངས་ཁག་གི་སྤྲོ་སྐྱིད་བཅས་རིམ་བཞིན་དར་འགོ་ཚུགས་པ་ཞིག་ཡིན་དུག དྲུང་སྤྱི་དབྱར་སྐྱིད་ནི་ཤོད་སྐོར་ཛ་ཐའི་ནས་རིམ་བཞི་དང་། སྲས་རྣམ་པ། རིམ་པ་ལྔ་བའི་ནང་མའི་ལས་ཚན་ཡན་ཁྱིམ་ཚང་གཉིས་རེ་ཟླ་བསྒྲིལ་རེས་འཁོར་གྱིས་བོད་ཟླ་བརྒྱད་པའི་ནང་གཏོང་སྲོལ་ཡོད་ཅིང་། སྤྲོ་སྐྱིད་གཏོང་ཡུལ་ནི་དྲུང་སྤྱི་གླིང་ག་མ་རྒྱབ་ཕན་སོ་སོའི་སྒེར་ཁང་འཁྲོལ་འཁྱིལ་ཡོད་པ་དང་། དེ་མིན་ཕྱག་མཛོད་གླིང་ག་དང་། འཕྲལ་བདེ་གླིང་ག་སོགས་ལ་གུར་བརྒྱབ་ནས་གཏོང་བ་ཡིན།

ས་སྟག་ལོར་ཆབ་རྫིང་གླིང་གར་ཤོད་སྐོར་སྤྱི་ནས་ལག་གྲོན་བཏང་སྟེ་སྤྲོ་སྐྱིད་གཏོང་རེས་དྲུང་སྤྱི་གླིང་ག་ཞེས་གཏན་འཁེལ་བྱས་པ་དང་། སྤྲོ་སྐྱིད་གཏོང་རེས་སྤྱི་མི་གཉིས་ཀྱི་ནང་མི་གཡོག་འཁོར་དང་། སྤྱི་ཁྱབ་ལས་བྱེད་པ་བཅས་གླིང་གར་སྤོས་ཏེ་སྤྲོ་སྐྱིད་གསོལ་སྟོན་གྱི་དགོས་མཁོའི་རིགས་གྲ་སྒྲིག་གིས་དངོས་གཞི་གཏན་འཁེལ་མཚམས་སྤྱི་པ་གཉིས་སོགས་ཀྱིས་རང་རང་གོ་ཐོབ་ལས་གོས་གཟབ་མཆོར་སྤྲས་ཏེ་རྩིས་ཁང་དུ་གདན་ཞུར་བཅར་ཏེ་རྩིས་དཔོན་བཞི་དང་། རྩིས་པ་བཞི། ཡིག་ཚགས། རྩིས་ཕྲུག་ངོ་གཡོག་བཅས་གཟབ་མཆོར་གྱིས་ཆིབས་བསྟར་སྔོན་ཙམ་ལ་སྤྱི་པ་གཉིས་ཕེབས་ཐོག་དྲུང་སྤྱི་གླིང་གར་ཕེབས་ཉེར་མདུན་བསུ་དང་། སྤྲོ་སྐྱིད་ཁང་སྟེང་ནས་ལྷ་བསང་། བཀྲ་ཤིས་ཁྲ་རིང་། གཞུང་སྒོའི་འགྲམ་དུ་གཡུང་ལག་དཀར་ཐིག་སོགས་ཀྱི་གྲ་སྒྲིག་ཡོད་མུས་ཐོག་གཞུང་ཞབས་ཀྱི་བྱེད་པ་ཆེ་འབྲིང་ཆུང་གསུམ་འཁྲུང་གཡོག་གཉིས་བཅས་གོ་རིམ་བཞིན་ཕེབས་བསུ་འབྲང་བན་དུ་བཅར། རྩིས་དཔོན་རྣམ་པ་ཆིབས་བཤོལ་མཚམས་གྲ་སྒྲིག་ལེགས་པར་ཟིན་པའི་ཚོགས་ཁང་ཆེན་མོར་ཕེབས་བཞུགས་གྲལ་དུ་འཁོད་འཕྲལ་གསོལ་ཇ་དང་། གསོལ་གྲོ། བཞེས་འབྲས། གྲོ་ཕྱེ། རྒྱན་བཟང་མས་ཕུད་གཏོར་ཞུས། རྒྱ་ཟས་མ་བྱན་ནས་མར་ཟན་དང་། ལིབ་ཐུད། དཀྲུམ་ལྡེར་བཅས་བོད་ཟས་བཏེགས་འབུལ་ཞུ་ཡི་ཡོད་པ་དང་། བཞུགས་གྲལ་གྲོལ་མཚམས་རང་རང་གོ་བབས་ཀྱི་སྤྲོ་སྐྱིད་ཁང་སོ་སོར་ཕེབས་རྗེས་གསོལ་ཇ་དང་། ཞོགས་པའི་ལྗགས་ཞིབ་ཐོག་ཚལ་སྣེ་གང་རྒྱས་བཏེགས། ཉིན་གུང་གསོལ་ཚིགས་མགྲོན་ཁང་ཚང་མར་བཞེས་ཐུག་རྒྱ་ཐུག་དང་། ཇིའི་ཚོན་ཀོ་རྡེལ། གྲང་ཚལ། དགོང་དྲོ་གསོལ་གྲོ་རྒྱ་ཟས་བཏེགས། སྐུ་མགྲོན་ཞབས་གྲས་རྣམས་ལ་མགྲོན་ཁང་ཟུར་ཡོད་ཇ་ཆང་དང་། ཉིན་གུང་། དགོང་དྲོ་བཅས་ལ་བབས་མཚུངས་ཀྱི་སྟོན་མོ་བཤམས། ཉིན་གསུམ་པར་རྣམ་པའི་ཆིབས་བསྟར་སྔོན་ཙམ་ཕེབས། མགྲོན་དྲུང་དང་བཀའ་ཤག་ཤོག་པ་བཅས་ལྷན་ཕེབས་ཀྱིས་དུང་བསུ། འབྲང་བན། སྐེ་ལེན་སོགས་སྔར་ལམ་ལྟར་དང་། རྩེ་སྐོར་ནང་མ་མཁན་སྡེ་ཆེ་ཆུང་ཁག་མཁན་དྲུང་རྣམ་པ་བཞི། རྩེ་མཁན་མགྲོན་ཆེ་བ།སྣེ་མགྲོན་བཅས་ཀྱང་སྐུ་མགྲོན་ལ་གདན་ཞུས། ཉིན་བཞི་བར་དགོང་དྲོའི་གསོལ་ཚིགས་གྲོལ་མཚམས་ཁང་ཆེན་མོར་ནང་གཞས་འབུལ་རྒྱུར་གདན་ལྕོག་གཟབ་སྒྲོན་གྱིས་སྐུ་མགྲོན་སྐྱེས་ཕོ་མོ་ཚང་མ་གོ་རིམ་བཞིན་ཞུགས་ཐོག་དབུས་སུ་ནང་གཞས་འབུལ་མི་དང་། གར་རོལ་གཟུགས་བཟང་མ་བཅས་ཁྱོན་མི་གྲངས་བཅོ་ལྔ་བསྐོས་ནས་སྒྲ་སྙན། པི་ཝང་། གླིང་བུ། ཡང་ཆིན་བཅས་སྙན་དགུ་འཁྲོལ་བའི་ནང་གཞས་སྣ་མང་དང་། རྐྱང་གཏོང་གླུ་གར་སོགས་ཀྱི་འཁྲབ་སྟོན་བྱེད། ཉིན་གཞུང་ཞབས་ནང་ནས་རྣམ་ཀུན་གླུ་གཞས་ལ་དགྱེས་དབྱིངས་ཡོད་ལ། འབུད་རྒྱུད་འཁྲོལ་གསུམ་གྱི་སྦ་ཆའི་རིགས་ལ་ཤིན་ཏུ་མཁས་པའི་མི་རྣམས་ཀྱང་སྤྲོ་སྐྱིད་རིང་གཞས་རར་ཡང་ཕེབས་ཏེ་མཉམ་གཏོང་གླུ་གཞས་ནང་བཞུགས་པ་དང་། ལྷག་པར་དེ་ནུབ་ཚོགས་ར་དེ་ཧ་ཅང་འཁྲུག་ལ་དགའ་སྤྲོའི་རྣམ་པས་ཁེངས་བཞིན་པའི་ཐག་གསོལ་ཇ། མཆོད་ཆང་། མཉེས་ཟས་བཞེས་སྤྲོ་སོ་སོ་ཞབས་བྲོ་མཇུག་བསྒྲིལ་མཚམས་སྤྱི་པ་གཉིས་ནས་ཟློས་གར་བ་ལ་ཁ་བཏགས་སྒྲོན་ཏེ་གྲོལ་བ་རེད།

དེ་ལྟར་ཉིན་བདུན་སོང་བའི་དགོང་དྲོའི་གསོལ་ཚིགས་གྲོལ་མཚམས་ཚོགས་ཁང་ཆེན་མོར་རྩིས་དཔོན་རྣམ་པ་བཞི་དང་། ཛ་ཐའི། རིམ་བཞི་བཅས་བཞུགས་གྲལ་དུ་འཁོད་མཚམས་གསོལ་ཇ་བཞེས་འབྲས།  གྲོ་ཕྱེ།  རྒྱན་བཟང་མས་ཕུད་གཏོར་བཅས་ཞུས།  རྒྱ་ཟས་མ་བྱན་ནས་བོད་ཟས་བཏེགས་འབུལ་སོགས་ཞུས་ཟིན་མཚམས་རྩིས་ཁང་ནས་སྤྲོ་སྐྱིད་སྤྱི་པ་གཉིས་ལ་མཇལ་དར་ནང་མཛོད་རེ་དང་དེ་བྱིངས་སྤྱི་ཁྱབ་ལས་བྱེད་པ། རྒྱན་བཟང་མ་བཅས་ལ་གོ་རིམ་བཞིན་མཇལ་དར་སྒྲོན། དེ་ནས་སྤྲོ་སྐྱིད་སྤྱི་པ་གཉིས་ནས་རྩིས་དཔོན་རྣམ་པ་བཞི་དང་། ཛ་ཐའི། རིམ་བཞི། སྲས་རྣམ་པ་ལས་ཚན་ཆེ་ཆུང་དྲུག་དཀྱུས་ཡན་ལ་གོ་བབས་ཀྱི་མགུར་དར་སྒྲོན་ཟིན་བསྟུན་ཚང་མ་རྡོ་གཅལ་ནང་བསང་འཁུར་བསང་མེ་སྤར་ཐོག་ཚད་ཙམ་དང་ཕྱེ་མར། ཆང་ཕུད་བཅས་གྲ་སྒྲིག་ཡོད་སར་ཕེབས་ཏེ་བསང་མེ་སྤར་ཐོག་ཚང་མས་རྩེ་ཕོ་བྲང་ལ་ཞལ་ཕྱོགས་ནས་གོ་རིམ་བཞིན་བཞེངས་སྟབས་སུ་བཞུགས་ནས་ཕྱེ་མར་སྤར་མོ་རེ་བཞེས་ཏེ་ལྷ་རྒྱལ་བཀྲ་ཤིས་དགུ་བརྩེགས་ཀྱི་མཐར་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ལྷ་རྒྱལ་དབྱར་རྔ་ལྡིར་བ་ལྟར་བསྒྲགས་ཏེ་དེར་ཡོང་ཚང་མ་ས་ཕྱེ་མར་དང་།  ཆང་ཕུད་ལ་ཕུད་གཏོར་གནང་ནས་ཚིབས་བསྟར་སྒྲིག་མཚམས་སྤྲོ་སྐྱིད་གནང་ལམ་ཡོད། སྤྱི་པ་གཉིས་ལ་དྲུང་སྤྱིའི་སྤྲོ་སྐྱིད་ཀྱི་མཐུན་རྐྱེན་ལྟ་བུར་མར་ཁལ་ཉིས་བརྒྱ་སྐོར་བསྡུ་ལམ་ཡོད་པ་དང་། དེ་བྱིངས་གཉིས་ནས་རང་གཤོམ་བྱེད་དགོས་པའི་ཐོག་དྲུང་སྤྱིར་འཛིན་ཆས་སྣ་རེ་གཉིས་ཙམ་རང་རང་བློས་བཅས་སྤྱི་འཇོག་བྱེད་སྲོལ་ཡོད་པ་བཅས་རེད། 


བརྡ་འགྲེལ་གདོང་འཛར།

གླིང་ག དབྱར་སྐྱིད། སྤྲོ་སྐྱིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།