པར་པ་ཏ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

པར་པ་ཏ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྐྱེ་དངོས།)

པར་པ་ཏ།
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྙུང་རིལ་དབྱིབས་ཕྲ་ཞིང་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ། ལོ་མ་ལྗང་དཀར་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལ་ངར་པ་རིང་བ་གཞི་རྩ་ནས་སྐྱེ་བའི་དབུས་ནས་སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བ་ཁ་ཤས་དོན་ཏེ་དེ་ལས་ཡལ་ག་གྱེས་ཤིང་ས་ལ་འབྱར་ནས་སྐྱེ་བ། སྡོང་པོར་སྐྱེ་བའི་ལོ་མ་རྣམས་ཁ་སྤྲོད་སྐྱེ་ཞིང་ངར་པ་ཐུང་བ། མེ་ཏོག་དཀར་ཆུང་འདབ་མ་མང་བ་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། གང་བུ་ཕྲ་ལ་རིང་བའི་བར་མཚམས་སུ་ཉག་ག་ཡོད་པའི་ནང་འབྲུ་གུ་དཀར་པོ་ཞིབ་ཅིང་མང་བ་དབྱིབས་མོན་སྲན་འདྲ་བ་མཆིས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
角茴香
དབྱིན་ཡིག་གི་མིང་།
a type of herbal medicine
མིང་གི་རྣམ་གྲངས།
སྐྲ་བཟང་ཟིལ་བ། སྔོན་པོ་ཆིག་ཐུབ། འཁྲི་ཤིང་རལ་བ་ཅན། མི་རྒན་རལ་བ་ཅན། རིམས་འཇོམས།
ཁོངས་གཏོགས།
རྩྭ་སྨན་གྱི་རིགས།
1 ངོ་སྤྲོད།

འཁྲུངས་དཔེ་ལས། པར་པ་ཏ་ཞེས་བྱ་བ་ནི། ། ས་ནག་ཧྲུལ་དང་མཚེར་ལས་སྐྱེ། ལོ་མ་སྔོ་སིབ་ས་ལ་གྲམ། ། གང་བུ་ནར་མོ་ཉ་ག་ཅན། ། འབྲས་བུ་ཞིབ་མོ་མོན་སྲན་དབྱིབས། ། རོ་ཁ་ནུས་བསིལ་རིམས་དུག་སེལ། ། ཞེས་པ་ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྙུང་རིལ་དབྱིབས་ཕྲ་ཞིང་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ། ལོ་མ་ལྗང་དཀར་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལ་ངར་པ་རིང་བ་གཞི་རྩ་ནས་སྐྱེ་བའི་དབུས་ནས་སྡོང་པོ་ལྗང་སྐྱ་ཕྲ་ལ་རིང་བ་ཁ་ཤས་དོན་ཏེ་དེ་ལས་ཡལ་ག་གྱེས་ཤིང་ས་ལ་འབྱར་ནས་སྐྱེ་བ། སྡོང་པོར་སྐྱེ་བའི་ལོ་མ་རྣམས་ཁ་སྤྲོད་སྐྱེ་ཞིང་ངར་པ་ཐུང་བ། མེ་ཏོག་དཀར་ཆུང་འདབ་མ་མང་བ་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། གང་བུ་ཕྲ་ལ་རིང་བའི་བར་མཚམས་སུ་ཉག་ག་ཡོད་པའི་ནང་འབྲུ་གུ་དཀར་པོ་ཞིབ་ཅིང་མང་བ་དབྱིབས་མོན་སྲན་འདྲ་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་ཚེར་མའི་གསེབ་དང༌། ས་རྒོད། རི་མ་ཐང་གི་ཞིང་གསེབ་སོགས་སུ་སྐྱེ་བ་མང་། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁྲིས་ཚད་རྒྱས་པ་དང༌། རིམས་དང་དུག་ཚད་རྒྱས་པ། མཆིན་པར་ཚ་བ་རྒྱས་པ། ཚ་བ་མ་སྨིན་པ་སོགས་སེལ་བར་བྱེད་པ་ཡིན།

2 སྐྱེ་གནས།

མཚོ་ངོས་ལས་སྨི1700-4300བར་གྱི་འབྲོག་པའི་མཚེར་ནག་དང་ཞིང་རྒོད། ཟམ་ཟུར་སོགས་གནས་གང་དུའང་སྐྱེ།

3 སྦྱར་བྱ།

སྤྱི་ཟླ་དྲུག་པ་ནས་བརྒྱད་པའི་བར་གྱི་ལོ་མ་བཏུ་དགོས།

4 ཉར་ཐབས།

གཙང་མར་བཀྲུས་ནས་སྔོ་ཆོལ་དམའ་ཕབ་སྐམ་གསེད་བྱ།

5 ངོ་བོ།

རོ་ཁ་ངོ་བོ་བསིལ།

6 ཕན་ནུས།

རིམས་དང་དུག་ཚད། ཁྲག་ཚད་གཅོག་ཅིང་དུག་ནད་ལའང་ཕན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-14

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།