ས་ག་ས་རིའི་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ག་ས་རིའི་དུས་ཆེན།
ས་ག་ས་རི་ཞེས་པ་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་གཉིས་བཞུགས་སའི་ཆོས་རྒྱལ་ལྷ་ཁང་ནང་ལ་འབྲུ་འབོ་གང་དང་སྲན་མ་འབོ་གང་། ནས་འབོ་གང་། ཆང་ཚོད་གཅིག་བཅས་བཞག་གི་ཡོད་སྐད་དེ། འདི་ནི་སྲོང་བཙན་སྐུ་མཚམས་གྲོལ་བའི་དུས་སྟོན་ཡིན་ནོ།།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་སྲོལ་རྒྱུན་རིག་གནས།
མིང་།
ས་ག་ས་རིའི་དུས་ཆེན།
དར་ཡུལ།
ལྷ་ས།
དུས་ཚོད།
སྐར་མ་ས་ག་ས་རི་ཤར་དུས།
1 ​ངོ་སྤྲོད།

དཔྱིད་མགོ་ཚུགས་ལ་ཉེ་དུས་ཁྲ་འབྲུག་དགོན་པར་ས་ག་ས་རི་ཞེས་པའི་དུས་སྟོན་གྱི་ཆོ་ག་ཞིག་གཏོང་གི་ཡོད། ཆོ་ག་དེའི་དབུ་སྐྱོང་མཁན་ནི་དཀོན་གཉེར་དཔོན་ཞེས་པ་དེ་ཡིན། དེ་ཚེ་ལྷོ་སྤྱི་དང་སྣེ་གདོང་རྫོང་དཔོན་བཅས་ཚང་མ་དེར་ཕེབས་ཀྱི་ཡོད། ས་ག་ས་རི་ཞེས་པ་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་གཉིས་བཞུགས་སའི་ཆོས་རྒྱལ་ལྷ་ཁང་ནང་ལ་འབྲུ་འབོ་གང་དང་སྲན་མ་འབོ་གང་། ནས་འབོ་གང་། ཆང་ཚོད་གཅིག་བཅས་བཞག་གི་ཡོད་སྐད། བརྗོད་སྲོལ་ལ་སྔར་བཙན་པོའི་སྐབས་སུ་ས་ག་ཞེས་པའི་སྐར་མ་དེ་འཆར་བ་དང་སྲོང་བཙན་སྐུ་མཚམས་བཞུགས་འགོ་ཚུགས་ཤིང་དེའི་རིང་ལ་འདུ་ཁང་ནང་གི་གཙང་ཁང་གི་རྒྱལ་སྒོ་བརྒྱབ་སྟེ་དར་ཚོན་སྣ་ལྔས་སྒོ་ལྕགས་ལ་ལན་བུ་རྒྱག་ཅིང་དེའི་སྟེང་དུ་ཆོས་སྐྱོང་ཚངས་པས་དམ་ཐེལ་རྒྱག དེ་ནས་ཆོས་སྐྱོང་མར་སྲོང་བཙན་གྱི་མཚམས་ཁང་ལ་གདན་འདྲེན་ཞུས་རྟིང་མཚམས་སྒོ་ཆོས་སྐྱོང་སྐུ་ངོ་མས་བསྐྱོན་གྱི་ཡོད་སྐད། སྲོང་བཙན་མཚམས་ལ་བཞུགས་རིང་ལ་དགོན་པ་ལ་ཆོས་མཇལ་སོགས་གང་ཡང་མེད། རྗེས་མ་སྐར་མ་ས་རི་ཞེས་པ་དེ་ཤར་མ་ཐག་ཡང་བསྐྱར་ཆོ་ག་ཞིག་བྱས་ནས་སྐུ་མཚམས་གྲོལ་སྐད་དོ།།

ཕྱིས་སུ་མཚམས་ཁང་དེའི་ནང་ལ་གནས་བརྟན་བཅུ་དྲུག་གི་སྐུ་གདན་འདྲེན་ཞུས་ནས་གནས་བཅུ་ལྷ་ཁང་ཞེས་འབོད་ཅིང་ལྷ་ཁང་དེའི་རྟེན་གཙོ་ནི་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོའི་འཇིམ་སྐུ་ཡིན་པ་མ་ཟད་ས་ག་ས་རི་ཡི་ཆོ་ག་དེ་མུ་མཐུད་བྱེད་ཅིང་སྲོང་བཙན་སྐུ་མཚམས་སུ་བཞུགས་པའི་ཚུལ་བྱེད་དོ།།

གོང་དུ་བརྗོད་པ་བཞིན་ས་རིའི་སྐབས་སུ་སྲོང་བཙན་སྐུ་མཚམས་གྲོལ་བའི་དུས་སྟོན་ཡིན་པས་དེའི་ཚེ་དཔོན་སྣ་བོ་ཆེ་ཞེས་ཞྭ་ནག་གི་གོས་གཟན་འདྲ་བ་ཞིག་གྱོན་ནས་ཙན་དན་ལས་བཟོས་པའི་སྣ་ཁུག་ཤིན་ཏུ་ཆེན་པོ་ཡོད་པའི་ཞལ་འབག་མཆོད་དེ་འཁྲབ་ཟིན་ནས་སྐུ་ཆས་དག་སྐུ་ཁོག་གི་གཟིམས་ཁང་ནང་ལ་འཇོག་གི་ཡོད་དེ་སྐུ་ངོ་ཆོས་རྗེའི་ཞབས་ཕྱིར་འཁྲིད་ནས་ས་གཞི་མར་མནན་པའི་ཆོ་ག་སྟབས་བདེ་ཞིག་བྱེད་ཀྱི་ཡོད་པ་ནི་དཔོན་སྣ་བོ་ཆེས་དབྱུག་པ་རིང་བོ་རྐྱང་བ་ཞིག་ལག་པར་འཁྱེར་ཡོང་ནས་མཚམས་ཁང་གི་སྒོ་ཡོལ་དང་རྩིག་ཟུར་གང་སར་བཞུགས་ནས་སྐད་སྒྲ་ཆེན་པོ་གྲགས་སུ་བཅུག  དེ་ནས་ལུག་གུ་དོང་དུ་ཆང་དང་ནས་འབྲུའི་འབོ་ཆེ་ཆུང་སྣ་ཚོགས་བསྒྲིགས་ནས་མཆོད་འབུལ་ཞུས་ཤིང་སྐུ་ངོ་ཆོས་རྗེས་ཁྲ་འབྲུག་གཟིམས་ཁང་ལ་ཕེབས།

རྨོན་པ་རྒྱག་ཡས་གླང་གོག་དོར་ཞིག་འཁྲིད་ཡོང་ནས་དཔོན་སྣ་བོ་ཆེ་དང་མཉམ་དུ་ཞིང་ནང་ལ་བྱོན་ནས་གཅིག་གིས་འབྲུ་དང་གཞན་ཞིག་གིས་མཐོང་གཤོལ་ཟིན་ནས་ལོ་དེའི་རྨོ་མགོ་ཐོག་མ་ཞིང་ནང་ལ་གྲོ་ནས་སྲན་གསུམ་ག་བཏབ་ན་ལེགས་མིན་བརྟག་པའི་ཚེ་གལ་ཏེ་ནས་མང་མ་བཤོས་སོང་ན་ལོ་དེར་ནས་རྐྱང་འདེབས་ཤིང་ནས་སྲན་བསྲེས་ནས་བཤོས་ཡོད་ན་དེ་ལྟར་འདེབས་དགོས་ཞེས་པའམ་བྲོ་བཤོས་སང་ནད་ལ་ཐབས་ཤེས་གང་དྲག་བཏོན་ནས་གྲོ་གང་མང་བ་འདེབས་དགོས་ཞེས་སྲོལ་ཡོད་པ་དེ་ནི་ས་ག་ས་རི་ཞེས་པ་དེའོ།།

མདོར་ན་ས་ག་ནི་ཆོས་རྒྱལ་མཚམས་ལ་བཞུགས་འགོ་བརྩམས་པ་དང་རི་མཚམས་བཞུགས་སྒྲིལ་རྟིང་ལོ་དེར་སོན་ག་ཙམ་འདེབས་དགོས་མིན་བརྟག་དཔྱད་བྱེད་པའི་ཆོ་ག་ཡ་མཚན་ཅན་དེའོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།