ཁྲ་འབྲུག་དགེ་འཛིན་གཏོར་རྒྱག་དུས་ཆེན་ནམ་འདྲེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲ་འབྲུག་དགེ་འཛིན་གཏོར་རྒྱག་དུས་ཆེན་ནམ་འདྲེ་རྫོང་།
སྔར་ཡོད་ཆོས་ལུགས་ཆོ་ག་དགེ་འཛིན་གཏོར་རྒྱག་ཅེས་པ་དེ་ནི་བོད་ཟླ་དང་བོའི་ལོ་གསར་སྐབས་ཚུགས་པའི་དམིགས་བསལ་ཆོ་ག་ཞིག་སྟེ་ཡུལ་གྱི་གདོན་འདྲེ་ལ་གླ་ཕོགས་རྒྱག་པའི་དུས་སྟོན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་སྲོལ་རྒྱུན་རིག་གནས།
མིང་།
ཁྲ་འབྲུག་དགེ་འཛིན་གཏོར་རྒྱག་དུས་ཆེན་ནམ་འདྲེ་རྫོང་།
དར་ཡུལ།
ལྷ་ས།
དུས་ཚོད།
བོད་ཟླ1པོའི་ཚེས19དགོང་མོ།
1 ངོ་སྤྲོད།

སྔར་ཡོད་ཆོས་ལུགས་ཆོ་ག་དགེ་འཛིན་གཏོར་རྒྱག་ཅེས་པ་དེ་ནི་བོད་ཟླ་དང་བོའི་ལོ་གསར་སྐབས་ཚུགས་པའི་དམིགས་བསལ་ཆོ་ག་ཞིག་སྟེ་ཡུལ་གྱི་གདོན་འདྲེ་ལ་གླ་ཕོགས་རྒྱག་པའི་དུས་སྟོན་ཞིག་ཡིན།

2 བྱུང་རིམ།

གདོན་འདྲེ་ཞེས་པ་ནི་མི་ཤི་རྗེས་ཀྱི་རྣམ་ཤེས་ལ་ཟེར། དེ་ནི་མར་ངན་སོང་ལ་མ་ལྷུང་བ་དང་ཡར་མི་ལུས་སོགས་ལེན་མ་ཐུབ་པར་བར་དོར་འཁྱམས་ནས་གདོན་འདྲེར་ཆགས་པ་དེའོ།། དུས་སྟོན་དེ་ནི་གདོན་འདྲེར་ལྟོ་ཆས་སྤྲད་པའང་གླ་ཕོགས་རྒྱག་པའི་དུས་སྟོན་ཞིག་གོ།  

གདོན་འདྲེ་དེ་ཚོའི་སྦྱིན་བདག་ནི་བསམ་ཡས་པེ་ཧར་རྒྱལ་བོ་ཡིན། ཚེས་བཅུ་དགུའི་ཉིན་མོ་དགོན་པའི་ལྕོག་ནང་ལ་ལྷ་ཡོན་ཏན་དཀར་བོས་སྐུ་ཆས་ཚང་མ་དཀར་རྐྱང་ཡིན། གཙོས་པའི་བཀའ་སྲུང་དག་ལ་བསྐང་གསོ་རྒྱས་པོ་ཞིག་བཏང་དགོས་ཀྱི་ཡོད། དེའི་དགོང་མོ་གདོན་འདྲེ་ཚང་མར་ཕོགས་རྒྱག་པའི་དུས་ཚོད་ཡིན། ཐོག་མར་ཡོན་ཏན་དཀར་བོས་བསམ་ཡས་པེ་ཧར་རྒྱལ་བོར་གསོལ་ཇ་ཕུལ་བའི་མཛད་སྒོ་བྱེད་ཅིང་དེ་ནས་པེ་ཧར་དང་ཡོན་ཏན་དཀར་བོའི་འབྲང་རྒྱས་དེ་བཞུགས་ཁྲི་མཐོ་དམན་གཉིས་ཀྱི་སྒང་ལ་འཇོག  དེ་རྟིང་ལྷ་ཚོགས་གཞན་གྱི་འབྲང་རྒྱས་དག་ཀྱང་གདན་བཀྱག་རིང་བོ་གཉིས་ཡོད་པ་དེའི་སྒང་ལ་གསོལ། དེ་ནས་བཞུགས་ཁྲི་དང་གདན་བཀྱག་བདུན་ལ་ལྕོག་ཙེ་གྲལ་ལྟར་སྒྲིག་ཏེ་དེའི་སྟེང་ལ་ནས་དང་། གྲོ། སྲན་མ། འབྲས་སོགས་བླུགས་པའི་འབྲུ་རིགས་ཤིང་ལྡེར་ཁག་སྒྲིག་ཅིང་བུ་རམ་དང་ཤིང་ཏོག་སྣ་ཚོགས་བཀང་བའིདཀར་ཡོལ་ཆེ་ཆུང་མང་དག་སྒྲིག  སློ་མ་ཆུང་ཆུང་སྒོར་མོའི་ནང་ལ་གསོལ་ས་བཤམས་པའི་ཆོ་ག་བཏང་། དེ་བཞུགས་སྒྲིལ་མ་ཁད་གཡུ་དང་བྱུ་རུ། མུ་ཏིག་མཆོང་སྤོས་ཤེལ་སོགས་རིན་ཆེན་དག་བྲེ་དང་། ཉག སྲང་ལ་འདེགས་ནས་ལྷ་སོ་སོའི་ཐོབ་ཐང་གཞིར་བཞག་མདུན་གྱི་ལྕོག་རྩེའི་སྟེང་ལ་བསྒྲིགས་ཀྱིན་ཡོད་དོ།།

ཆོ་ག་དེ་སྒྲུབ་ཟིན་པ་དང་ལམ་སེང་ཁྱེའུ་དཀར་ནག་གཉིས་གདོན་འདྲེ་དཀར་ནག་གཉིས། གསོལ་བའི་ཆོ་ག་མགོ་བཙུགས་བསྐང་གསོལ་གཏོང་མཁན་གྲྭ་བ་བརྒྱད་ཡོད་པ་དེ་ཚོས་དུང་དང་རྒྱ་གླིང་འབུད་ཅིང་སྦུབ་ཆལ་བཀྲོལ་ལ་རྔ་བརྡུངས་པ་སོགས་ཛ་དྲག་རུ་ངར་དུ་བཏང་། བཞུགས་ཁྲི་མཐོ་དམན་ཆ་འདྲའི་སྟེང་ལ་སྟག་གདན་དང་གཟིག་གདན་བཏིང་། ལྕོག་རྩེའི་སྟེང་ན་ཞིམ་ཟས་རྒྱས་པོ་བསྒྲིགས་བཤམས་བྱས་ནས་སྡེ་བ་གཞུང་གི་བཀའ་རྒྱ་གལ་ཆེན་ཞིག་སྒྲོག་སྦྱོང་བྱེད་ཅིང་ཤར་ལྷོ་ནུབ་བྱང་གི་གདོན་འདྲེ་ཆེ་ཆུང་ཚང་མ་གདན་འདྲེན་ཞུས་པའི་བསྐང་བ་ཕུལ་མ་ཐག་གྲལ་མགོར་བཞུགས་པའི་གྲྭ་བ་དེ་ཡར་ལངས་ནས་མཆོད་འཕྲིན་བྱེད་ཅིང་ཤར་ཕྱོགས་རང་ཕེབས་ཤིག་ཅེས་གྲོ་ནས་སྲན་གསུམ་ཤར་ཕྱོགས་ལ་གཏོར་ནས་གྲངས་འབོར་ཆུང་བ་ནས་ཆེ་བར་འདོན་གྱི་ཡོད་དེ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་དུང་ཕྱུར་ཁྲག་ཁྲིག་གྲངས་མེད་ཕུལ་ལོ་ཞེས་མ་ཐག་ཁྱེའུ་དཀར་ནག་གཉིས་ཐོན་ཡོང་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཡང་སྲོང་བོའི་ཚད་འཛིན་མཚོན་པའི་ལག་ཆ་སྲང་དང་ཉ་གའི་ནང་ལ་གསེར་དངུལ་གཡུ་བྱུ་རུ་མུ་ཏིག་ཕྲ་མེན་སྤོས་ཤེལ་བཅས་བཀྱག་ཙམ་བྱས་ནས་ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཕུལ་བས་མཉེས་པའི་རྒྱུར་གྱུར་ཅིག་ཅེས་ཤིང་དེ་མ་ཉིད་དུ་དར་དང་གོས་ཆེན་སོགས་གོས་གཟན་སྣ་ལྔ་ཕུལ་ལོ་ཞེས་དར་གོས་ཅན་མཚོན་པའི་ཚགས་ཤོག་གང་སར་གཏོར་རོ་དེ་ཚེ་ཁྱེའུ་དཀར་ནག་གཉིས་ཀྱིས་འདོད་བློ་ཁེངས་པའི་རྣམ་འགྱུར་སྣ་ཚོགས་སྟོན་ཅིང་གར་སྟབས་ལིང་ལིང་བསྒྱུར། མཆོད་པ་ཕུལ་མཁན་གྲྭ་བ་དེས་སྐད་ཤུགས་ཆེན་པོ་ཞེ་དྲག་རྒྱག་དགོས། གལ་ཏེ་སྐད་ཤུགས་ཆུང་དྲག་ན་གདོན་འདྲེས་ཐོས་ཀྱི་མེད་པས་གོ་བ་ལོག་རྟོགས་ཀྱིས་གྲོ་ནས་སྲན་གསུམ་ལ་གཡུ་བྱུར་མུ་ཏིག་གི་སྣོད་ཆས་གཟེད་ན་ཡུལ་གྱི་རྒྱུ་དངོས་ཡོད་དོ་ཤོར་ནས་ས་བཅུད་ཡུལ་བཅུད་ཉམས་སྟེ་ཡུལ་གྱི་མི་ཚང་ཡོད་དོ་དབུལ་ཅིང་ཕོངས་པར་འགྱུར་ཟེར། གྲྭ་བ་དེས་ད་དུང་ཕར་ཚུར་ཤེད་ཤུགས་ཆེན་པོས་རྒྱུགས་དགོས། དེ་མིན་ཚེ་གདོན་འདྲེ་ཤེད་ཤུགས་ཆེ་བ་ལ་མང་བ་དང་ཆུང་བ་ཚོ་ལ་ཏོག་ཙམ་ལས་རག་མེད་ཟེར་རོ།།

3 ཆོ་ག་བྱེད་སྟངས།

དེ་བཞིན་ལྷོ་དང་ནུབ་བྱང་ཚང་མར་ཆོ་ག་འདྲ་མཚུངས་བྱེད་ཅིང་སྐད་ཤུགས་ཆེན་པོས་ཁྲག་ལ་དགའ་བ་རྣམས་ཁྲག་ཅེས། ཇ་ཆང་ལ་དགའ་བ་རྣམས་ཇ་ཆང་ཞེས། ཆུ་དང་འོ་མ་མར་ཁུ་ལ་དགའ་བ་རྣམས་དེ་ཚོ་ཅི་མཉེས་ལྟར་ཞེས་ལ་ད་དུང་དམིགས་བསལ་རེ་འབོད་བྱེད་པར། སྟེང་གི་མི་ལ་མ་གནོད། འོག་གི་ཆུ་ལ་མ་གནོད། ཞིང་གི་འབྲུ་ལ་མ་གནོད། རྐང་རྩི་བཅུད་ལ་མ་གནོད། ནོར་གྱི་འོ་ཞོ་ལ་མ་གནོད། སད་དང་སེར་བས་མ་གནོད། ནོར་དང་ལོངས་སྤྱོད་ལ་མ་གནོད། སྙན་གྲགས་ཁྱབ་ཅིང་བདེ་ལེགས་སུ་གྱུར་ཅིག ཅེས་བརྗོད་མ་ཐག་གདོན་འདྲེ་ཐམས་ཅད་འཚང་ཁ་ཤིག་ཤིག་རྒྱུགས་ཡོང་ནས་སོ་སོའི་དགོས་པ་ཅི་ཡོད་ཀྱང་བསྣམས་ནས་འདོད་བློ་ཁེངས་བཞིན་དུ་ཕུན་ཚོགས་གྲ་རྒྱས་འདི་ལྟ་བུ་བྱུང་བར་གནོད་པ་གཏན་ནས་མི་སྐྱེལ་ཞེས་པའི་མཚོན་རྟགས་ཁྱེའུ་དཀར་ནག་སོགས་ནས་རྣམ་པ་སྣ་ཚོགས་སྟོན་གྱི་ཡོད་སྐད། གདོན་འདྲེ་ལ་བླ་ཕོགས་རྒྱག་པའི་མཛད་སྒོ་དེ་དགོན་པའི་གྲྭ་བ་ཁག་ཅིག་གིས་མ་གཏོགས་ཕྱིའི་མི་སེར་ཚང་མས་ཧ་མ་གོ་བ་བྱེད་ཅིང་། གདོན་འདྲེའི་ཕོགས་དང་གླ་ཆའི་འགྲོ་སོང་ཐམས་ཅད་སྡེ་པ་གཞུང་ནས་གཏོང་ལ་དེའི་སྐོར་ལ་བཀའ་རྒྱ་ཆ་ཚང་བ་ཞིག་ཀྱང་ཡོད་སྐད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-17

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།