སྟོན་པ་ཤཱཀྱ་ཐུབ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོན་པ་ཤཱཀྱ་ཐུབ་པ།
ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཁྲོད་དུ་ལོ་རྒྱུས་ཀྱི་མི་སྣའམ་ཡང་ན་ལྷ་སྐུ་ཁག་ལ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་བ་ཞིག་ཡོད་དེ། སྟོན་པ་ཁོ་ནར་ཡང་ཐུབ་པའི་དབང་པོ་དང་། སྟོན་པ་བཅོམ་ལྡན་འདས། མཉམ་མེད་ཤཱཀྱའི་རྒྱལ་པོ། ཤཱཀྱ་ཐུབ་པ། ཤཱཀྱ་མུ་ནེ་དང་། ཡང་དེའི་སྐུ་བརྙན་གྱི་མཚན་ལ་ཕྱག་མཚན་དང་སྐུ་གཟུགས་ཀྱི་སྟངས་སྟབས་མི་འདྲ་བའི་དབང་གིས་ཐུབ་པ་བདུད་འདུལ་མ་དང་། ཐུབ་པ་ཆོས་སྐོར་མ། ཐུབ་པ་ཚུལ་ཁྲིམས་མ། ཐུབ་པ་ཆུ་ལེན་མ། ཐུབ་པ་གྲོང་ཁྱེར་མ། ཐུབ་པ་སྟ་ཟུར་མ། ཐུབ་པ་དམ་ཚིག་གསུམ་བཀོད་སོགས་མང་ངོ་། །
གཞི་རྩའི་གནས་ཚུལ།

མིང་།
སྟོན་པ་ཤཱཀྱ་ཐུབ་པ།
ཁོངས་གཏོགས།
སྒྱུ་རྩལ།
1 ​སྟོན་པ་ཤཱཀྱ་ཐུབ་པ་རྒྱུན་བརྗོད་ཀྱི་མཚན།

ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཁྲོད་དུ་ལོ་རྒྱུས་ཀྱི་མི་སྣའམ་ཡང་ན་ལྷ་སྐུ་ཁག་ལ་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་བ་ཞིག་ཡོད་དེ།  སྟོན་པ་ཁོ་ནར་ཡང་ཐུབ་པའི་དབང་པོ་དང་།  སྟོན་པ་བཅོམ་ལྡན་འདས།   མཉམ་མེད་ཤཱཀྱའི་རྒྱལ་པོ།   ཤཱཀྱ་ཐུབ་པ།  ཤཱཀྱ་མུ་ནེ་དང་།  ཡང་དེའི་སྐུ་བརྙན་གྱི་མཚན་ལ་ཕྱག་མཚན་དང་སྐུ་གཟུགས་ཀྱི་སྟངས་སྟབས་མི་འདྲ་བའི་དབང་གིས་ཐུབ་པ་བདུད་འདུལ་མ་དང་།   ཐུབ་པ་ཆོས་སྐོར་མ།   ཐུབ་པ་ཚུལ་ཁྲིམས་མ།   ཐུབ་པ་ཆུ་ལེན་མ།   ཐུབ་པ་གྲོང་ཁྱེར་མ།  ཐུབ་པ་སྟ་ཟུར་མ།  ཐུབ་པ་དམ་ཚིག་གསུམ་བཀོད་སོགས་མང་ངོ་། །

2 ཐུབ་པ་ཆུ་ལེན་མ།

ཐུབ་པ་ཆུ་ལེན་མ་ཟེར་བ་ནི་ཆོས་གོས་ཀྱི་ངོས་ཡོངས་སུ་ཆུ་རིས་སམ་ཆུ་གཉེར་རིམ་པར་ཡོད་པའི་སྟོན་པའི་སྐུ་བརྙན་ཞིག་སྟེ། དེ་ལ་བཞེངས་པ་དང་བཞུགས་པའི་སྟབས་གཉིས་ཡོད།  བར་ཡང་དེའི་འབྱུང་ཁུངས་ཀྱི་ལོ་རྒྱུས་མདོ་ཙམ་ཞུས་ཚེ་སྔར་སྟོན་སྐུ་འཚོ་བཞུགས་ཀྱི་སྐབས་སུ་རྒྱ་གར་གྱི་གནས་སུ་རྒྱལ་ཕྲན་མང་བ་དང་།  དེའི་དུས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་རྒྱལ་པོ་ཨུ་ཏྲ་ཡ་ན་གཉིས་ཕན་ཚུན་མཛའ་འབྲེལ་གྱི་ཕྱག་རྟགས་འབུལ་རེས་བྱ་བའི་དུས་ཞིག་ན་རྒྱལ་པོ་ཨུ་ཏྲ་ཡ་ནའི་དགོངས་པར་རྒྱུ་དངོས་ཀྱི་འབྱོར་བ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་བདག་ལས་ཀྱང་ལྷག་པས་ལྷ་མོའི་ནོར་བུ་གང་ཞིག་གིས་ཀྱང་ཁོང་དམིགས་བསལ་གྱིས་དགྱེས་པར་མི་ནུས་ངེས།  ད་ཕྱག་རྟགས་གང་འདྲ་ཞིག་ཕུལ་ན་ཨེ་དགའ་སྙམ་པའི་དུས་སུ་ད་ཆ་འཇིག་རྟེན་འདིར་སྣང་ཆེ་ཤོས་དང་ཤིན་ཏུ་དཀོན་པ་ནི་དམ་པའི་ལྷ་ཆོས་འདི་ཁོ་ན་ཡིན་པས་མཉམ་མེད་སྟོན་པའི་གཟུགས་བརྙན་ཞིག་བྱུང་ན་དེ་ལས་རྩ་ཆེ་བ་ཞིག་མེད་དགོངས་ནས་རི་མོ་བ་ཞིག་བསྐོངས་ཏེ་སྟོན་པའི་སྐུ་བརྙན་འབྲི་བར་སྐུལ་ཡང་སྟོན་པའི་སྐུ་ཡི་གཟི་བྱིན་ལ་རི་མོ་བས་མིག་གིས་ལྟ་བར་ཡང་མི་ནུས་པས་ན་རི་མོ་ནི་ལྟ་ཅི།  དེས་ན་སྟོན་པས་རྫིང་བུའི་ངོགས་སུ་བཞུགས་པ་དང་ཆུ་ནང་དུ་གསལ་བར་སྟོན་པའི་གཟུགས་བརྙན་དེ་རི་མོ་བས་རས་གཞིའི་ངོས་སུ་ཕབ་ནས་རྒྱལ་པོར་སྐྱེས་སུ་ཕུལ་བ་ལས་བྱུང་བ་ཡིན།  སྐུ་བརྙན་འདིའི་རིགས་སྔར་རྒྱ་གར་དང་ཨུ་རྒྱན་གྱི་ཡུལ་དུ་དར་ཁྱབ་ཆེ་བར་སྣང་།

3 ཐུབ་པ་གྲོང་ཁྱེར་མ།

ཐུབ་དབང་གྲོང་ཁྱེར་མ་ཟེར་བ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཏིང་འཛིན་ལས་གྲོལ་ཏེ་གྲོང་ཁྱེར་དུ་ཁ་ཕྱོགས་ནས་བསོད་སྙོམས་ལ་ཕེབས་པའི་རྣམ་པ་ཞིག་ཡིན་པར་བརྗོད།

4 ཐུབ་པ་སྟ་ཟུར་མ།

ཐུབ་པ་གྲོང་ཁྱེར་མ་དང་སྟ་ཟུར་མ་ཟེར་བ་འདི་གཉིས་ནི་སྔར་གྱི་ཕྱག་དཔེ་དང་དགོན་པའི་དཀར་ཆག་གི་ནང་དུ་མཇལ་དུ་ཡོད་པའི་ཐ་སྙད་མང་ཤོས་ཀྱི་གྲས་ཡིན་པ་དང་། དེ་དག་གི་ཁྱད་ཆོས་ངོས་འཛིན་ཐུབ་མཁན་ནི་ཤིན་ཏུ་ཉུང་། ཐ་ན་ཐ་སྙད་འདི་དག་ལའང་རྒྱུས་མེད་ཀྱི་འགྲེལ་བ་སྣ་ཚོགས་རྒྱག་པའི་གནས་ཚུལ་ཞིག་མཆིས། དོན་དངོས་ཐོག་ཐུབ་པ་སྟ་ཟུར་མ་ཟེར་བ་ཡང་སྟོན་པ་བཞེངས་སྟབས་ཀྱི་རྣམ་པ་ཞིག་ཡིན་པ་དང་། དེ་ཡང་སྐུ་གཟུགས་ལྡེམས་པར་བཞུགས་པ་དང་སྟ་ཟུར་རམ་ཞབས་གཡས་ཀྱི་དཔྱི་མགོ་ཟུར་དུ་མངོན་གསལ་གྱིས་སྟོན་པ་བྱང་ཆུབ་སེམས་དཔའི་ཉམས་འགྱུར་དང་ལྡན་པ་ཞིག་ཡིན་པས་སོ། །

5 ཙན་དན་ཇོ་བོ།

ཙན་དན་གྱི་ཇོ་བོ་ཟེར་བ་ཡང་སྟོན་པའི་སྐུ་བརྙན་གྱི་མཚན་ཞིག་ཡིན་ཏེ།  དེ་ཡང་སྔོན་སྟོན་པ་སྐུ་འཚོ་བཞུགས་ཀྱི་དུས་སུ་ལྷ་ཡུལ་དུ་རང་གི་ཡུམ་སྒྱུ་མ་ལྷ་མཛེས་ལ་སོགས་པ་ལྷ་གནས་སུ་སྐྱེས་པ་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་སྐོར་བར་ཕེབས།  དེའི་དུས་ཡུལ་གྱི་རྒྱལ་པོས་སྟོན་པ་བླ་ན་མ་མཆིས་པ་ལྷ་ཡུལ་དུ་ཡུན་རིང་བཞུགས་པའི་དྲན་སེམས་ཀྱི་སྐུ་རྒྱུ་ཙན་དན་ལས་རྒྱལ་བའི་ཞལ་སྐྱིན་བཞེངས་ཏེ་དགེ་འདུན་ཚོགས་པའི་དབུར་མཆོད་པར་བྱེད་པ་ལས་མཚན་འདི་ལྟར་བྱུང་བ་དང་།  དེ་ཡང་ཆུ་ལེན་མ་དཔེར་བྱས་ནས་བཞེངས་པ་ཞིག་ཡིན་སྟབས་བཞེངས་སྟབས་ཙམ་ལས་གོས་རིས་སོགས་ཆུ་ལེན་མ་དང་གཞི་མཚུངས་པ་ཡིན།  ཡང་ཆོས་ལུགས་ཀྱི་ལོ་རྒྱུས་སུ་བྱས་ཚེ་ཐོག་མར་བཞེངས་པའི་ཙན་དན་གྱི་ཇོ་བོའི་སྐུ་བརྙན་དེས་སྟོན་པ་མི་ཡུལ་དུ་ཕྱིར་ཕེབས་སྐབས་མདུན་དུ་གོམ་པ་བདུན་སྤོས་ནས་བསུ་པར་གྲགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།