གནའ་བོའི་བང་སོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་བོའི་བང་སོ།
བང་སོ་ནི་མི་འདས་གྲོངས་བྱུང་རྗེས་དེར་ཆེད་དུ་དམིགས་ནས་བརྩིགས་པ་དང་སྐུའི་ཉེར་སྤྱད་སོགས་སྦས་པའི་གནས་ལ་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གནའ་བོའི་བང་སོ།
རྒྱ་ཡིག་གི་མིང་།
古墓
1 ​གོ་དོན།

བང་སོ་ནི་མི་འདས་གྲོངས་བྱུང་རྗེས་དེར་ཆེད་དུ་དམིགས་ནས་བརྩིགས་པ་དང་སྐུའི་ཉེར་སྤྱད་སོགས་སྦས་པའི་གནས་ལ་ཟེར། དེ་ཡང་སྟོབས་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབས་ཡང་ན་ཡུལ་དུས་མི་འདྲ་བའི་དབང་གིས་གཞི་རྒྱ་ཆེ་ཆུང་དང་རྒྱས་བསྡུས་གང་རུང་ཡོད་པ་ཞིག་ཡིན།

2 བང་སོའི་ཚོགས།

དེ་ནི་ཡུན་རིང་གི་ལོ་རྒྱུས་ཁྲོད་དུ་མི་རྣམས་ཀྱིས་རང་རང་གི་དད་མོས་དང་། ཡུལ་ཞེན། ཕ་གཞིས་སོགས་ཀྱི་འདུ་ཤེས་ལ་བརྟེན་ནས་གནས་གང་ཞིག་ཏུ་བང་སོ་མཉམ་རུབ་ཏུ་བརྩིགས་པའི་སྲོལ་ཡོད་པ་དང་། དེ་ཡང་དུས་ཡུན་རིང་པོ་བརྒྱུད་ཚེ་གྲངས་འབོར་མང་བོར་ཆགས་འགྲོ་བའི་རྣམ་པ་དེ་ལ་ཟེར། ཡང་ད་ཆ་བོད་ཡུལ་དུ་གྲགས་ཆེ་བ་དང་བདག་གཉེར་ཅུང་ལེགས་པ་ནི་འཕྱོངས་རྒྱས་བཙན་པོའི་བང་སོ་དང་སྣང་རྫོང་སླེབས་རིའི་བང་སོ་ཡིན།

3 སླེབས་རིའི་བང་སོ།

སླེབས་རིའི་བང་སོ་ནི་དེང་གི་ཉིང་ཁྲི་ས་གནས་སྣང་རྫོང་དུ་གནས་ཀྱང་། དེ་ནི་དེང་གི་བར་བོད་ཁུལ་དུ་ཡོད་པའི་གཞི་རྒྱ་ཆེ་ཤོས་དང་གྲངས་འབོར་མང་ཤོས། ཉམས་རྒུད་ཆུང་ཤོས་བཅས་ཀྱི་བང་སོའི་ཚོགས་ཤིག་ཡིན་པ་དང་། དེང་གི་མཁས་པའི་བཞེད་སྲོལ་ལ་དེར་ལོ་ངོ་2000ཡན་གྱི་ལོ་རྒྱུས་ལྡན་པ་དང་མཆིམས་ཀྱི་ཁྱིམ་རྒྱུད་ནས་མཆེད་པར་འདོད།

4 འཕྱོངས་རྒྱས་བང་སོ།

དེར་འཕྱོངས་རྒྱས་བང་སོ་དང་ཡང་ན་འཕྱོངས་རྒྱས་བཙན་པོའི་བང་སོ་ཡང་ཟེར་ལ། དེ་ནི་སྤུར་རྒྱལ་བཙན་པོ་ལས་མཆེད་པའི་བང་སོའི་ཚོགས་ཤིག་ཡིན་པ་དང་། ད་ཆ་དངོས་སུ་ངོས་འཛིན་ཐུབ་པའི་བང་སོ16ཙམ་ཡོད་པ་དང་དེའི་ནང་ནས་གྲགས་ཆེ་ཤོས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་དེ་ཡིན།

5 བོད་ཡུལ་གྱི་བང་སོའི་བྱུང་བ།

དེ་ཡང་བོད་རང་ཉིད་ཀྱི་ལོ་རྒྱུས་དང་མི་རིགས་འདི་ཉིད་ཀྱི་ཆོས་ལུགས། བསམ་པའི་འདུ་ཤེས། ཡུལ་གོམས་གཤིས་ལུགས་ལ་བྱུང་བའི་འཕོ་འགྱུར་བཅས་དང་ཐད་ཀར་གྱི་འབྲེལ་བ་ཡོད་དེ། སྟབས་བདེ་ཙམ་གྱི་ཚུལ་དུ་བརྗོད་ཚེ་དེ་ཡང་ད་ཡོད་བོད་ཀྱི་བང་སོ་ཆེ་ཁག་དག་ནི་སྤྱིའི་ཆ་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་གོང་འོག་སྟེ་བོད་ཀྱི་བཙན་པོའི་ཆབ་སྲིད་དར་བའི་དུས་ཀྱི་གནའ་ཤུལ་ཁོ་ན་ཡིན་ཞིང་། ལོ་རྒྱུས་ཀྱི་དེབ་ཐེར་ཁུངས་དག་པ་རྣམས་ཀྱང་དེའི་སྔོན་གྱི་དུས་ཡུན་རིང་པོ་ཞིག་ནས་བོད་དུ་མི་འདས་པོའི་ཕུང་པོ་དུར་སྦས་བྱེད་པའི་ལུགས་སྲོལ་ཤིན་ཏུ་དར་བར་ཡོད་པ་གསལ། དུས་ཕྱིས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཇེ་ཆེར་སོང་བ་དང་། ལྷག་པར་དུ་དུས་རབས་བཅུ་གཅིག་པ་ནས་ཞི་བྱེད་པའི་ཆོས་ལུགས་གྲུབ་མཐའི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་རིམ་བཞིན་ཕུང་པོ་བྱ་གཏོར་བྱ་བའི་གོམས་སྲོལ་ས་ཁྱབ་རྡོ་ཁྱབ་དུ་སོང་བ་ལས་དམིགས་བསལ་གྱི་རིགས་འགའ་ཕུད་སྔར་གྱི་དུར་སྦས་བྱ་བའི་ལུགས་སྲོལ་ཡོངས་སུ་ཉམས་པའི་དབང་གིས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-03

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།