ལྷ་སྐུའི་སྤྱན་འབྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་སྐུའི་སྤྱན་འབྱེད།
དོན་དངོས་ཐོག་བཤད་ན། ཐང་ག་ཞིག་ཡོངས་སུ་བྲིས་ཏེ་གཙོ་སྐུའི་ཞལ་རས་འབྲི་བ་ལ་སྤྱན་འབྱེད་པ་ཞེས་བཤད་པ་ཡིན།
གཞི་རྩའི་གནས་ཚུལ།

མིང་།
ལྷ་སྐུའི་སྤྱན་འབྱེད།
ཁོངས་གཏོགས།
སྒྱུ་རྩལ།
1 ​སྤྱིར་བསྟན་པ།

ཐང་ག་ཞིག་རས་གཞི་བཟོ་བ་དང་སྐྱ་ཐིག་རྒྱག་པ། ཚོན་གཏོང་བ། བཅད་རྒྱག་པ། གསེར་ཚོན་གཏོང་བ་བཅས་ཀྱི་གོ་རིམ་སོང་ཚར་རྗེས། གཙོ་སྐུར་སྤྱན་འབྱེད་པའི་གོ་རིམ་དེ་འགྲོ་དགོས། སྤྱན་འབྱེད་པ་ནི་ཐང་ག་ཞིག་བཞེང་བའི་ཆེས་མཐའ་མཇུག་གི་གོ་རིམ་ཞིག་ཡིན། སྤྱིར་ཡིན་ན་ལྷ་བཟོའི་སྐུ་ཁམས་བདེ་ཞིང་གཟའ་སྐར་འཕྲོད་སྦྱོར་གྱི་ཉི་བཟང་སྐར་བཟང་ཞིག་ལ་སྤྱན་འབྱེད་བྱ་དགོས།

2 ངོ་སྤྲོད།

དོན་དངོས་ཐོག་བཤད་ན། ཐང་ག་ཞིག་ཡོངས་སུ་བྲིས་ཏེ་གཙོ་སྐུའི་ཞལ་རས་འབྲི་བ་ལ་སྤྱན་འབྱེད་པ་ཞེས་བཤད་པ་ཡིན།(མཇུག་མཐའི་ཞིབ་ལས་ལ་གོ་ཡང་ཆོག)སྤྱན་ཕྱེས་རྗེས་ཐང་གར་གསོན་ཉམས་ཤིག་གམ་སྲོག་ཅིག་ཞུགས་པ་ཡིན་ལ། ཐང་ག་ཡོངས་འགྲུབ་བྱས་པ་སྟེ་དངོས་སུ་མཚོན་པ་ཡིན།

སངས་རྒྱས་དང་བྱང་སེམས་བཅས་ཞི་ཉམས་ཅན་ནི་སྤྱན་དཀྱུས་རིང་ཞིང་མཛེས་སྣང་ལྡན་པ་ཞིག་ཡིན་པས། སྤྱན་འབྱེད་བྱེད་སྐབས་མཐིང་མདོག་གིས་ཚོས་གཞི་གཏོང་བ་དང་། སྣག་ཚས་གཞུ་དབྱིབས་ལྟར་འབྲི་ལ། དམར་བཅད་རྒྱག་དགོས། སྤྱན་གྱིས་མར་གཟིགས་པ་ཞིག་བྱ་ན་སྤྱན་རྩར་གློ་དཀར་གྱི་ཚོན་དང་སྤྱན་ཟུར་གཉིས་ཀར་དམར་ཚོན། སྤྱན་འབྲས་ལ་མཐིང་མདོག་བཅས་བཏང་སྟེ་སྤྱན་འབྲས་ཀྱི་མཐའ་ནི་སྣག་ཚས་བྲིས་ཏེ་སྤྱན་གྱི་རྣོ་རུ་སྣག་ཚས་བརྒྱན་དགོས། སྒྲོལ་སྐུ་དང་རྒྱལ་ཡུམ་བཅས་ཡིན་ན་ནས་སྤྱན་འབྲི་དགོས།

3 སྤྱན་འབྲི་སྟངས།

བྱམས་སྙིང་རྗེ་ཅན་གྱི་མ་རྒྱུད་ཁྱི་ལྷ་ཡིན་ན་ནས་སྤྱན་འབྲི་བ་དང་། སྤྱན་གྱི་རྣོ་ཕྱེད་ཀ་ཙམ་ཞིག་བྲིས་ན་བྱམས་ཤིང་སྒེག་པའི་ཉམས་ཐོན་ཐུབ།

སྐྱོ་ཉམས་ཡིན་ན་གང་གི་མིག་ཤ་དང་སྨིན་མ་གཉིས་ཀྱི་སྣེ་མོ་མར་བསེགས་ཤིང་སྤྱན་གྱི་རྣོ་ཕྱེད་ཀ་ལས་མི་མཐོང་བར་བྱ་དགོས།

ཁྲོ་བོའི་སྨིན་མ་སྦོམ་ཞིང་སྨིན་མའི་སྣེ་མོ་གཉིས་ཡར་འཁྱིལ་དགོས།

སྤྱིར་སྤྱན་འབྱེད་པ་ནི་སྤྱན་འབྲི་བ་དང་ཞལ་འབྲི་བ། ཕྱག་སེན་དང་ཞབས་སེན་འབྲི་བ་བཅས་ལ་གོ་དགོས། སྤྱན་འབྱེད་སྐབས་དང་ཐོག་སྐུ་འདྲའི་ཞལ་ངོས་སུ་ཤ་མདངས་གཏོང་བ་དང་། འབུར་ཀོང་གསལ་པོར་གཏན་ཁེལ་བྱས་ཏེ་བསླང་གཟུགས་ཀྱི་ཉམས་ཐོན་པར་བྱེད་པ་དང་སྤྱན་དུ་ཚོས་དཀར་རིམ་པ་ཞིག་བཏང་རྗེས། སངས་རྒྱས་སམ་ལོངས་སྐུའི་རིགས་ཡིན་ན་མཐིང་སྐྱ་ཉུང་ཙམ་གྱིས་སྤྱན་སྤུ་དང་སྤྱན་འབྲས་འབྲི་བ་དང་། དེ་ནས་མཐིང་སྔོན་གྱིས་སྤྱན་འབྲས་ཡང་བསྐྱར་ལན་གཅིག་བྲིས་པའི་ནང་དུ་མཐིང་ནག་གི་སྤྱན་འབྲས་འབྲི་དགོས། ཁྲོ་སྐུའི་སྤྱན་སྤུ་དང་སྤྱན་འབྲས་ནི་ལི་སེར་གྱིས་བྲིས་རྗེས་མཐིང་སྔོན་གྱིས་སྤྱན་འབྲས་ཇེ་ནག་ཏུ་གཏོང་བ་དང་། དེ་ནས་སྣག་ཚས་སྤྱན་གྱི་རྣོ་འབྲི་དགོས།   

ཞི་ཁྲོའི་ལྷ་སྐུ་ལ་སྤྱན་སྣ་མི་གཅིག་པ་བཞི་མཆིས་ཤིང་། སྤྱན་འབྱེད་སྐབས་དེ་དག་གི་སྤྱན་དབྱིབས་མི་གཅིག་པའི་ཉམས་བློ་ངོར་བྱང་དགོས།

ལྷ་སྐུ་སོ་སོའི་སྤྱན་དབྱིབས་མངོན་པར་མཚོན་ཆེད་སྤྱན་ཤར་ཚོན་གཏོང་ཚུལ་ཡང་རིགས་མི་གཅིག་པ་གསུམ་ཡོད་དེ། སངས་རྒྱས་དང་བྱང་སེམས་ཀྱི་སྤྱན་ཤར་ཚོན་རྒྱུ་སྔོན་པོ་དང་། ཁྲོ་བོ་སོགས་ཀྱི་སྤྱན་ཤར་ཚོན་རྒྱུ་དམར་སེར། དབྱངས་ཅན་མ་ལྟ་བུའི་ལྷ་མོ་དག་གི་སྤྱན་ཤར་ཚོན་རྒྱུ་སེར་པོ་བཅས་གཏང་དགོས།


བརྡ་འགྲེལ་གདོང་འཛར།

ལྷ་སྐུ སྤྱན་འབྱེད། ཐང་ག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-10

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།