གསེར་ཚོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསེར་ཚོན།
གསེར་ཚོན་གཏོང་པ་ནི་པིར་རྩེར་གསེར་ཁུ་བསྒྲེས་ཏེ་ཐང་ག་བཞེང་སྟངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གསེར་ཚོན།
རྒྱ་ཡིག་གི་མིང་།
金粉
ཁོངས་གཏོགས།
སྒྱུ་རྩལ།
1 ​སྤྱིར་བསྟན་པ།

ཚོན་ཐང་བཞེངས་སྐབས་གཙོ་སྐུའི་སྐུ་མདངས་དང་རྒྱན་ཆར་གསེར་ཚོན་གཏང་དགོས། གསེར་ཚོན་བཏང་བའི་ཐང་ག་ནི་གསེར་འོད་ལམ་མེར་བརྗིད་ཉམས་ཀྱིས་ཕྱུག་པ་ཞིག་ཡིན། གསེར་ཚོན་གཏོང་སྐབས་སྤྱིན་ཆུའི་ནང་དུ་ཟར་ཁུ་ཉུང་ཙམ་བསྲེས་རྗེས་འོང་ཤིང་འཚམ་པའི་གསེར་བྱེ་བཏབ་སྟེ་དཀྲུགས་ཤིང་། གསེར་བྱེ་དང་ཟར་ཁུ་འདྲེས་ཡག་ཏུ་གྱུར་བའི་གསེར་ཁུ་པིར་རྩེ་ནས་མི་ཐིགས་པ་ཡིན་ན་རན་འདུག གསེར་ཚོན་གཏོང་སྐབས་དང་ཐོག་གསེར་ཚོན་གཏོང་སར་གསེར་ཚོན་རིམ་པ་ཞིག་བསྐུ་བ་དང་། གསེར་ཚོན་དེ་སྐམ་པ་ན་ད་གཟོད་སྲབ་མཐུག་མེད་པའི་གསེར་ཁུ་འབྱུག་དགོས།

གསེར་ཚོན་གཏོང་པ་ནི་པིར་རྩེར་གསེར་ཁུ་བསྒྲེས་ཏེ་ཐང་ག་བཞེང་སྟངས་ཤིག་ཡིན། སྤྱིར་ཡིན་ན་ཚོས་གཞི་བཏང་བ་དང་བཅད་བརྒྱབ་རྗེས་ད་གཟོད་གསེར་ཚོན་གཏང་དགོས། ཐང་གར་མཚོན་ན་གསེར་ཚོན་གཏོང་བ་ནི་ངེས་པར་དུ་མཁོ་བའི་འབྲི་རིམ་ཞིག་ཡིན། གསེར་ཚོན་བཏང་བའི་གདུགས་རྒྱལ་མཚན་དང་ན་བཟའ། ཕྱག་མཚན། སྐུ་གཟུགས། རི་ར་བ་ཁང་ཁྱིམ་སོགས་སྔར་ལས་ཞིབ་ཚགས་དང་གཟི་ཉམས་ལྡན་པ་ཞིག་ཏུ་འགྱུར་སྲིད།

2 མཚན་དཔེ་ལ་གསེར་ཚོན་གཏོང་སྟངས།

ཐང་ག་རུ་ཁྲོ་བོ་དང་ཁྲོ་བོའི་གཙོ་འཁོར་གྱི་སྐུ་འདྲ་འབྲི་དུས་སྨིན་མ་དང་དབུ་སྐྲ། སྨྲ་ར་བཅས་ལ་གསེར་ཚོན་གཏོང་བ་ཡིན་ལ། མཚན་དཔེ་གཞན་དག་ལའང་གསེར་ཚོན་བཏང་ཆོག

3 ཕྱག་མཚན་དང་གོས་རྒྱན་ལ་གསེར་ཚོན་གཏོང་སྟངས།

སངས་རྒྱས་དང་བྱང་སེམས། ཞི་ཁྲོའི་ལྷ་ཚོགས་བཅས་ལ་རང་རང་གི་གོས་རྒྱན་དང་ཕྱག་མཚན་རེ་མཆིས་པས། གོས་རྒྱན་དང་ཕྱག་མཚན་དག་ལ་གསེར་ཚོན་བཏང་ན་བླ་ན་མ་མཆིས་པའི་གཟི་རྔམ་མཚོན་ཐུབ་པ་ཡིན།

4 རི་ར་བ་ཁང་ཁྱིམ་ལ་གསེར་ཚོན་གཏོང་སྟངས།

གཙོ་སྐུའི་མཐའ་འཁོར་གྱི་རི་ར་བ་ཁང་ཁྱིམ་དང་རྩི་ཤིང་། མེ་ཏོག ཆུ་རྫིང་བཅས་ལ་གསེར་ཚོན་བཏང་ན་གསོན་ཉམས་ལྡན་པའི་སྒོ་ནས་དངོས་གཟུགས་དེ་མཚོན་ཐུབ་པར་མ་ཟད། ཚོན་མདངས་རྣམ་པར་བཀྲ་ཞིང་མིག་དབང་འཕྲོག་པའི་ཚོར་སྣང་སྨྲ་མི་ཤེས་པ་ཞིག་སྟེར་སྲིད།

ཐང་ག་ལ་ལའི་ཚོས་གཞིར་གསེར་བཏང་སྟེ་དེའི་སྟེང་དུ་རི་མོ་འབྲི་བ་ལ་གསེར་ཐང་བཞེང་བ་ཟེར་ཞིང་། ལྟ་ན་སྡུག་ཅིང་བརྗིད་ཉམས་ལྡན་པའི་རིས་ངོས་ནི་དངོས་གནས་བརྗོད་ཡུལ་ལས་འདས་པ་ཞིག་རེད།

གསེར་ཚོན་གཏོང་བར་གཏན་ཁེལ་ཡིན་པའི་གསེར་ཚོན་གཏོང་ཚུལ་དང་གཏན་ཁེལ་མ་ཡིན་པའི་གསེར་ཚོན་གཏོང་ཚུལ་གཉིས་ཡོད་དེ། ལྷ་སྐུའི་ཕྱག་མཚན་བཅས་ལ་གཏན་ཁེལ་ལྟར་གསེར་ཚོན་གཏང་དགོས། རྒྱན་གོས་དང་མེ་ཏོག རྨ་བྱ། ཁྱུང་ཆེན། གཡུ་འབྲུག འོད་ཀོར། གདུགས། རྒྱལ་མཚན། དྲ་བ་དྲ་ཕྱེད་བཅས་ལ་རང་གི་འདོད་པ་ལྟར་གསེར་ཚོན་བཏང་ཆོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-03

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།