ལྡུམ་བུ་རྒུ་དྲུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྡུམ་བུ་རྒུ་དྲུས།
སྔོ་སྨན་གྱི་རིགས་ཤིག་སྟེ། ཁ་ནུས་པའི་རྨ་དང་ནི།། དུག་དང་རིམས་ཀྱི་གཉེན་པོ་ཡིན།། ཕྱེ་མ་ལན་གསུམ་བཏབ་པ་ན།། རྨ་རྙིང་མོ་དབང་འབྱར་ཡང་ནུས།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལྡུམ་བུ་རྒུ་དྲུས།
རྒྱ་ཡིག་གི་མིང་།
华北獐芽菜
ཕྱི་ཡིག་གི་མིང་།
Swertiamarine
སྡེ།
སྣང་རྒྱན་མེ་ཏོག་གི་སྡེ།
ཁོངས་གཏོགས།
རྒུ་དྲུས་ཀྱི་ཁོངས་གཏོགས།
རིགས་དབྱེ།
སྔོ་སྨན།
1 མིང་གཞན། 

བདུད་རྩི་རབ་གསལ་ཡང་ཟེར།

2 སྐྱེ་དབྱིབས།

འཁྲུངས་དཔེ་རུ། རྒུ་དྲུས་ཉིན་སྲིབ་གཉིས་ཀར་སྐྱེ།། ལོ་མ་ཕྲ་ལ་འཇམ་པ་སྟེ།། མེ་ཏོག་དཀར་ལ་དམར་བའི་མདངས།། ཚིགས་པ་རེ་རེ་དག་ནས་སྐྱེ།། དབྱིབས་ནི་ཀྱི་ལྕེ་ནག་པོ་འདྲ།། མེ་ཏོག་དཀར་སེར་དམར་པོའི་མདངས།། འབྲས་བུ་དག་གིས་ཕྱུར་བུར་གང་།། རྩ་བ་གསེར་གྱི་ལྕུག་མ་འདྲ།། རོ་ནི་ཚ་ལ་ཁ་བ་ཡིན།། རང་གི་ནུས་པས་རྨ་ཚད་འཇོམས།། ཞེས་བསྟན་པ་ལྟར། འདི་ནི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། ལོ་མ་ལྗང་ལ་འཇམ་པ་དང་། མཐའ་སྙོམས་ཤིང་འཇོང་ནར་སྨད་ཆ་ཕྲ་བ། མང་ཆེ་བ་རྩ་བ་ནས་གྱེས་པ། ངར་བ་འཇམ་མཉེན་དྲང་བོར་སྐྱེ་བ། སྟོད་ཆའི་ཚིགས་མཚམས་རེ་ནས་ལོ་མ་ཁ་སྤྲོད་རེ་སྐྱེ་བ། དེའི་མཆན་ཁུང་གཡས་གཡོན་ནས་མེ་ཏོག་དཀར་པོ་འདབ་མ་ལྔ་ཅན། འདབ་མའི་ནང་དུ་རྩ་རིས་སྔོན་པོ་དང་། ཕྱི་སྔོ་སྐྱ་ཅན། ཉི་མོར་བཞད་ཅིང་མཚན་མོ་དང་གནམ་འཐིབ་དུས་ཟུམ་པའོ།།

3 འཐུ་དུས་དང་ལས་སྣོན། 

སྨན་དུ་རྩ་ལོ་མེ་འབྲས་དགོས་ཤིང་བོད་ཟླ་བདུན་པར་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་སྐམ་ནས་སྤྱོད་དགོས།

4 རོ་དང་ཞུ་རྗེས་ནུས་པ། 

རོ་ཁ་བ་དང་། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པའོ།།

5 རྐྱང་བའི་ཕན་ཡོན། 

ལྗོན་ཤིང་ལས། ལྡུམ་བུ་རྒུ་དྲུས་བྱ་བ་ནི།། རྨ་ཡི་ཤའུ་གསོ་བའི་མཆོག། ཅེས་དང་། ཤེལ་ཕྲེང་ལས། རྒུ་དྲུས་རྨ་འདྲུབ་རྩ་མཐུད་རྒྱུ་གཟེར་འཇོམས།། ཞེས་དང་། རྒུས་སྣོད་ཚད་འཇོམས་པ་ཡིན།། ཞེས་དང་། རོ་ཁ་ནུས་པའི་རྨ་དང་ནི།། དུག་དང་རིམས་ཀྱི་གཉེན་པོ་ཡིན།། ཕྱེ་མ་ལན་གསུམ་བཏབ་པ་ན།། རྨ་རྙིང་མོ་དབང་འབྱར་ཡང་ནུས།། ཞེས་འབྱུང་བ་ལྟར་རོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-20

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།