ཁྱིམ་རྒྱུད་ལམ་ལུགས།

རྒྱ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང་མེས་པོར་མཆོད་པར་མཐོང་ཆེན་བྱས་པ་སྟེ། རྒྱལ་པོས་རང་གི་མེས་པོར་བརྩི་བཀུར་དང་མཆོད་པའི་ཆེད་དུ་མཆོད་ཁང་བསྐྲུན་ཡོད། འབངས་མི་སེར་གྱིས་ཀྱང་གྲོང་ཚོའི་དཀྱིལ་དུ་མེས་པོའི་མཆོད་ཁང་བསྐྲུན་ཏེ་ནང་དུ་མེས་པོའི་མཆོད་ཤིང་བསྒྲིགས་ཡོད། དེ་ནི་གྲོང་ཚོའི་ནང་གི་བཟོ་བསྐྲུན་ཆེས་ཡག་ཤོས་རེད། ལོ་རེའི་གཏན་འཁེལ་གྱི་ཉིན་མོར་ཚོ་དཔོན་གྱིས་གྲོང་མི་ཡོངས་ཀྱི་འགོ་བཟུང་ནས་སྤོས་བསྒྲོན་ཞིང་ཕྱག་འཚལ་ནས་མེས་པོར་མཆོད་པ་བྱེད། དུད་ཁྱིམ་རེ་རེས་ཀྱང་རང་ཁྱིམ་དུ་མེས་པོའི་པར་དང་མཆོད་ཤིང་བསྒྲིགས་ཤིང་། ལོ་སར་ནམ་གང་དང་མེས་པོའི་འདས་ཚིགས་ཀྱི་ཉིན་མོར་མཆོད་པ་བྱེད་པ་རེད། ཀྲུང་གོའི་གུས་སྲོལ་འདི་ནི་མི་རྒྱུད་འདེད་པའི་ལམ་ལུགས་དང་འབྲེལ་བ་ཆེན་པོ་ཡོད་པ་རེད།
མི་རྒྱུད་འདེད་པའི་ལམ་ལུགས་ནི་ཀྲུང་གོའི་གནའ་རབས་སྤྱི་ཚོགས་སུ་ཁྱིམ་རྒྱུད་ཀྱི་འབྲེལ་བར་བརྟེན་ནས་ཉེ་རིང་གི་དབྱེ་བ་དགར་བའི་ལམ་ལུགས་ཤིག་རེད། ཡ་ཐོག་རུས་རྒྱུད་དུས་སྐབས་སུ་དེའི་མྱུ་གུའི་མགོ་འབུས་པ་དང་། ཀྲོའུ་རྒྱལ་རབས་སྐབས་སུ་ད་གཟོད་སྐུ་དྲག་ཕན་ཚུན་བར་གྱི་འབྲེལ་བ་མཚོན་པའི་ལམ་ལུགས་ཤིག་ཏུ་གྲུབ། ལུགས་སྲོལ་དེ་ནི་ཕ་མེས་ཡང་མེས་ཀྱི་ཕ་རྒྱུད་ཀྱི་སྤུན་ཆེ་བ་ནས་རྒྱུད་འདེད་ཅིང་དབང་འཛིན་པ་སྟེ། མི་རབས་མི་རྒྱུད་ལ་ཕ་རྒྱུད་ཀྱི་བུ་ཆེ་བས་རྒྱུད་འཛིན། མ་ལག་དེ་ལ་རུས་རྒྱུད་ཆེ་བ་དང་བུ་ཆེ་བར་བུ་རྒྱུད་དམ་ཡང་ན་རུས་དཔོན་ཞེས་ཟེར་ལ། དེར་མེས་པོ་ལ་མཆོད་པ་བྱེད་པའི་དབང་ཆ་ཡོད་པར་མ་ཟད། ཚོ་བ་ཡོངས་ཀྱིས་བརྩི་ཞིང་བཀུར་དགོས། བུ་ཆུང་བ་རྣམས་ལ་རུས་རྒྱུད་ཆུང་བ་ཟེར་ཞིང་། ཁོ་ཚོ་ཡང་རང་རང་སོ་སོའི་ཁྱིམ་ཚང་ནང་དུ་རུས་རྒྱུད་ཆེ་བ་ཡིན། ཀྲོའུ་རྒྱལ་རབས་ནས་བཟུང་ཁྱིམ་རྒྱུད་འདེད་པའི་སྲོལ་དེ་དམངས་ཁྲོད་དུ་ཁྱབ་ཅིང་། ཀྲུང་གོའི་གནའ་རབས་སྤྱི་ཚོགས་ཀྱི་རུས་རིགས་རྩ་འཛུགས་དང་མཐུན་པས་དབང་སྒྱུར་གྲལ་རིམ་གྱི་ཆབ་སྲིད་དང་སྤྱི་ཚོགས་སྒྲིག་གཞི་སྲུང་སྐྱོབ་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་པ་རེད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-06-17
གསར་སྤེལ་མཁན། :.ཉི་མ་འཚོ།