ལྷ་སྐུའི་མཛེས་དཔྱོད་ཀྱི་ལྟ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་སྐུའི་མཛེས་དཔྱོད་ཀྱི་ལྟ་བ།
རི་མོ་འབྲི་བར་མཛེས་དཔྱོད་རིག་པ་དང་འབྲལ་ཐབས་མེད། རིག་གནས་རྒྱབ་ལྗོངས་མི་གཅིག་པའི་དབང་གིས་མི་རིགས་སོ་སོའི་བར་གྱི་མཛེས་དཔྱོད་ལྟ་བ་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ཆོས་ལུགས་སོ་སོའི་ལྟ་བའང་གཅིག་མཚུངས་ཤིག་མིན། བོད་མི་རིགས་ལ་མཚོན་ན་ཡང་རང་ལ་མཛེས་དཔྱོད་ཀྱི་ལྟ་བ་ཞིག་ཡོད་དོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལྷ་སྐུའི་མཛེས་དཔྱོད་ཀྱི་ལྟ་བ།
རྒྱ་ཡིག་གི་མིང་།
佛像的审美观
དབྱིན་ཡིག་གི་མིང་།
Aesthetic Appreciation of Buddha Statues
ཁོངས་གཏོགས།
སྒྱུ་རྩལ།
1 སྤྱིར་བསྟན་པ།

རི་མོ་འབྲི་བར་མཛེས་དཔྱོད་རིག་པ་དང་འབྲལ་ཐབས་མེད། རིག་གནས་རྒྱབ་ལྗོངས་མི་གཅིག་པའི་དབང་གིས་མི་རིགས་སོ་སོའི་བར་གྱི་མཛེས་དཔྱོད་ལྟ་བ་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། ཆོས་ལུགས་སོ་སོའི་ལྟ་བའང་གཅིག་མཚུངས་ཤིག་མིན། བོད་མི་རིགས་ལ་མཚོན་ན་རང་ལ་ལྟ་བ་ཞིག་གྲུབ་འདུག་སྟེ། དཔེར་ན“མཛེ་པོ་མིན་ན་ཤ་མདངས་སྨུག་ན་ཡག གྱོལ་བོ་མིན་ན་ཉྭ་རྐང་ཕྲ་ན་ཡག”དང་། “ཕོ་ཡག་ངོ་ཡི་སྣ། མོ་ཡག་ངོ་ཡི་མིག” “མ་ཡག་པ་ཡིན་ན་སྐེ་མདའ་རིང་དགོས”ཞེས་པ་སོགས་ཀྱིས་མིའི་སྐྱེས་གཟུགས་ཐད་ཀྱི་ཡག་བཙོག་དེ་གསལ་པོར་བསྟན་ཡོད།

ཐང་གའི་སྟེང་གི་མི་སྣར་མཚོན་ན་བཅོམ་ལྡན་འདས་ཀྱི་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་དཔའི་བྱང་སེམས། སྦྱིན་བདག་རྣམས་ཀྱི་དད་མོས། ཆོས་སྐྱོང་རྣམས་ཀྱི་གཟི་རྔམ། མཆོད་པའི་ལྷ་མོ་དག་གི་མཛེས་ཉམས་བཅས་ཀྱིས་མི་རྣམས་ལ་ངང་ངམ་ཤུགས་ཀྱིས་སྒྱུ་རྩལ་གྱི་ཉམས་སྣང་ཤུགས་དྲག་ཅིག་སྟེར་སྲིད། སྒྱུ་རྩལ་གྱི་ཉམས་སྣང་དེ་ནི་ཏན་ཏན་དགའ་ཁྲོ་ཞི་དྲག་བཅས་ལུས་གཟུགས་ཀྱི་ཉམས་སྣང་བརྒྱུད་ནས་བྱུང་བ་རེད།

ཐང་གའི་སྒྱུ་རྩལ་གྱི་ཡིད་ཡུལ་གྱིས་མིའི་སེམས་པ་ཆེས་མཐོ་རིམ་གྱི་རེ་སྙེག་བྱ་སའི་ཞིང་བཀོད་དུ་ཡང་ནས་ཡང་དུ་འདྲེན་པའི་སྒྱུ་རྩལ་གྱི་ནུས་ཤུགས་འདོན་ཐུབ་པ་དང་། སྒྱུ་རྩལ་གྱི་ནུས་ཤུགས་དེ་ནི་ཐང་གའི་སྒྱུ་རྩལ་གྱི་མཛེས་དཔྱོད་རིན་ཐང་གིས་གནང་པའི་རྒྱུས་ཡོད་ནུས་ཤུགས་ཤིག་རེད། ཐང་གའི་སྒྱུ་རྩལ་གྱིས་ལྟ་ན་སྡུག་པའི་སྐྱ་ཐིག་དང་ཚོན་མདངས། ཕུན་སུམ་ཚོགས་པའི་རི་མོའི་ནང་དོན་བཅས་ལ་བརྟེན་ནས་ཐང་གར་མཆོག་ཏུ་ཡངས་པའི་མཛེས་དཔྱོད་ཀྱི་བླ་སྲོག་ཅིག་གནས་སུ་བཅུག་འདུག ཆོས་ལུགས་ཀྱི་བརྗོད་བྱ་འབུར་དུ་ཐོན་པའི་ཐང་གའི་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མིག་ལམ་ལ་མངོན་དུ་འཇུག་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། ཐང་ག་ལས་མངོན་པའི་ཡིད་ཡུལ་ཁྱད་པར་བ་དེ་ནི་བོད་ཀྱི་རིག་གནས་གོང་འཕེལ་དུ་ཕྱིན་ནས་ལོ་ངོ་སྟོང་ཕྲག་འགར་བསགས་པའི་རིག་གནས་ཀྱི་ཉིང་བཅུད་ལགས། མཛེས་དཔྱོད་ཀྱི་ལྟ་བ་དེ་དག་ནི་གཙོ་བོ་དགའ་ཁྲོ་ཞི་བ། མི་སྡུག་པའི་ཉམས་ལས་མངོན་གྱི་ཡོད།

2 སྤྲོ་ཉམས།

མིག་ནི་སེམས་ཀྱི་དྲ་མ་ཡིན་ཞེས་པ་ལྟར་རི་མོ་འབྲི་སྐབས་མིག་གིས་སྤྲོ་ཉམས་མཚོན་དུ་གཞུག་ཐུབ་པར་མ་ཟད། མཆུ་སྒྲོས་ཀྱང་གདོང་གི་ཉམས་སྣ་ཚོགས་མཚོན་པར་བྱེད་པའི་ཆེས་གལ་ཆེན་གྱི་ཁག་ཅིག་ཡིན། མཆུ་སྒྲོས་ཀྱིས་སྤྲོ་དགའི་ཉམས་མཚོན་དུ་འཇུག་པ་དང་མཉམ་དུ་ལུས་ཀྱི་ཉམས་འགྱུར་ལ་བརྟེན་ནས་སྤྲོ་ཉམས་མཚོན་པར་རམ་འདེགས་གང་ལེགས་བྱ་ཐུབ།

3 ཁྲོ་ཉམས།

ཁྲོ་སྐུ་དག་གི་གཟུགས་ཉམས་ནི་དབུ་གསུམ་ཕྱག་དྲུག་ཅན་དང་མཆེ་བ་གཙིགས་ཞལ་གདངས་པ་ཅན་ཡིན། ལྷ་བཟོ་རྣམས་ཀྱིས་ཆོས་གཞུང་དུ་གསུངས་པ་གཞིར་བཟུང་སྟེ་ཁྲོ་བོ་དག་ནི་སྤྱན་མིག་སྒོར་ཞིང་ཞལ་གདངས་འདུག་པ་ཞིག་བྲིས་པ་མ་ཟད། ཐོད་སྐོགས་སྐམ་རློན་སྙི་གསུམ་དང་རུས་རྒྱན། དུག་སྦྲུལ་བཅས་ཀྱིས་རྣམ་པར་བརྒྱན་ལ། ཕྱག་ཏུ་ཐོད་པ་དང་སྙིང་བསྣམ་དུ་འཇུག་པ་དང་སྐུ་གཟུགས་ཀྱི་མཐའ་སྐོར་དུ་མེ་རིས་ཀྱིས་བརྒྱན་པ་ན། དངོས་གནས་འཇིགས་སུ་རུང་བ་ཞིག་ཡིན་འདུག དཔེར་ན་རྡོ་རྗེ་འཇིགས་བྱེད་དང་ཕྱག་ན་རྡོ་རྗེ། མ་ཧ་ཀ་ལ། མགོན་པོ་ཕྱག་དྲུག་པ། རྟ་མགྲིན། དམ་ཅན་ཆོས་རྒྱལ་ལྟ་བུ། ཁྲོ་བོ་དག་གི་མིག་ནི་སྒོར་སྒོར་རམ་གྲུ་བཞི་ཡིན་ལ། ཞལ་གདངས་ཤིང་དབུ་སྐྲ་གྱེན་དུ་གཟེང་བ། མཆེ་བ་གཙིགས་ལྕེ་འཁྱིལ་མིག་ཏུ་གློག་དམར་འཁྱུག་པ་ཞིག་བྱས་ཏེ་དྲག་ཉམས་དང་བཅས་བཞེངས་འདུག

4 ཞི་ཉམས།

ཚད་ལྡན་གྱི་ཞི་ཉམས་ནི་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་འཛོམས་པ་དེ་ཡིན། “ཞི་བ་རྣམས་ནི་བཞད་པ་དང་། མཉམ་པར་བཞག་པ། ཆགས་ལྡན་ལ་འཛུམ་པའི་ཉམས་དང་ཡན་ལག་མཉེན་ལྕུག་འཁྲིལ་ལྡེམ་གྱི་ཉམས”ཞེས་པ་ནང་བཞིན་ཐང་གར་འཇུག་པའི་ལས་དང་བོ་པ་ཞིག་ཡིན་ཚེ་དེའི་མཛེས་དཔྱོད་གནས་ལུགས་རྟོགས་པར་བྱ་དགོས།

ཞི་ཉམས་མཚོན་ཐབས་ནི་སྤྱན་གཞུ་སྤྱན་ཡིན་ལ། མིག་རྣོ་ནི་གཞུ་སྤྱན་གྱི་དཀྱིལ་དབུས་ན་བྲིས་ཡོད་པས། མི་ལ་སྤྱན་གྱིས་མདུན་ཐད་གཟིགས་ཤིང་ཐུགས་ལ་བྱམས་སྙིང་རྗེ་བཅངས་པའི་ཚོར་སྣང་ཞིག་སྟེར་བ་དང་། སྤྱན་གྱི་སྣེ་གཉིས་མར་འཕྱང་བ་ན་ཐུགས་གཞིགས་གནང་པ་དེ་མཚོན་ལ། སྤྱན་གྱི་སྣེ་གཉིས་ཡར་ཕྱོགས་པ་ན་ཐུགས་སྤྲོ་བའི་ཉམས་འགྱུར་དེ་མཚོན་པ་ཡིན།

5 མི་སྡུག་པའི་ཉམས།

གསུས་པ་ཆེ་ཞིང་མགྲིན་པ་ཕྲ་བ་དང་། ཞལ་གྲུ་བཞིའམ་རིལ་མའི་དབྱིབས་སུ་སྣང་བ། རྐང་ལག་ཕྲ་ཞིང་ལུས་གཟུགས་སྐམ་རིད་དུ་གྱུར་པ། མགོ་ན་རྭ་ཐོགས་པ་དང་མཇུག་མ་ཡོད་པ། སྐྲ་གཟེངས་པ་དང་མཆེ་བ་གཙིགས་པ། ཁ་གདངས་ཤིང་མིག་ཅེར་བ། ཉྭ་འཁྱིལ་ཞིང་སྒལ་བ་གུག་པ། རྐང་འཁྲབ་ལག་འཁྲབ་བྱེད་པ་སོགས་བཞིན་མི་སྡུག་པ་དང་ལུས་མི་སྡུག་པའི་ཉམས་སྣང་འཆར་བ་ཞིག་ཡིན་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-29

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།