རས་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རས་གཞི།
རས་གཞི་ནི་ཐང་ག་སོགས་འབྲི་བྱེད་དུ་བཀོལ་བའི་རས་ཀྱི་མིང་ལ་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རས་གཞི།
རྒྱ་ཡིག་གི་མིང་།
画布
དབྱིན་ཡིག་གི་མིང་།
canvas
ཁོངས་གཏོགས།
སྒྱུ་རྩལ།
1 ​གོ་དོན།

རས་གཞི་ནི་ཐང་ག་སོགས་འབྲི་བྱེད་དུ་བཀོལ་བའི་རས་ཀྱི་མིང་ལ་བརྗོད་པ་ཡིན་ལ། རས་རྒྱུ་བཟང་མིན་དང་ལྷ་བཟོ་བས་རས་གཞི་བཟོས་པ་བཟང་མིན་གྱིས་བྲི་བྱའི་ཐང་ཀའི་མཛེས་ཉམས་ཀྱི་སྤུས་ཚད་ལ་ཐད་ཀར་འབྲེལ་བ་ཡོད།

2 རྒྱུ།

རས་གཞིའི་རས་ནི་མ་མོག་ལས་བཟོས་པའི་རས་དཀར་སྤུས་ལེགས་ཤིག་ཡིན་དགོས། རས་གཞིའི་སྟེང་དུ་རྫོབ་རོ་དང་ལྟེབས་གཉེར་བཅས་ཡོད་མི་རུང་བར་མ་ཟད། ལྷག་པར་དུ་རས་ཐེད་པོ་ཡིན་མི་རུང་། ཐང་ག་ཆེན་པོ་བཞེང་སྐབས་གོང་འོག་གཡས་གཡོན་དུ་རས་གཞི་མཐུད་དགོས། རས་གཞི་མཐུད་སྐབས་མཐུད་མཚམས་རྒྱབ་ངོས་སུ་གཏོད་པ་དང་མཐུད་མཚམས་ཀྱི་མཐུད་ཁ་གཡས་གཡོན་དུ་བལྟབས་རྗེས་དབུར་ཏི་སྤྱད་དེ་ངོས་མཉམ་པ་དང་མཐུད་མཚམས་མི་ཤེས་པ་ཞིག་བྱ་དགོས།

3 རས་གཞི་རྐྱོང་བ།

རས་གཞི་ཆུ་གཙང་མ་ཞིག་གིས་བཀྲུས་ཏེ་བསིལ་སྐམ་བྱེད་པ་དང་རས་གཞིའི་སྟེང་གི་སྐུད་སྣེ་སོགས་མེད་པར་བྱ་དགོས། དེ་ནས་རས་གཞིའི་མཐའ་བཞི་རུ་སོར་གང་ནས་སོར་དོ་བསྐྱུར་ཏེ་གླིང་བཞི་བོ་དབྱུ་གུས་བཟོས་པའི་སྒྲོམ་བུ་ཞིག་གི་སྟེང་དུ་དཀྲིས་ཏེ་བཙེམ་པ་དང་། དེ་ནས་དབྱུག་སྒྲོམ་དེ་སྐུད་པ་སྤོམ་པོ་ཞིག་གིས་རྐྱོང་ཤིང་གི་སྟེང་དུ་བརྐྱངས་ནས་དོམ་པོ་ཞིག་བྱས་ཏེ། དབྱུ་གུས་བརྡུངས་ན་ཀོང་བུ་མི་འབབ་པ་དང་མཛུབ་མོས་མནན་ན་ངོས་མཉམ་པ་ཞིག་བྱ་དགོས་པ་རེད། རས་གཞི་འཇམ་བརྡར་བྱ་སྐབས་རས་གཞི་ཇེ་ཆེ་དང་ཇེ་སྲབ་ཏུ་འགྱུར་བ་ཡིན་པས། རྐྱོང་ཤིང་གི་སྟེང་དུ་རས་གཞི་སྡོམ་སྐབས་ངེས་པར་དུ་དོམ་པོ་ཞིག་བསྡམ་དགོས།

4 ཀ་རག་བསྐུ་བ།

ཆུ་དྲོད་འཇམ་གཙང་མ་ཞིག་གིས་ཀ་རག་ཀ་ཏོ་ར་རུ་བསྒྲུངས་པ་དང་། དེ་ནས་ཀ་རག་དེ་ཡང་ནས་ཡང་དུ་དཀྲིགས་ཏེ་སྙིགས་རོ་སོགས་འདོར་དགོས། རུས་སྤྱིན་ཆུ་དྲོད་ཀྱིས་བསྒྲུངས་ཏེ་ཞུ་རུ་བཅུག་རྗེས། 10%ཡི་མང་ཉུང་ལྟར་ཆུར་བསྒྲུངས་ཀ་རག་གི་ནང་དུ་བསྲེས་ཏེ་གར་སླ་རན་པ་ཞིག་བྱ་དགོས། དེ་ནས་རས་འཇམ་པོ་ཞིག་གིས་ཀ་རག་རས་གཞིའི་ངོས་གཉིས་སུ་ས་སྟོང་མི་ལུས་པ་དང་སྲབ་མཐུག་མེད་པར་འབྱུག་དགོས། རས་གཞི་ཅུང་ཙམ་སྲད་པ་ན་སྤུ་ཤད་ཀྱིས་རས་གཞིའི་ངོས་གཉིས་སུ་ཡང་བསྐྱར་གོང་འོག་དང་གཡས་གཡོན་བཅས་ཀྱི་གོ་རིམ་ལྟར་ས་སྟོང་མི་ལུས་པ་དང་སྲབ་མཐུག་མེད་པར་སྤྱིན་འདྲེས་ཀ་རག་ལན་གཅིག་བསྐུ་དགོས། ཀ་རག་བསྐུས་རྗེས་ཞིབ་ལྟ་ཐེངས་གཅིག་བྱེད་པ་དང་། ཀ་རག་བསྐུས་པ་ཉུང་སར་ཡང་བསྐྱར་ཀ་རག་བསྐུ་དགོས། ཀ་རག་བསྐུས་ཚར་རྗེས་རས་གཞིའི་སྟེང་གི་མི་གཙང་བ་བཅས་མེད་པར་གཏང་དགོས། དེ་མིན་ཕྱིན་ཐང་གའི་སྤུས་ཀར་གནོད་པ་བཟོ་ཉེན་མཆིས།

5 རས་གཞི་བརྡར་བ།

བསིལ་སྐམ་བྱས་པའི་རས་གཞི་རྡོ་ཡིས་བརྡར་དགོས། དང་ཐོག་རྡོ་ཅུང་རགས་མོ་ཞིག་གིས་རས་གཞི་དེ་དལ་གྱིས་ལན་ལྔ་ཙམ་བརྡར་བ་དང་། རས་གཞི་བརྡར་སྐབས་ཤུགས་དྲག་མི་རུང་། རས་གཞི་ཐེངས་རེར་བརྡར་རྗེས་བསིལ་སྐམ་ཐེངས་རེ་བྱ་དགོས། དེ་ནས་རུས་སྤྱིན་ཉུང་ཙམ་ཆུ་འཁྱག་ཏུ་བསྒྲེངས་ཏེ་རས་གཞིའི་མདུན་ངོས་སུ་སྤྱིན་ཆུ་བྱུགས་རྗེས་བསིལ་སྐམ་བྱེད་པ་དང་། རྡོ་འཇམ་པོ་ཞིག་གིས་རས་གཞིའི་མདུན་ངོས་ནས་འོད་སྣང་ཙམ་བརྟོལ་རག་བར་དུ་འཇམ་བརྡར་བྱ་དགོས། མཉམ་འཇོག་དགོས་ས་ཞིག་ལ་རྡོ་རྩུབ་མོས་གཏན་ནས་འཇམ་བརྡར་བྱ་མི་རུང་། རས་གཞི་བརྡར་སྐབས་རས་གཞིའི་འོག་ཏུ་ཤིང་ལེབ་འཇམ་པོ་ངོས་མཉམ་པ་ཞིག་བཞག་སྟེ་བརྡར་དགོས། བརྡར་ཟིན་པའི་རས་གཞི་ནི་ངེས་པར་དུ་ངོས་མཉམ་ཞིང་སྲབ་ལ། སྲ་མོ་ཞིག་ཡིན་དགོས།

བརྡ་འགྲེལ་གདོང་འཛར།

རས་གཞི། ཐང་ག རྐྱོང་བ། ཀ་རག བརྡར་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-29

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།