མོལ་ཐ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོལ་ཐ།
མོལ་ཐ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ316ཡོད་པ་དང་། མི་གྲངས་ཁྲི49ཡོད་ལ། རྒྱལ་ས་ནི་ཝ་ལེ་ཐ་ཡིན། སྲིད་འཛིན་ས་ཁུལ་དུ་གྲོང་རྡལ་ང་བརྒྱད་ཡོད་པ་དང་། སྲིད་གཞུང་གིས་ཐད་ཀར་དོ་དམ་བྱེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马耳他共和国
ཕྱི་ཡིག་གི་མིང་།
Republic of Malta
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ316
མི་གྲངས།
ཁྲི49
དངུལ་ལོ།
རི་ཡ།
1 ས་བབ་གནས་ཚུལ།

དེ་ས་དཀྱིལ་རྒྱ་མཚོའི་དབུས་ཁུལ་དུ་གནས་པ་དང་། ཞི་བདེ་རྒྱ་མཚོ་ཆེན་པོ་ནས་རྒྱ་གར་རྒྱ་མཚོ་དང་ས་དཀྱིལ་རྒྱ་མཚོའི་ཤར་ཁུལ་དུ་བསྐྱོད་པའི་འགག་སྒོ་ཡིན་ལ། ཡོ་རོབ་གླིང་དང་ཡ་གླིང་། ཧྥེ་གླིང་བཅས་བར་གྱི་འགྲིམ་འགྲུལ་ལྟེ་གནས་ཤིག་ཀྱང་ཡིན་པས། “ས་དཀྱིལ་རྒྱ་མཚོའི་སྟེང་གི་སྲོག་སྙིང”ཞེས་ཀྱང་བརྗོད། དེའི་ཤར་ཕྱོགས་ནས་ཨེ་ཅེབ་ཀྱི་ཡ་ལི་ཧྲན་ཏའི་གྲུ་ཁའི་བར་དུ་མཚོ་ལེ994ཡོད་པ་དང་། ལྷོ་ནས་ཧྥེ་གླིང་བྱང་མའི་སྐམ་སའི་བར་དུ་མཚོ་ལེ180ཡོད།

དེ་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་།   མངའ་ཁོངས་ཧྲིལ་བོ་གླིང་ཕྲན་ལྔ་ཡིས་གྲུབ་པ་དང་། མོལ་ཐ་གླིང་ཕྲན་ནི་ཆེས་ཆེ་བའི་གླིང་ཕྲན་ཡིན་ལ། ཕལ་ཆེར་སྤྱི་ལེ་གྲུ་བཞི་མ246.5ཡོད་ཅིང་། རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི78%ཟིན་ཡོད། ཨི་ཏེ་ཧྲི་གླིང་ཕྲན་ནི་གླིང་ཕྲན་ཆེན་པོ་ཨང་གཉིས་པ་ཡིན། རྒྱལ་ཡོངས་ཀྱི་རྒྱ་མཚོའི་འགྲམ་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ180ཡོད།

ས་བབ་ནི་ནུབ་མཐོ་ལ་ཤར་དམའ་བ་དང་། ལྷོ་ནུབ་ཀྱི་རྒྱ་མཚོའི་འགྲམ་ངོགས་ནི་གད་པ་ཡིན། དབུས་ཁུལ་དང་ཤར་ཁུལ་ནི་རི་མ་ཐང་ཡིན།

ནམ་ཟླ་ནི་ཚ་ཁུལ་གྱི་ས་དཀྱིལ་རྒྱ་མཚོའི་གནམ་གཤིས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད18.7℃ཡིན་པ་དང་། ཆ་སྙོམས་ཀྱི་ཆར་བ་འབབ་ཚད་ཧོ་སྨི525ཡིན། ལོ་ཧྲིལ་བོའི་ནང་གི་ལོ་ཕྱེད་ཙམ་ལ་གནམ་ངོ་དྭངས་སྟེ་ཉི་མ་ལྷམ་མེར་འཆར་བར་བྱེད།

ཐོན་ཁུངས་སུ་འཛུགས་སྐྲུན་རྒྱུ་ཆས་རྡོ་གཡའ་མ་མང་དུ་ཡོད་པ་དང་། དེ་ནི་མོལ་ཐ་ལས་གཞན་དུ་མེད་པའི་ཐོན་ཁུངས་གཙོ་བོ་ཞིག་ཡིན།

མོལ་ཐ་ཞེས་པ་ནི། ཧྥིའུ་ཉི་ཅིའི་སྐད་དུ“རླུང་གཡོལ་གྲུ་ཁ”ཞེས་པའི་དོན་དུ་བཤད།

2 ​མི་རིགས་དང་རིག་གནས།

གྲོང་ཁྱེར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི87%བཟུང་བ་དང་། མོལ་ཐ་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི96.7%ཟིན་ལགཞན་དབྱིན་ཇིའི་མི་དང་ཨི་ཐ་ལིའི་མི། ཨ་རབ་ཀྱི་མི་སོགས་ཡོད།

སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་མོལ་ཐའི་སྐད་དང་དབྱིན་སྐད་ཡིན།

རོ་མའི་གནམ་བདག་ཆོས་ལུགས་ནི་མོལ་ཐའི་རྒྱལ་ཆོས་ཡིན་པ་དང་། མི80%ཡིས་ཆོས་དེར་དད་པ་བྱེད།་ མི་ཉུང་ཤས་ཤིག་གྷི་རི་སིའི་ཏུང་ཀྲིན་ཆོས་ལུགས་ལ་དད་པ་བྱེད།

3 ཆབ་སྲིད་དང་དཔལ་འབྱོར།

སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་ཞིང་། རྒྱལ་དམངས་ཀྱི་གདམ་དགོས་ལ། འགན་ཡུན་ལོ་ལྔ་ཡིན།

གྲོས་ཚོགས། སྲིད་གྲོས་ཏེ་གྲོས་ཁང་གཅིག་ཅན་ཡིན་ལ། རྒྱལ་དམངས་ཀྱིས་འདེམ་དགོས་པ་དང་། འགན་ཡུན་ལོ་ལྔ་ཡིན།

སྲིད་གཞུང་། ཆེས་མཐོའི་སྲིད་འཛིན་མགོ་གཙོའི་ལས་ཁུངས་ཡིན་པ་དང་། འགན་འཁྲི་ལམ་ལུགས་ཀྱི་ནང་སྲིད་ལས་ཁུངས་ཡིན།

དཔལ་འབྱོར་ནི་ཐོན་ཁུངས་ཉུང་བ་དང་། བཟོ་ལས་ཀྱི་འཕེལ་རྒྱས་ཆུ་ཚད་དམའ་ལ། འབྲུ་རིགས་ཀྱང་གཙོ་བོར་ནང་འདྲེན་ལ་བརྟེན་པར་བྱེད། ལྗོངས་རྒྱུ་དང་གྲུ་བཟོ། གྲུ་གཟིངས་ཞིག་གསོ་བཅས་ནི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་གསུམ་ཡིན། དངུལ་ལོ་ནི་རི་ཡ་ཡིན།


བརྡ་འགྲེལ་གདོང་འཛར།

མི་རིགས། རིག་གནས། རྒྱལ་ཁབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-05-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།