རྒྱལ་རོང་ལོ་རྒྱུས་ཤེལ་དཀར་མེ་ལོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་རོང་ལོ་རྒྱུས་ཤེལ་དཀར་མེ་ལོང་།
《རྒྱལ་རོང་ལོ་རྒྱུས་ཤེལ་དཀར་མེ་ལོང》འདི་ནི་རིག་འཛིན་བསྟན་སྲུང་དང་དགེ་འདུན་ཨ་ཚོགས་གཉིས་ཀྱིས་བརྩམས་གནང་མཛད་ཅིང་། འདི་རུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གཙོས་རྒྱལ་རོང་སྐད་ཡིག་དང་། རྒྱལ་རོང་ཡུལ་སྲོལ་གོམས་གཤིས་སོགས་ཞིབ་པར་འཁོད་ཡོད་པའི་རྒྱལ་རོང་ཡུལ་གྱི་ལོ་རྒྱུས་དེབ་ཐེར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
དེབ་ཐེར།
བརྩམས་ལོ།
སྤྱི་ལོ2015ལོའི་སྤྱི་ཟླ7པའི་ཚེས7ཉིན།
རྩོམ་པ་པོ།
རིག་འཛིན་བསྟན་སྲུང་དང་དགེ་འདུན་ཨ་ཚོགས།
གཞུང་ཚད།
ལེའུ་ཉེར་གཉིས་ཀྱི་བདག་ཉིད་ཅན།
ཤོག་གྲངས།
465
1 རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
1_1 རིག་འཛིན་བསྟན་སྲུང་།

དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོ་སྟེ་སྤྱི་ལོ1958ལོར་མི་ཉག་རབ་སྒང་འབྲོག་སྡེ་གོ་རོ་མ་ཞེས་པར་སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་པ་རེད། དགུང་ལོ8ཀྱི་ཐོག་ཏུ་མཚན་གྱི་སྙན་པ་ཤར་མི་ཉག་རབ་སྒང་དུ་གྲགས་པའི་གསེར་རྒྱ་སྒོ་བླ་མ་བསོད་བཟང་མཆོག་ཀློག་སློབ་པའི་དགེ་རྒན་བསྟེན་ནས་ཡི་གེ་འབྲི་ཀློག་གི་ལམ་དུ་གོམ་པ་སྤོ་འགོ་ཚུགས། ཁོང་ནི་སློབ་སྦྱོང་ལ་སྙིང་རུས་ཆེ་ཞིང་ལྷན་སྐྱེས་ཤེས་རབ་ཀྱི་དཔལ་འབར་བ།དགེ་རྒན་གྱིས་བསླབ་པ་ཐམས་ཅད་ཚེགས་མེད་དུ་མཁྱེན།

ཏང་ཨུ་དང་སྲིད་གཞུང་ཁོང་གི་རིག་གནས་རྐང་རྩ་བཟང་ཞིང་མི་དམངས་ཀྱི་སློབ་གསོར་བློ་སེམས་དཀར་བར་ཤེས་རྟོགས་བྱུང་རྗེས་གོ་རོ་མ་སྡེ་བའི་དམངས་སྒྲུབ་དགེ་རྒན་དུ་བསྐོས། ལོ20ལ་མ་སོན་པའི་རིག་འཛིན་བསྟན་སྲུང་ནི་ཚད་ལྡན་གྱི་སློབ་གྲྭར་འགྲིམ་མྱོང་མེད་མོད། འོན་ཀྱང་དཔེ་ཁྲིད་དང་སློབ་མ་དོ་དམ་བྱ་རྒྱུ་ཚང་མར་ཐབས་མཁས་ཤིང་ངང་རྒྱུད་རིང་བས་ཤང་ཏང་ཨུ་དང་སྲིད་གཞུང་། སྡེ་མི་ཀུན་གྱིས་མགྲིན་གཅིག་ཏུ་བསྟོན་བསྔགས་བྱས།དེས་ཁོང་ལ་ངར་ཤུགས་ཀྱང་མི་དམན་བ་ཞིག་བསྣན་པས་རང་སྦྱོང་གི་ལས་ལ་ཡང་སེམས་དུབ་རྒྱུ་མེད་ལ་ལུས་ཐང་ཆད་རྒྱུ་མེད། སྐབས་འགར་དོགས་གཞི་རེ་འགའ་ཙམ་སེལ་བའི་ཆེད་དུ་ལེ་དབར་བཅུ་ཁའི་ལམ་ཐག་ལ་མ་འཛེམས་པ་དགེ་རྒན་སར་ཕྱིན་པ་དང་། དེའི་སྐབས་སུ་བླ་མ་པདྨ་ཆོས་དར་དང་སྤྲུལ་སྐུ་ཨ་དཔལ་གཉིས་ནི་ཁོང་གི་དོགས་གཅོད་ཀྱི་དགེ་མཆོག་ཏུ་གྱུར།

སྤྱི་ལོ1990ལོར་གོང་རིམ་གྱིས་ཁོང་མཚོ་སྔོན་སློབ་གསོ་སློབ་གླིང་ད་ལྟའི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཕྱི་གླིང་སྐད་ཡིག་ཚན་ཁག་དུ་དབྱིན་ཡིག་སྦྱོང་སར་ལོ3མངགས་ནས་དབྱིན་ཡིག་ཅུང་མཁས་པར་གྱུར། 

སྤྱི་ལོ1994ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་རྒྱུགས་འཕྲོད་དེ་ལོ2ལ་སློབ་གཉེར་བྱས་པས་དངོས་གཞིའི་མཐར་ཕྱིན་ལག་ཁྱེར་ལོན་པ་དང་སེམས་ཁམས་རིག་པ་དང་སློབ་གསོ་རིག་པ་སོགས་དེང་རབས་ཀྱི་རིག་ཚན་མང་པོ་ཞིག་དཔྱིས་ཕྱིན་པར་བསླབས། སྤྱི་ལོ2003ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་དང་དར་མདོ་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་གཉིས་སློབ་གྲྭ་གཅིག་ཏུ་བསྒྱུར་པས་ཁོང་ནི་ཡང་སློབ་གྲྭ་དེའི་དགེ་རྒན་དུ་གྱུར།

སློབ་ཁྲིད་ཀྱི་ཞོར་དུ་ཁོང་གིས་སྔོན་རྗེས་སུ་དཔེ་ཆ་དང་སློབ་དེབ8བརྩམས་ནས་དཔར་སྐྲུན་བྱས་ཡོད་པ་དང་།  མི་གཞན་དང་མཉམ་དུ་དཔེ་ཆ་དང་སློབ་དེབ10ཙམ་བསྒྲིགས་ནས་དཔར་སྐྲུན་བྱས།རྩོམ་གཞུང་དེ་དག་ལས་ཁོང་ཉིད་ཀྱིས་ཉེ་ཆར་བརྩམས་པའི་《ཡིག་གཟུགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་རྣམ་བཤད་དུང་གི་ཟླ་བ》དང《གངས་ལྗོངས་དམ་ཆོས་རིན་ཆེན་གཏེར་བུམ》 《མངོན་བརྗོད་ལ་འཇུག་པའི་སྒོ》 《ས་པཎ་དག་འགྲེལ་མུན་སེལ་སྒྲོན་མེ》སོགས་ལ་ཆེད་རམས་པ་རྣམས་ཀྱིས་གདེང་འཇོག་ཡག་པོ་གནང་བ་དང་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོར་བྱས་ཡོད་པ་རེད། ཁྱད་པར་དུ《བྲིས་ཀྱི་གཞུང་ལུགས་ཀྱི་རྣམ་བཤད་དུང་གི་ཟླ་བ》དཔར་སྐྲུན་བྱས་ཟིན་རྗེས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཐོགས་མེད་ལགས་ཀྱིས་གསུང་པར་ལྟར།ཞིབ་འཇུག་ལས་གཞི་འདིས་ད་སྔོན་བོད་གངས་ཅན་ལྗོངས་ལ་བོད་ཡིག་བྲིས་གཟུགས་ཀྱི་རིག་གཞུང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་གཞུང་མེད་པའི་སྟོང་ཆ་ཁ་བསྐངས་ཡོད་པ་རེད་ཅེས་གསུངས། ལོ20ལྷག་གི་ནང་ཁོང་གིས་ད་རུང《བོད་ལྗོངས་ཞིབ་འཇུག》དང《མི་རིགས》《དར་མདོ་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་རིག་གཞུང་དུས་དེབ》སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ20ལྷག་ཙམ་སྤེལ་ཡོད་ཅིང་། ལྷག་པར་དུ་སྤྱི་ལོ1995ལོར་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རྩ་འཛུགས་བྱས་པའི《ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལོ་རྒྱུས》རྩོམ་སྒྲིག་ཚོ་ཆུང་དུ་ཞུགས་ནས་དར་མདོ་རྫོང་དང་ཉག་ཆུ་རྫོང་གཉིས་ཀྱི་དགོན་སྡེ་ཁག་གི་ལོ་རྒྱུས་བྲིས་པ་རེད། དེ་མིན་ཁོང་ནི་ཡིག་གཟུགས་འགྲན་བསྡུར་ནང་བཞུགས་ཏེ་ཞིང་ཆེན་རིམ་པའི་བྱ་དགས་ཨང་དང་པོ2དང་ཁུལ་རིམ་བྱ་དགའ5ཐོབ་མྱོང་པ་དང་། ད་ལྟ་ཁོང་ནི་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་གཞི་རྩའི་ནུས་རྩལ་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱི་ཡིག་གཟུགས་ཞིབ་དཔྱད་པའི་འགན་བཞེས་བཞིན་ཡོད།

2 ནང་དོན་མདོར་བསྡུས།

《དེ་ཡང་རྒྱལ་རོང་ལོ་རྒྱུས་ཤེལ་དཀར་མེ་ལོང》ཞེས་པ་འདིའི་ནང་དོན་གསལ་བཤད་བསྡུས་པ་ཞིག་བཤད་ན།  རྒྱལ་རོང་གི་རིགས་རུས་དང་མིང་།  རྒྱལ་རོང་གི་རྒྱལ་བོ་རྣམས་ཀྱི་རྒྱལ་རབས།  སྐད་ཡིག་དང་གོས་རྒྱན།  སྲིད་འབྱོར་རིག་གསུམ།  སློབ་གསོ།  འཕྲོད་བསྟེན།  འགྲིམ་འགྲུལ་དང་སྐྱེལ་འདྲེན།  ཚན་རིག་དང་ལག་རྩལ།  ཆོས་ལུགས་དང་དགོན་སྡེ།  ཡུལ་སྲོལ་གོམས་གཤིས།  རྒྱལ་རོང་གི་ས་དབྱིབས་ཆགས་ཚུལ།  རྒྱལ་རོང་གི་མི་སྣ་གྲགས་ཅན།  རྒྱལ་རོང་གི་མཁར་རྫོང་དང་གནའ་རྫས་ངོ་མཚར་བའི་གཏམ་རྒྱུད།  རྒྱལ་རོང་གི་དམངས་ཁྲོད་རིག་གནས།  རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་སོགས་ཆེད་དུ་ངོ་སྤྲོད་བྱས་ཡོད། 

སྤྱིར་ད་སྐབས་རྒྱལ་རོང་གི་ལོ་རྒྱུས་བོད་ཡིག་གིས་བྲིས་ཡོད་པ་དཀར་མཛེས་ཁུལ་གྱི《ཁམས་པའི་འཛུམ་རིས》དང་བྲག་བར་དཔལ་ལྡན་གྱིས་བརྩམས་པའི《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》བཅས་རྒྱ་ཡིག་ལ་བསྒྱུར་བ་དང་མ་བསྒྱུར་བ་བཅས་ནི་དཔྱད་གཞི་བྱས་ཡོད་ཀྱང་དེ་རྣམས་ཀྱི་ནང་དུ་སྤྱིར་བཏང་གི་རྒྱུ་ཆ་མང་པོ་ཞིག་རྙེད་ཡོད་ཀྱང་རྒྱལ་རོང་རྒྱལ་ཕྲན་བཅོ་བརྒྱད་ཀྱི་ལོ་རྒྱུས་མིང་ཙམ་རེ་མ་གཏོགས་འབྲི་རྒྱུ་རྙེད་མེད། 

འདི་རྒྱལ་རོང་རྒྱལ་ཕྲན་གཙོ་བོ་བོད་ཡིག་གི་སྔར་མེད་ཁ་གསལ་ལ་དོན་འདུས་པ་ཞིག་འབྲི་ཁུལ་བྱས་ཡོད་པ་ཡིན་ཞིང་།  ང་རང་ཚོ་ལ་དཔྱད་གཞིའི་ཡིག་ཆ་ཁུངས་དག་རྙེད་དཀའ་བ་དང་འབྲི་ཡུལ་གྱི་མི་རྒན་མང་པོ་མེད་པ་མ་ཟད།  ཞིབ་འཇུག་གི་དུས་ཡུན་མང་པོ་མེད་པ་དང་།  མི་ལག་མེད་པ།  ཤེས་ཡོན་གྱི་ཚད་དམའ་བས་སྐྱོན་དང་ནོར་འཕྲུལ་མི་འདང་ས་དུ་མ་ཞིག་ཡོད་པས་མཁྱེན་དཔྱོད་ལྡན་པའི་ཀློག་པ་པོ་དང་རྒྱལ་རོང་གི་ལོ་རྒྱུས་སྐོར་ལ་ཆ་རྒྱུས་མངའ་བའི་མཁས་པ་ཚོས་སྐྱོན་བརྗོད་དང་དག་བཅོས་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ནོ།།

3 དཀར་ཆག་རགས་བསྡུས།

ལེའུ་དང་བོ།  རྒྱལ་རོང་གི་རུས་རྒྱུད་སོགས་ཀྱི་སྐོར།

ལེའུ་གཉེས་པ།  རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ལོ་རྒྱུས།

ལེའུ་གསུམ་པ།  རྒྱལ་རོང་གི་ཁྲིམས་ལུགས་བཤད་པ།

ལེའུ་བཞི་བ།  རྒྱལ་རོང་གི་ཡུལ་སྲོལ་གོམས་གཤིས།

ལེའུ་ལྔ་བ།  རྒྱལ་རོང་གི་གཉེན་སྟོན་གྱི་སྐོར།

ལེའུ་དྲུག་པ།  རྒྱལ་རོང་གི་སྲིད་འབྱོར་རིག་གསུམ།

ལེའུ་བདུན་པ།  སློབ་གསོ་དང་འཕྲོད་བསྟེན།

ལེའུ་བརྒྱད་པ།  རྒྱལ་རོང་གི་ཚན་རིག་དང་ལག་རྩལ།

ལེའུ་དགུ་བ།  སྐྱེལ་འདྲེན་དང་འགྲིམ་འགྲུལ།

ལེའུ་བཅུ་བ།  རྒྱལ་རོང་གི་ཐོན་སྐྱེལ་གྱི་གནས་ཚུལ།

ལེའུ་བཅུ་གཅིག་པ།  རྒྱལ་རོང་གི་དམག་དོན་གྱི་གནས་ཚུལ།

ལེའུ་བཅུ་གཉིས་པ།  རྒྱལ་རོང་གི་བཟའ་བཏུང་རིག་གནས།

ལེའུ་བཅུ་གསུམ་པ།  རྒྱལ་མོ་རོང་གི་རྒྱན་གོས་ངོ་སྤྲོད།

ལེའུ་བཅུ་བཞི་བ།  རྒྱལ་རོང་གི་ཆོས་ལུགས་སྐོར།

ལེའུ་བཅོ་ལྔ་བ།  རྒྱལ་རོང་གི་གནའ་བོའི་མཁར་རྫོང་བཤད་པ།

ལེའུ་བཅུ་དྲུག་པ།  རྒྱལ་རོང་གི་གནས་ཆེན་ཁག་གི་ངོ་སྤྲོད།

ལེའུ་བཅུ་བདུན་པ།  རྒྱལ་རོང་གི་གནས་སྒྲུང་དང་གནའ་རྫས།

ལེའུ་བཅོ་བརྒྱད་པ།  གླུ་བྲོ་དང་གཏམ་དཔེ་སོགས་ཀྱི་སྐོར།

ལེའུ་བཅུ་དགུ་བ།  བོད་ཁུལ་སྤྱི་བྱེ་བྲག་ཏུ་ས་དབང་གི་ལམ་ལུགས་དར་ཚུལ།

ལེའུ་ཉི་ཤུ་བ།  དམར་དམག་རྒྱང་བསྐྱོད་བྱས་པའི་གནས་ཚུལ།

ལེའུ་ཉེར་གཅིག་པ།  མཁས་པ་རིམ་བྱོན་གྱི་མཛད་རྣམ།

ལེའུ་ཉེར་གཉིས་པ།  རྒྱལ་རོང་གི་སྐད་ཆའི་ངོ་སྤྲོད་གནད་བསྡུས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།