ཐུ་ནི་ཞི་ཡ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུ་ནི་ཞི་ཡ།
ཐུ་ནི་ཞི་ཡ་རྒྱལ་ཁབ་སྟེ། དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི16.2155ཡོད་པ་དང་། མི་གྲངས་ཁྲི990ཡོད། རྒྱལ་ས་ནི་ཐུ་ནི་སི་གྲོང་ཁྱེར་ཡིན། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན་ཉེར་བཞི་དང་། ཞིང་ཆེན་གྱི་འོག་ཏུ་ལྗོངས་ཉིས་བརྒྱ་ང་བཞི་རུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
突尼斯共和国
ཕྱི་ཡིག་གི་མིང་།
The Republic of Tunisia
རྒྱལ་ས།
ཐུ་ནི་སི་གྲོང་ཁྱེར།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི16.2155
མི་གྲངས།
ཁྲི990
དངུལ་ལོ།
དིན་ན།
1 ​ས་བབ་གནས་ཚུལ།

ཧྥེ་གླིང་སྐམ་ས་ཡི་ཆེས་བྱང་སྣེ་རུ་ཡོད་ཅིང་། བྱང་ཁུལ་དང་ཤར་ཁུལ་ནི་ས་དཀྱིལ་རྒྱ་མཚོ་ལ་ཉེ་ཞིང་། ཐུ་ནི་ཞི་ཡ་མཚོ་འགག་གིས་བར་ཆོད་དེ་ཨི་ཐ་ལིའི་ཞི་ཞི་ལི་གླིང་ཕྲན་དང་བར་ཐག་རིང་བའི་ངང་ཁ་གཏད་དུ་མཆིས། རྒྱ་མཚོའི་འགྲམ་ངོགས་ཀྱི་རིང་ཚད་ལ་སྤྱི་ལེ1200ཡོད། དེ་ས་དཀྱིལ་རྒྱ་མཚོའི་ཤར་ཕྱོགས་སུ་གཟིངས་འདྲེན་བྱེད་པའི་འགག་སྒོའང་ཡིན། ཤར་ནུབ་ཏུ་ལི་པེ་ཡ་ཁྱིམ་མཚེས་སུ་ཡོད་ཅིང་། ནུབ་ཏུ་ཨར་ཅི་རི་ཡ་དང་འབྲེལ། ཐུ་ནི་ཞི་ཡའི་ཤར་བྱང་གི་སྣེ་དང་ཨི་ཐ་ལའི་བར་དུ་མཚོ་ལེ140ཡོད་པ་དང་། ཐུ་ནི་ཞི་ཡའི་མཚོ་འགག་ནི་ས་དཀྱིལ་རྒྱ་མཚོའི་ཆེས་དོག་པའི་མཚོ་འགག་ཡིན་པས། ཐུ་ནི་ཞི་ཡ་ལ“ཡོ་རོབ་གླིང་གི་ལྡེ་མིག”ཅེས་ཀྱང་འབོད།

མངའ་ཁོངས་ནང་གི་བྱང་ཁུལ་ནི་རི་ཁུལ་ཡིན་པ་དང་། དབུས་ནུབ་ཀྱི་ཁུལ་ནི་གཞོངས་ས་ཡིན། ཆེས་ཆེ་བའི་མཚེའུ་ཅེ་ལི་ཏི་མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5000ལྷག་ཡོད། ལྷོ་ཁུལ་ནི་ས་ཧ་ལ་བྱེ་ཐང་གི་ཁག་ཅིག་ཡིན་པ་དང་། ཤར་བྱང་གི་རྒྱ་མཚོའི་འགྲམ་རྒྱུད་ནི་བདེ་ཐང་ཡིན། མཚོ་ངོགས་གླིང་ཕྲན་དང་ཅེ་ཨ་པ་གླིང་ཕྲན་གཉིས་ནི་ཆེས་ཆེ་བའི་གླིང་ཕྲན་གཉིས་ཡིན་ལ། བྱང་ཁུལ་གྱི་མེ་ཅེ་ཨར་ཏ་གཙང་པོའི་རིང་ཚད་ལ་སྤྱི་ལེ640མཆིས། ཡང་མངའ་ཁོངས་སུ་ཚྭ་མཚོའང་མང་དུ་མཆིས།

ནམ་ཟླ་ནི་བྱང་ཁུལ་དུ་ཚ་བ་ཆེ་ཞིང་སྐམ་པ་དང་། དགུན་དུས་དྲོ་ཞིང་བརླན་པ་ཡིན། དབུས་ཁུལ་ནི་ཚ་ཁུལ་གྱི་རྩྭ་ཐང་གནམ་གཤིས་སུ་གཏོགས་པ་དང་། ལྷོ་ཁུལ་ནི་བྱེ་མའི་གནམ་གཤིས་སུ་གཏོགས་པ་ཡིན།

ཐོན་ཁུངས་ལ་ཀེལ་སྐྱུར་ཚྭ་དང་། ལྕགས། ཞ་ཉེ། ཏི་ཚྭ། རྡོ་ཅུ་གང་། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་མཆིས། ཐུ་ནི་ཞི་ཡ་ཞེས་པའི་མིང་ཐོགས་ཚུལ་ནི་རྒྱལ་ས་ཐུ་ནི་ཞི་ཡའི་གྲོང་ཁྱེར་གྱི་མིང་རྒྱལ་ཁབ་ཀྱི་མིང་དུ་ཐོགས་པར་བཤད། དེ་ནི་ལོ་ངོ3000སྔོན་དུ་ཐི་ཨར་རྒྱལ་ཁབ་ཀྱི་རྒྱལ་མོས་ཐུ་ནི་ཞི་ཡ་གྲོང་ཁྱེར་བཙུགས་པ་ལས་བྱུང་བ་ཡིན།

2 མི་རིགས་དང་རིག་གནས།

སྡོད་དམངས70%བྱང་ཁུལ་དང་མཚོ་ངོགས་བདེ་ཐང་དུ་གནས་པ་དང་། དབུས་ཁུལ་དང་ལྷོ་ཁུལ་གྱི་བྱེ་མའི་ས་ཁུལ་དུ་མི་གྲངས་འདུས་སྡོད་བྱེད་པ་ཧ་ཅང་ཉུང་། གྲོང་ཁྱེར་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི53%ཟིན།

སྡོད་དམངས90%ཡན་ནི་ཨ་རབ་ཀྱི་མི་ཡིན་པ་དང་། དེ་ལས་གཞན་པོ་པོ་ཨར་གྱི་མི། ཧྥ་རན་སིའི་མི། ཨི་ཐ་ལིའི་མི། ཡིའུ་ཐེ་ཡི་མི་སོགས་ཀྱང་ཡོད།

མི་མང་ཆེ་བས་ཨ་རབ་ཀྱི་སྐད་བཤད་པ་དང་། ཨ་རབ་ཀྱི་སྐད་ནི་སྲིད་གཞུང་གི་སྐད་ཡིན་ཞིང་། ཧྥ་རན་སིའི་སྐད་ཆ་རྒྱུགས་ཆེ་བ་ཡིན།

ཨི་སི་ལམ་ཆོས་ལུགས་ནི་རྒྱལ་ཆོས་སུ་གཏན་འཁེལ་བྱས་ཡོད་པ་དང་། སྡོད་དམངས96%ཡན་གྱིས་ཨི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་ཅིང་། མི་ཉུང་ཤས་ཤིག་གིས་གནམ་བདག་ཆོས་ལུགས་དང་ལྗེའུ་ཆོས་ལུགས་ལ་དད་པ་བྱེད།

3 ཆབ་སྲིད་དང་དཔལ་འབྱོར།

ཙུང་ཐུང་། རྒྱལ་ཁབ་ཀྱི་གཙོ་འཛིན་དང་དྲག་ཆས་དམག་དཔུང་གི་དམག་སྤྱི། རྒྱལ་དམངས་ཀྱིས་གདམ་དགོས་ལ། འགན་ཡུན་ལོ་ལྔ་ཡིན།

གྲོས་ཚོགས། གྲོས་ཁང་གཅིག་ཅན་ཏེ། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་འཛུགས་ལས་ཁུངས་དང་ཁྲིམས་དབང་ལག་བསྟར་བྱེད་མཁན་ཡིན་ཞིང་། གྲོས་མི་གདམ་དགོས་པ་དང་། འགན་ཡུན་ལོ་ལྔ་ཡིན།

སྲིད་གཞུང་། ཙུང་ཐུང་གི་ཙུང་ལིའི་ནང་སྲིད་ལས་ཁུངས་བསྐོ་བ་དང་། སྲིད་གཞུང་གི་འོག་ཏུ་པུའུ་ཉི་ཤུ་བཙུགས་ཡོད།

དཔལ་འབྱོར་ལ་ཀེལ་སྐྱུར་ཚྭ་དང་རྡོ་སྣུམ་སྔོག་འདོན། ཞ། འཁེལ་འཐག རྒྱ་ཨར་སྣུམ་སོགས་ནི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན། དངུལ་ལོ་ནི་དིན་ན་ཡིན།

4 སློབ་གསོ་དང་གནས་མཆོག

ལོ་དགུའི་ལམ་ལུགས་ཀྱི་རྨང་གཞིའི་སློབ་གསོ་ལག་བསྟར་བྱས་ཡོད་པ་དང་། རྒྱལ་ཡོངས་སུ་མི་གྲངས1/4གིས་རིམ་པ་སོ་སོའི་སློབ་གྲྭ་རུ་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། སློབ་ཆེན་དྲུག་ཡོད་པ་དང་། ཞིན་ཏོན་སློབ་ཆེན་ནི་ཨི་སི་ལམ་གྱི་ཆེས་མཐོ་བའི་སློབ་ཆེན་ཡིན།

ཐུ་ནི་ཞི་ཡའི་གཙག་དྲུབ་སྒྱུ་རྩལ་ལ་ལོ་ངོ2500ལྷག་གི་ལོ་རྒྱུས་ལྡན་པ་དང་། རིན་ཐང་གཞལ་དུ་མེད་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་གསར་སྐྲུན་བྱས་ཡོད།

ཐུ་ནི་སི་གྲོང་ཁྱེར་། དེ་ནི་རྒྱལ་ས་ཡིན་པ་དང་། ཨ་རབ་འཛུགས་སྐྲུན་སྒྱུ་རྩལ་དང་དེང་རབས་འཛུགས་སྐྲུན་སྒྱུ་རྩལ་གཉིས་ཟུང་འབྲེལ་གྱིས་བསྐྲུན་པའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཞིག་ཡིན། རྒྱལ་ཡོངས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཀྱང་ཡིན། དེར་མི་གྲངས་ཁྲི208མཆིས།

སི་ཧྥ་ཁི་སི་གྲོང་ཁྱེར། དེ་ནི་ཤར་ཁུལ་གྱི་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན་ཞིང་། གྲོང་ཁྱེར་ནང་དུ་དུས་རབས་དགུ་བའི་སྐབས་སུ་བསྐྲུན་པའི་ཨི་སི་ལམ་ཆོས་ཁང་དང་། གནའ་རྫས་དངོས་མང་བཤམས་སྟོན་ཁང་། སྒྱུ་རྩལ་བཤམས་སྟོན་ཁང་བཅས་ཡོད།

ཅ་ཐེ་ཅི་གནའ་མཁར་གྱི་རྗེས་ཤུལ་ནི། ཐུ་ནི་སི་གྲོང་ཁྱེར་ནས་ཤར་བྱང་མཚམས་ཀྱི་སྤྱི་ལེ17མཚམས་སུ་ཡོད་ཅིང་། ས་དཀྱིལ་རྒྱ་མཚོ་དང་ཐག་ཉེ་བ་ཡིན། དེ་སྤྱི་ལོ་སྔོན་གྱི814ལོར་བཙུགས་པ་དང་། རོ་མ་གྲོང་ཁྱེར་དང་བསྡུར་ན་ལོ61གིས་སྔ་བ་དང་། རྒྱ་ཁྱོན་ལ་ཀུང་ཆིན300ཡོད།

ཅེ་ཨར་པ་གླིང་ཕྲན་ནི་ཐུ་ནི་ཞི་ཡ་ཡི་ཆེས་ཆེ་བའི་གླིང་ཕྲན་ཡིན་པ་དང་། ས་དཀྱིལ་རྒྱ་མཚོའི་ཅ་པེ་སི་མཚོ་འགག་གི་ཤར་ལྷོའི་ཁུལ་དུ་ཡོད་། རིང་ཚད་ལ་སྤྱི་ལེ27ཡོད་ཅིང་། ཞེང་ལ་སྤྱི་ལེ26མཆིས། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ510མཆིས་པ་དང་། སྔོན་ཆད་ཧྥེ་གླིང་སྐམ་ས་ཡི་ཁག་ཅིག་ཡིན།

ལྗོངས་རྒྱུའི་གནས་སུ་ཐུ་ནི་སི་རྒྱལ་ས་དང་། ཨི་སི་ལམ་གྱི་གནས་ཁེ་ལོ་སི། གྲུ་ཁའི་གྲོང་ཁྱེར་པེ་སེ་ཏ། ཅ་ཐེ་ཅི་གནའ་མཁར་གྱི་རྗེས། ཅེ་ཨར་པ་གླིང་ཕྲན་སོགས་མཆིས་སོ།། 

བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། མི་རིགས། རིག་གནས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།