ལབ་ཆོས་འབྱུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལབ་ཆོས་འབྱུང་།
《ལབ་ཆོས་འབྱུང》ནི་ལབ་ཕན་འདུམ་བློ་བཟང་བློ་གྲོས་ཀྱིས་མཛད་ཅིང་ཁ་བྱང་རྒྱས་པ་ལ《ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་བརྗོད་པ་གཡང་ཆག་བཀྲ་ཤིས་ར་བ་ཞེས་བྱ་བ་བཞུགས་སོ》ཞེས་ཟེར་ཞིང་འདི་ནི་ལབ་ཅེས་པའི་ཡུལ་བསྟན་པ་ནས་ལབ་དགོན་པའི་བྱུང་རབས། ལབ་དགོན་པའི་སྐྱེས་ཆེན་ཁག་གི་བྱུང་རབས་སོགས་རྒྱས་པར་བཀྲལ་ཡོད་པའི་ཆོས་སྲིད་ཀྱི་དེབ་ཐེར་ཞིག་གོ།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཆོས་འབྱུང་།
རྩོམ་པ་པོ།
ལབ་ཕན་འདུམ་བློ་བཟང་བློ་གྲོས།
ཁ་བྱང་རྒྱས་བ།
《ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་བརྗོད་པ་གཡང་ཆག་བཀྲ་ཤིས་ར་བ་ཞེས་བྱ་བ་བཞུགས་སོ》
གཞུང་ཚད།
ལེའུ་བཅུའི་བདག་ཉིད་ཅན།
ཤོག་ལྡེབ།
545
1 རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

བློ་གྲོས་སམ་ལབ་ཕན་འདུམ་བློ་བཟང་བློ་གྲོས་ནི་1958ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་མངའ་འོག་གི་ལབ་ཅེས་པའི་ས་ཆར་སྐྱེས།  ལོ་དགུའི་ཐོག་ནས་བཟུང་།  ལབ་སློབ་ཆུང་དུ་ཞུགས་ནས་རྒྱ་བོད་ཡིག་རིགས་སྦྱངས།  དེའི་མཚམས་སུ།  སྐྱེ་དགུའི་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་ཡི་གེར་ལོ་བཞི་རིང་བརྩོན།  སྦྱངས་འབྲས་ལེགས་ཕྱིར།  སློབ་གྲྭ་དེ་གར་བཞག་ནས་སྔ་ཕྱིར་ལོ་བརྒྱད་ལ་བོད་ཡིག་དགེ་རྒན་བྱས།  རིག་ལྡན་གྱི་སློབ་བུ་མང་པོ་བསྐྱངས། 

སྤྱི་ལོ1978ནས་སྤྱི་ལོ1982ལོའི་བར་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་དུ་དགེ་རྒན་ཆེན་མོ་ཨ་ལགས་ཤར་གདོང་ཚང་དང་བདེ་མཆོག  གུ་རུ་རྒྱལ་བཅས་བསྟེན་ནས་བོད་ཡིག་ཤེས་རམས་པའི་ཐོབ་ཐང་བླངས། 

སྤྱི་ལོ1985ལོར་སློབ་དཔོན་ཚེ་ཏན་ཞབས་དྲུང་ལགས་ཀྱིས་བསྡུས་པའི་ཐེངས་གཉིས་པའི་སྐབས་གཉིས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པར་བརྟེན།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཨ་ལགས་དོར་ཞི་དང་འཇམ་དཔལ་ཕུན་ཚོགས།  དཀོན་མཆོག་ཚེ་བརྟན་དང་ཆོས་ཐར་སོགས་དགེ་རྒན་དུ་བསྟེན་ནས་ཚད་མ་རྣམ་འགྲེལ་གཙོས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས།  ཏུན་ཧོང་ཡིག་རྙིང་སོགས་ལ་སློབ་གཉེར་གནང་།  ལྷག་པར་དུ་ཨ་ལགས་དམུ་དགེ་ཚང་དང་བླ་བྲང་དགེ་བཤེས་བསམ་འགྲུབ་རྒྱ་མཚོ་སོགས་ཀྱི་མདུན་ནས་སྒྲ་མདོ་དང་རྩིས་སོགས་སྦྱངས་ནས་བོད་ཡིག་རབ་འབྱམས་པའི་ཐོབ་ཐང་བླངས།  དེ་ནས་ལས་ཀ་པེ་ཅིང་དུ་བགོས། 

སྤྱི་ལོ1988ལོ་ནས་ད་ལྟའི་བར་ཀྲུང་གོའི་བོད་རིག་ཞིབ་འཇུག་ཚན་ཁག་ཏུ་ཕྱག་ལས་གཉེར།

བརྩམས་ཆོས་སུ《ལབ་ཆོས་འབྱུང》དང《སྒྲ་རིག་པ་དང་བོད་ཀྱི་བརྡ་སྤྲོད་རིག་པའི་བར་གྱི་འབྲེལ་བའི་སྐོར་བཤད་པ》《མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱི་རྣམ་ཐར》དང《ནེ་ཙོའི་སྒྲུང》སོགས་ཡོད།

2 ནང་དོན་མདོར་བསྡུས།

དེབ་འདིར་བོད་གངས་ཅན་ཞེས་ཡོངས་སུ་གྲགས་པའི་གངས་རིའི་ར་བས་བསྐོར་བའི་ཞིང་ཁམས།  བསིལ་ལྡན་སཱ་ལའི་སྨན་ལྗོངས་འདི་ལ།  མདོ་ཁམས་ས་ཡི་ཐིག་ལེ།  མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་ཁག་དྲུག་ཡོད་པའི་ནང་ཚན།  ཁྲི་འདུ་རྫོང་མངའ་འོག་ཞང་བརྒྱད་ཀྱི་ཡ་གྱལ་ལབ་ཞང་ཞེས་ས་ཡི་དགེ་བཅུ་ཚང་བའི་གནས་འདིར།  བོད་མདོ་ཁམས་བསྟོད་ཕྱོགས་རི་བོ་དགའ་ལྡན་པ་ཐམས་ཅད་ཀྱི་མ་དགོན་དུ་གྱུར་བའི་ལབ་ཆོས་སྡེ་དགོན་པའམ་ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་བྱ་བ་འདི་ནི།  ལོ་ངོ་ཆིག་སྟོང་ཡར་སྔོན་ཙམ་བོན་པོའི་དགོན་པ་ཞིག་ཡིན།  དེ་ནས་དུས་རབས་བརྒྱད་པའི་གསང་སྔགས་སྔ་འགྱུར་སྐབས་སུ་ནས་བཟུང་ནང་བསྟན་དུ་གྱུར།  ཕྱིས་སུ་དུས་རབས་བཅུ་གསུམ་པའི་ནང་ཡོན་རྒྱལ་རབས་ཀྱི་ཏི་ཤྲཱི་སྒ་ཨ་མྱེས་དམ་པས་ས་ལུགས་བསྒྱུར།  དེའི་མཚམས་སུ་འཇམ་དུས་རབས་བཅོ་ལྔ་བའི་འགོར་འཇམ་མགོན་ཙོང་ཁ་བ་ཆེན་པོས་བོད་ཁ་བ་ཅན་འགྲོ་བ་ཀུན་ལ་རི་བོ་དགེ་ལུགས་པའི་སྒོ་འཕར་བརྒྱ་ཕྲག་སྐད་ཅིག་ཆེད་དུ་འབྱེད་པའི་དུས་མཚུངས་སུ། སེ་ར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དང་།  རྗེ་བདག་ཉིད་ཆེན་པོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་པཎྜིཏ་དར་ཆེན་དྲུག་གི་ནང་ཚན།  འདན་མ་མཁན་ཆེན་ཡོན་ཏན་དཔལ་ཉིད་རྒྱ་ནག་ཏུ་ཕེབས་ནས།  གོང་མ་ཏཱ་མིང་རྒྱལ་བོ་མཆོག་གི་དབུ་བླར་མཛད།  གོང་མ་ཆེན་མོས་ཀྱང་དད་གུས་གཟིགས་སྐྱོང་ཚད་མེད་བྱས་ནས་སླར་བོད་དུ་ཕེབས།  རྒྱལ་བ་ཙོང་བ་ཆེན་པོས།  བྱམས་ཆེན་ཆོས་རྗེ་ལ།  གདན་ས་སེ་ར་ཐེག་ཆེན་གླིང་དང་།  ཡོན་ཏན་དཔལ་ལ་མདོ་ཁམས་ཕྱོགས་སུ་ས་དཔྱད་ཕུན་སུམ་ཚོགས་པ་ལྷ་སའི་མེ་ཏོག་གི་ཐང་ཞེས་པ་ལ་དགོན་པ་འདེབས་དགོས་ཚུལ་གྱི་ལུང་བསྟན་པ་དང་བཅས་མཁས་གྲུབ་རྗེའི་ཕྱག་བཟོ་ཆོས་རྒྱལ་ཞལ་འབག་དང་དབྱུག་ཏོ།  གཟུངས་བཞུགས་སུ་རྗེ་རང་གི་དབུ་སྐྲ་ལན་བུ་གཅིག་ཡོད་པའི་རྗེ་ང་འདྲ་མ་དང་སྒྲོལ་མ་བྱིའུ་གྲོལ་མ།  རྗེ་བླ་མ་ཉིད་ཀྱི་སྣམ་སྦྱར་རྣམས་གནངས་པ་ཚང་མ་ད་ལྟའང་བཞུགས་བཞིན་པ་སོགས་ཀྱི་སྐོར་དང་།   རྟགས་རྟེན་འབྲེལ་ལེགས་པོ་བྱུང་ནས་སེ་ར་དགོན་པ་དང་ལབ་དགོན་གཉིས་དུས་གཅིག་ལ་ཕྱག་འདེབས་མཛད་ཚུལ། ད་ལྟའི་བར་ལབ་དགོན་པས་ཞྭ་སེར་བསྟན་པའི་ལུགས་བཟང་དྲི་བྲལ་ལྷད་མེད་ངང་བསྐྱངས་ཚུལ།  ལབ་དགོན་པའི་བླ་གྲྭ་ལྷ་སྡེ་ཡོངས་ཀྱི་ད་ལྟའི་མཛད་བཟང་གི་སྐོར་དང་ལབ་དགོན་པའི་ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་སྐོར་སོགས་བསྡུས་ཡོད།

3 དཀར་ཆག་རགས་བསྡུས།

ལེའུ་དང་བོ།  ལབ་ཅེས་པའི་ཡུལ་སྟོན་པ།

ལེའུ་གཉིས་པ།  ལབ་དགོན་པའི་བྱུང་རིམ་སྐོར་བཤད་པ།

ལེའུ་གསུམ་པ།  དགོན་པའི་ལྷ་ཁང་དང་འདུ་ཁང་།  དེ་དག་གི་ནང་རྟེན་སྐོར་བཤད་པ།

ལེའུ་བཞི་བ།  ལབ་དགོན་པའི་བླ་སྤྲུལ་རིམ་བྱོན་གྱི་སྐོར།

ལེའུ་ལྔ་བ།  དགོན་པའི་བྱ་བཞག་སྐོར་བཤད་པ།

ལེའུ་དྲུག་པ།  དགོན་པའི་གྲྭ་ཚང་དང་དེའི་རྣམ་བཞག་སྐོར་བཤད་པ།

ལེའུ་བདུན་པ།  ལབ་དགོན་པའི་སྲིད་ཀྱི་སྐོར་བཤད་པ།

ལེའུ་བརྒྱད་པ།  ལབ་དགོན་པའི་དགོན་ལག་གི་སྐོར་བཤད་པ།

ལེའུ་དགུ་བ།  ལབ་དགོན་པའི་དཔལ་འབྱོར་གྱི་སྐོར་བཤད་པ།

ལེའུ་བཅུ་བ།  ལབ་དགོན་དུ་སྐྱེས་བུ་དམ་པ་ཞབས་པད་བཀོད་ཚུལ་གྱི་སྐོར་བཤད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།