རོ་སྒྲུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱིར《རོ་སྒྲུང》ནི་གདོད་མའི་རུས་རྒྱུད་ཚོ་བའི་སྐབས་ནས་དར་སྲོལ་ཆེ་བའི་དོན་བརྗོད་རྩོམ་རིག་གི་རིགས་ཤིག་ཡིན་ལ། འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་དང་རྟོག་བཏགས་གྲུབ་ཆ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ངག་ཐོག་རྩོམ་རིག་གི་གྲས་ཤིག་ཡིན། དེ་ཡང《རོ་སྒྲུང》གིས་འཛམ་གླིང་ཡང་རྩེར་འཚོ་གནས་བྱེད་བཞིན་པའི་རང་རེའི་མེས་པོའི་འཚོ་བ་དང་འདུ་ཤེས། ཡུལ་སྲོལ་གོམས་གཤིས་སོགས་གསལ་པོར་སྟོན་ཐུབ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རོ་སྒྲུང་།
རྒྱ་ཡིག་གི་མིང་།
尸语故事
ཁོངས་གཏོགས།
དམངས་ཁྲོད་རྩོམ་རིག
ནང་དོན།
རོ་སྒྲུང་།
དཀར་ཆག
1   ​ངོ་སྤྲོད།
2   བརྗོད་བྱ།
2.1 བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དང་གནས་བབ་མཚོན་པ།
2.2 བོད་རང་གི་ཁྱད་ཆོས་དང་ལྡན་པའི་གཏམ་དཔེ་དང་དམངས་གཞས་མང་དག་ཡོད་པ།
3   བསམ་བློའི་ནང་དོན།
3.1 《རོ་སྒྲུང》གི་སྒྲུང་ཚན་ཁག་གིས་བསྟན་པའི་བསམ་བློའི་ནང་དོན་གཙོ་བོ་འགའ་ཡོད་པ་ནི།
4   སྒྱུ་རྩལ་ཁྱད་ཆོས།
4.1 སྒྲིག་གཞིར་སྟབས་བདེའི་རང་དབང་གི་ཁྱད་ཆོས་ལྡན་པ།
4.2 སྒྲུང་གི་བྱུང་རིམ་རྙོག་འཛིང་ཆེ་ལ་འཆར་སྒོ་ཕུན་སུམ་ཚོགས་པས་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པ།
4.3 མི་སྣའི་གཟུགས་བརྙན་སྒྲུབ་བཞེངས་བྱེད་ཚུལ་གསོན་ཉམས་དང་ལྡན་པ།
4.4 ཚིག་སྦྱོར་གྱི་ཆ་ནས་བབ་ཆགས་ཤིང་གོ་སླ་བརྗོད་བདེའི་ཁྱད་ཆོས་ལྡན་པ།
5   རིན་ཐང་།
5.1 རྩོམ་རིག་གི་རིན་ཐང་།
5.2 ལོ་རྒྱུས་ཀྱི་རིན་ཐང་།
5.3 དམངས་སྲོལ་རིག་པའི་རིན་ཐང་།
5.4 སློབ་གསོའི་རིན་ཐང་།
1 ​ངོ་སྤྲོད།

《རོ་སྒྲུང》ནི་དམངས་ཁྲོད་སྒྲུང་གཏམ་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་སྟབས། དེ་ལའང་རང་རང་གི་ཐུན་མོང་མ་ཡིན་པའི་བྱུང་འཕེལ་ལོ་རྒྱུས་ལྡན་ཡོད། སྤྱིར་བོད་དུ་ཡོངས་གྲགས་སུ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་གཉིས་ཀྱི་བུ་རྒྱུད་ལས་མིའི་རིགས་འཕེལ་བ་དང་སྦྲགས། སྒྲུང《ལྷ་སྒྲུང》གིས་གཙོ་བྱས་པའི་གདོད་མའི་རྩོམ་རིག་བྱུང་བ་དང་། སྐབས་དེར་བླུན་རྨོངས་ཀྱི་ངང་ཚུལ་ལ་གནས་པས་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་ཚན་རིག་དང་མཐུན་པའི་འགྲེལ་རྒྱག་མ་ཐུབ་སྟབས། དེ་དག་ལྷ་ཀླུ་གཉན་བཙན་གྱི་གཟུགས་སུ་བཀོད་དེ། བཀུར་ན་མགོན་སྐྱབས་དང་མ་བཀུར་ན་གནོད་པ་སྐྱེལ་བའི་གདོད་མའི་ཆོས་ལུགས་ཀྱི་ལྟ་བ་རྙེད་པ་དང་དུས་མཚུངས་སུ་གདོད་མོའི་ཆོས་ལུགས་ཀྱི་མྱུ་གུ་སྐྱེས། 《སྲིད་པ་ཆགས་གླུ》དང《སྲིད་པས་བ་ཆུང་གཤའ་བ》 དེ་བཞིན་དུ《ཨ་ཆགས་ཆགས་ལ་ཆགས་དགུ》《ཨ་མཚར་མཚར་ལ་མཚར་དགུ》ལ་སོགས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་། བོད་གངས་ཅན་གྱི་སྤུར་རྒྱལ་གོང་ནས་དབང་མཛད་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་བྱུང་བར་བཤད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་བའི་སྐོར་མང་དག་ལྡན་ལ། སྒྲུང་དང་ལྡེའུ་གཉིས་ནི་བོད་གནའ་རབས་ཀྱི་གདོད་མའི་ཆོས་ལུགས་གཉིས་ཡིན་ལ་བོད་གནའ་རབས་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་རྩོམ་རིག་གི་རིགས་མི་འདྲ་བ་གཉིས་ཀྱང་རེད། སྐབས་འདི་ལ《མ་སངས་ཀྱི་སྒྲུང》དང《མཆིལ་པའི་སྒྲུང》《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》སོགས་ཡོད། དེ་དག་ནི་བོད་རང་ལ་སྒྲུང་དེ་རིགས་དར་ཁྱབ་སྔ་བོ་བྱུང་བའི་ལོ་རྒྱུས་ཀྱི་བདེན་དཔང་བྱས་ཡོད། དཔེར་ན《རོ་སྒྲུང》ལ《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》ཡང་ཟེར། དེ་ལ་ཆ་མཚོན་ན་སྒྲུང་དེ་ནི་སྒྲུང་གཞི་ཆེན་པོ་གཅིག་གི་ནང་སྒྲུང་ཚན་ཆུང་བ་མང་པོ་མུ་ཏིག་སྟར་ལ་བརྒྱུས་དེ་གྲུབ་པ་ཞིག་ཡིན་པ་མ་ཟད། བོད་རིག་པ་བF·Wཐོ་མ་སི་རང་ཉིད་ཀྱིས་ཀྱང“སྒྲུང་གཏམ་འདི་དག་བཙན་པོ་སྲོང་བཙན་ཡར་སྔོན་གྱི་ལོ་ངོ་མང་པོའི་སྔོན་ནས་བྱུང”བར་འདོད་པ་དང་། རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས“སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་བྱུང”ཞེས་དང《བཀའ་ཆེམས་བཀའ་ཁོལ་མ》ལས“ལུང་གི་ཆོས་གོ་བར་སྒྲུང་བསྟན”ཞེས་པ་དང་། གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ཀྱང་མདོ་སྡེ་བྱུང་བའི་ལྟས་སུ་སྒྲུང་རྣམས་དར། 《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》དང《མ་སངས་ཀྱི་སྒྲུང》《མཆིལ་པའི་སྒྲུང》སོགས་ཉན་བཤད་བྱས། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས“བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉམ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ་གཏམ་རྒྱུད་དང་སྡེབ་སྦྱོར། བཀའི་ཀུགས། བྲོ་གར། གླུ་གཞས། ཤོན་རྩེད། རྩེད་འཇོ་ལ་སོགས་བྱུང་བ་ཡིན་ནོ” ཞེས་བྱུང་བར་མ་ཟད། 《བཀའ་ཐང་སྡེ་ལྔ》དང《རྒྱལ་རབས་གསལ་བའི་མེ་ལོང》《དེབ་ཐེར་དམར་པོ》《དེབ་ཐེར་སྔོན་པོ》སོགས་སུའང་། བོད་རྒྱལ་གཉའ་ཁྲི་བཙན་པོ་སྤྱི་ལོའི་སྔོན་གྱི126ལོར་རྒྱལ་སར་བསྐོས་ནས་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་བར་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པར་འཁོད་པ་དང་། སྒྲུང་ཆེས་ཆེར་དར་བ་གསུངས་པ་ལ་བལྟས་ན། སྐབས་དེར་ངག་རྩོམ་རིགས་དུ་མས་སྤྱི་ཚོགས་ལ་ནུས་པ་བླ་ལྷག་ཐོན་ཏུ་ཐོན་པར་མངོན། དེར་ལྷ་སྒྲུང་གི་རིགས་དུ་མའི་རྨང་གཞིའི་ཐོག《མ་སངས་ཀྱི་སྒྲུང》དང《མཆིལ་པའི་སྒྲུང》《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》ལྟ་བུའི་དམངས་སྒྲུང་དར་ཁྱབ་བྱུང་བ་གོང་སྨོས་ལས་གསལ་མཚོན་བྱུང་བས་ང་ཚོའི་སྒྲུང་ནི་ལོ་རྒྱུས་རིང་ཞིང་། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། སྤྱིར《རོ་སྒྲུང》ནི་གདོད་མའི་རུས་རྒྱུད་ཚོ་པའི་སྐབས་ནས་དར་སྲོལ་ཆེ་བའི་དོན་བརྗོད་རྩོམ་རིག་གི་རིགས་ཤིག་ཡིན་ལ། འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་དང་རྟོག་བཏགས་གྲུབ་ཆ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ངག་ཐོག་རྩོམ་རིག་གི་གྲས་ཤིག་ཤིག་ཡིན། དེ་ཡང《རོ་སྒྲུང》གིས་འཛམ་གླིང་ཡང་རྩེར་འཚོ་གནས་བྱེད་བཞིན་པའི་རང་རེའི་མེས་པོའི་འཚོ་བ་དང་འདུ་ཤེས། ཡུལ་སྲོལ་གོམས་གཤིས་སོགས་གསལ་པོར་སྟོན་ཐུབ་པས་སོ།།

མདོར་ན། 《རོ་སྒྲུང》ནི་གདོད་མའི་དུས་ནས་དར་བར་འདོད་ལ་སྒྲུང་དེ་རིགས་ནི་གདོད་མའི་ཆོས་ལུགས་ཀྱི་རིགས་ཤིག་ཡིན་ལ་གདོད་མའི་མིས་རང་བྱུང་ཁམས་ལ་ཡང་དག་པའི་ངོས་འཛིན་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་ཚན་རིག་དང་མཐུན་པའི་འགྲེལ་བ་རྒྱག་མ་ཐུབ་སྟབས་དེ་དག་ལྷ་ཀླུ་གཉན་བཙན་གྱི་གཟུགས་སུ་བཀོད་དེ་དེ་ལ་དད་མོས་དང་བསྐྱབས་སུ་བཅོལ་བ་ཡིན་ནོ།།

2 བརྗོད་བྱ།

《རོ་སྒྲུང》ནི་བོད་ཀྱི་གདོད་མའི་རུས་རྒྱུད་ཚོ་པའི་སྐབས་སུ་བྱུང་བའི་དམངས་ཁྲོད་ཀྱི་ངག་ཐོག་སྒྲུང་ཞིག་ཡིན་པས། དེས་གདོད་མའི་མི་རྣམས་ཀྱི་འཚོ་བ་དང་འདུ་ཤེས་འཛིན་སྟངས། ཆོས་ལུགས་ཀྱི་དད་མོས་སོགས་མཚོན་པར་བྱས་ཡོད་པ་རེད།

2_1 བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བ་དང་གནས་བབ་མཚོན་པ།

རྩོམ་རིག་གི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན། རྩོམ་རིག་གི་རྣམ་པ་ཅི་འདྲ་ཞིག་ཡིན་ཀྱང་། དེའི་ནང་དུ་བསམ་བློ་དང་ཚོར་འདུ་ངེསད་ཅན་ཞིག་འདུས་ཡོད་ལ་ལེགས་ཉེས་སྤངས་བླངས་ཀྱི་ཆ་དང་དགའ་སྐྱོ་བསྟོད་སྨད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་རིགས་ཤིག་ཡིན་པ་དང་། “སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་མིའི་རིགས་ཀྱི་ཀླད་པའི་ནང་ཚུར་སྣང་བའི་ཐོན་དངོས་ཤིག་རེད”གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་ནི་གདོད་མའི་མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་བརྒྱུད་རིམ་གྱི་ནང་དང་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་འཕེལ་རྒྱས་བྱུང་བ་ཞིག་རེད།  《རོ་སྒྲུང》ནི་བོད་ཀྱི་གདོད་མའི་དུས་ཀྱི་སྒྲུང་ཞིག་ཡིན་པའི་ཆ་ནས་བརྗོད་བྱ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་འཚོ་བའི་མི་རྣམས་ཀྱི་ཐོན་སྐྱེད་ངལ་རྩོལ་བྱེད་སྟངས་དང་རང་བྱུང་ཁམས་ཀྱི་འཐབ་རྩོད། བསམ་བློའི་འདུ་ཤེས། ཆོས་ལུགས་དད་མོས་སོགས་ལས་མ་འདས་སོ།།

འོ་ན《རོ་སྒྲུང》གི་སྒྲུང་དུམ《འབྲི་ཁྲ་བོས་ན་གཞོན་བསྐྱབས་པ》ནང་བཀོད་པའི་སྲིན་མོའི་སྣང་བརྙན་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན་ཡང་། སྒྲུང་ནང་གི་འཇིགས་སུ་རུང་བའི་སྲིན་མོའི་གཟུགས་བརྙན་དེས་གདོད་མའི་སྤྱི་ཚོགས་ཀྱི་ནང་ཉམ་ཆུང་ནུས་མེད་ཀྱི་མི་རྣམས་ཤེས་རྨོངས་ཀྱི་དུས་སུ་གནས་པས། དབལ་ཚ་ལ་འཇིགས་སུ་རུང་བའི་རང་བྱུང་ཁམས་ཀྱི་མནོད་འཚེའི་མདུན་དུ་ཅི་བྱ་གཏོལ་མེད་དུ་གྱུར་སྟབས། རང་རེའི་མེས་པོ་ཚོས་རེ་ཞིག་རང་བྱུང་ཁམས་ཀྱི་བྱ་དངོས་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་དེ་དག་སེམས་ལྡན་གྱི་མི་གཤིས་ཅན་གྱི་གཟུགས་སུ་བཀོད་ནས་མཚོན་པར་བྱས་ཡོད། དེ་བཞིན་འབྲི་ཁྲ་བོས་ན་གཞོན་ལ་སྲིན་མོའི་བླ་ཁབ་གཅོག་ཟེར་བ་ལ་མཚོན་ན་སྐབས་དེའི་མི་རྣམས་ཀྱི་ཆོས་ལུགས་དད་མོས་ཏེ་གདོད་མའི་ཆོས་ལུགས་ཀྱི་ལྟ་བ་མཚོན་ཡོད། གདོད་མའི་སྤྱི་ཚོགས་ནང་མི་རྣམས་ཀྱི་བློ་རིག་དམན་ལ་ཐོན་སྐྱེད་ནུས་ཤུགས་ཞན་པ་དང་། སྤྱི་ཚོགས་ཀྱི་འཕེལ་རིམ་ནས་འཆད་ན་བྱིས་བློའི་ཅན་གྱི་དུས་སྐབས་ཡིན་པས། རང་བྱུང་ཁམས་ཀྱི་བྱ་དངོས་དང་རང་བྱུང་ཁམས་ནང་བྱུང་བའི་སྣང་ཚུལ་ལ་ཚན་རིག་དང་མཐུན་པའི་འགྲེལ་རྒྱག་མ་ཐུབ་སྟབས། དེ་དག་ལྷ་ཀླུ་གཉན་བཙན་གྱི་གཟུགས་སུ་བཀོད་ནས་དེ་ལ་བཀུར་ན་རང་ལ་ཕན་པ་དང་མ་བཀུར་ན་གནོད་པ་བྱེད་པ་མ་ཟད། མིའི་སྲོག་དེ་ཡང་བླ་ཁབ་དང་བླ་ཤིང་། བླ་མཚོ། བླ་འབྲོང་། བླ་གཡུ་སོགས་ལ་བཅོལ་ཡོད་ཕྱིར། དེ་ནི་རྨོངས་དད་ཅོག་ཡིན་མོད། འོན་ཏེ་དེ་ལས་གདོད་མའི་བོད་རིགས་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་བསམ་བློའི་འདུ་ཤེས་མཚོན་ཐུབ།

དེས་ན། 《རོ་སྒྲུང》གིས་བོད་ཀྱི་ས་གནས་ཡུལ་ཁམས་དང་ཡུལ་སྲོལ་གོམས་གཤིས། སྤྱོད་ལམ་དང་གུས་ལུགས། སྤྱི་ཚོགས་ཀྱི་འཚོ་བའི་གནས་བབ་སོགས་ཇི་བཞིན་མཚོན་པ་མ་ཟད། རྩོམ་སྟངས་དང་སྐད་ཆའི་སྒྱུ་རྩལ་ཆ་ནས་བཤད་ཀྱང་བོད་ཀྱི་གཏམ་དཔེ་དང་དམངས་གཞས་མང་དག་ལྡན་ཡོད་པས། 《རོ་སྒྲུང》ནི་བོད་རང་གི་དམངས་སྒྲུང་ཡིན་པ་བྲོ་བས་ཚོར་ཐུབ།

2_2 བོད་རང་གི་ཁྱད་ཆོས་དང་ལྡན་པའི་གཏམ་དཔེ་དང་དམངས་གཞས་མང་དག་ཡོད་པ།

《རོ་སྒྲུང》གི་རྩོམ་རྩལ་གྱི་ཆ་ནས་ཁྱད་ཆོས་གཙོ་བོ་ཞིག་ནི་སྒྲུང་གཞི་རྒྱ་ཆེ་བ་གཅིག་་གི་ནང་དུ་སྒྲུང་ཚན་འགའ་མུ་ཏིག་སྟར་ལ་བརྒྱུས་འདྲར་བསྒྲིགས་ཏེ། བརྗོད་བྱ་ཕུན་སུམ་ཚོགས་ལ་རྗོད་བྱེད་ཚིག་སྦྱོར་སྙན་པ་དང་བོད་རིགས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ནང་འབྲེལ་འདྲིས་ཆེ་བའི་གཏམ་དཔེ་དང་དམངས་གཞས་སོགས་མང་དག་བེད་སྤྱོད་བྱས་ཡོད་པས། བལྟས་ན་མིག་དབང་འཕྲོག་པ་དང་ཉན་ན་ཡིད་དབང་འགུག་པའི་རྩོམ་རྩལ་གྱི་ཁྱད་ཆོས་ལྡན་ཡོད། 《རོ་སྒྲུང》གི་སྒྲུང་ཚན་ཁག་ནང་བེད་སྤྱད་བྱས་ཡོད་པའི་གཏམ་དཔེ་དང་དམངས་གཞས་ཕྱོགས་བསྡུས་རགས་རམ་བྱས་ན།

གཏམ་དཔེའི་ཐད།

1.བསླབ་བྱའི་སྐོར།

2.བསམ་བློའི་འཁྱེར་ཕྱོགས་སྐོར།

3.ཟུར་ཟའི་སྐོར།

4.མཐོང་ཆེན་སྐོར།

5.འཚོ་བའི་སྐོར།

དམངས་གཞས་ཀྱི་སྐོར།

3 བསམ་བློའི་ནང་དོན།

རང་རེའི་བོད་ཀྱི་གཏམ་དཔེར“བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན”ཟེར་བའི་དཔེ་ལྟར། 《རོ་སྒྲུང》གི་ནང་དུ་ཡ་རབས་དང་མ་རབས། བཟང་པོ་དང་ངན་པ། དགེ་བ་དང་སྡུག་པ། དཀར་པོ་དང་ནག་པོ། བསྟོད་པ་དང་སྨད་པ་སོགས་མིའི་རིགས་ཀྱི་སྤྱི་ཚོགས་ཐོག་ཁ་གཏད་དུ་ལངས་པའི་འགལ་བ་གཙོ་བོ་དང་། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་བདེ་ལས་སྡུག་བསྔལ་མི་འདོད་པས། མཛེས་སྡུག་ལྡན་པའི་འཚོ་བར་རྩོད་ལེན་དང་མ་འོངས་བདེ་སྐྱིད་ཀྱི་འཚོ་བར་འདུན་པ་དྲག་པོ་བཅངས་པ་ནི་ཐུན་མོང་གི་བསམ་འདུན་ཞིག་ཡིན། ཡིན་ན་ཡང་བྲན་གཡོག་སྤྱི་ཚོགས་ཀྱི་ནང་ཡོད་ཚད་ཐམས་ཅད་བྲན་གཡོག་བདག་པོར་དབང་བས། རྒྱ་ཆེའི་ངལ་རྩོལ་མི་དམངས་རྣམས་ནི་སྐད་ཆ་ཤོད་ཤེས་པའི་རྟ་ཟོག་ལྟ་བུར་བརྩི་བས། དབང་བསྒྱུར་གྲལ་རིམ་ལ་སྙིང་ཁོངས་རུས་པའི་གཏིང་ནས་འཁོན་འཛིན་བྱུང་བ་དང་། ལྷག་པར་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རང་དབང་གི་འཚོ་བ་ལ་དུས་དང་རྣམ་པ་ཀུན་ཏུ་རེ་བ་སྐོམ་པ་ཆུ་འདོད་ཀྱི་འདོད་འདུན་ཞིག་ཏུ་གྱུར་བའི་བསམ་འདུན། འགྲོ་བ་མི་སྟེ་བུ་དང་བུ་མོའི་དབར་གཅིག་སེམས་གཅིག་ཆགས་ཀྱི་བརྩེ་དུང་ཆགས་ནས། འཆི་ན་མཉམ་འཆི་དང་གསོན་ན་མཉམ་གསོན་གྱི་ལྷད་མེད་དྭངས་གཙང་གི་བརྩེ་སེམས་བར་བརྩོན་པ། “ལྷ་བ་མོ་པ་སྒྱུ་མ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ”ཞེས་པ་ལྟར་ཆོས་འབག་གྱོན་ནས་གཞན་ལ་མགོ་སྐོར་བའི་མི་ཆོས་བླ་མའི་རྫུན་གྱི་རིགས་སུ་འགྱུར་བ་མང་པོར་སུན་འབྱིན་སོགས་བྱེད་པའི་བསམ་བློའི་མངོན་པར་མཚོན་ཡོད།

མིག་སྔར་མཐོང་ཐོས་སུ་གྱུར་བའི《རོ་སྒྲུང》གི་བྲིས་མ་དང་ལྕགས་དཔར་དུ་བསྐྲུན་པའི་དཔེ་དེབ་དག་ཕྱོགས་བསྡོམས་བྱས་ན། ཡབ་གཞིས་གླང་བདུན་ཚང་ནས་ཉར་ཚགས་བྱས་པའི《རོ་སྒྲུང》བྲིས་མ་ལ་སྒྲུང་ཚན་ཉི་ཤུ་རྩ་གསུམ་ཡོད་པ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི《རོ་སྒྲུང》ལ་སྒྲུང་ཚན་ཉི་ཤུ་རྩ་གཅིག དེ་མིན་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི《མི་རོ་རྩེ་སྒྲུང》ལ་སྒྲུང་ཚན་ཉེར་བཞི་དང་བོད་ལྗོངད་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནས་འཚོལ་བསྡུ་ལེགས་སྒྲིག་བྱས་པའི《ལེགས་སྒྲིག་ཆེན་པོ་གསུམ》ནང་གི《བོད་ལྗོངས་དམངས་ཁྲོད་སྒྲུང་གཏམ》གྱི《རོ་སྒྲུང》བཅས་གཞིར་བཞག་ནས་དཔྱད་ཞིབ་བྱས་པ་ལྟར་ན། གོང་སྨོས་ཀྱི《རོ་སྒྲུང》གི་སྒྲུང་ཚན་ལ་བསྡུར་བ་བྱས་པས། ཁྱོན་བསྡོམས་སྒྲུང་ཚན་མི་འདྲ་བ་ཁག་སོ་ལྔ་ཙམ་བྱུང་བས་ནང་དོན་ཤིན་ཏུ་རྒྱ་ཆེ་ལ་ཕུན་སུམ་ཚོགས་པོ་ཞིག་ཡིན། སྒྲུང་ཡོངས་ཀྱི་རྩ་བའི་བསམ་བློ་ཡང་དཀའ་སྤྱད་ཀྱི་སྙིང་རུས་དང་ཞེ་རུས་ལ་བརྟེན་ནས་མཐར་དོན་གཉེར་གྱི་བྱ་བ་འགྲུབ་ཐུབ་པའི་སྙིང་སྟོབས་ཟབ་མོ་མཚོན་པ་དང་དཀའ་བ་སྤྱོད་པ་ལ་བརྟེན་ནས་སྡིག་སྒྲིབ་སྦྱོང་བའི་ཐབས་གཙོ་བོ་དེ་ཡིན་པ་བསྟན་ཡོད།

3_1 《རོ་སྒྲུང》གི་སྒྲུང་ཚན་ཁག་གིས་བསྟན་པའི་བསམ་བློའི་ནང་དོན་གཙོ་བོ་འགའ་ཡོད་པ་ནི།

གཅིག མ་རབས་ཐ་ཤལ་གྱི་སྤྱོད་ངན་ལ་སུན་འབྱིན་བྱས་པ།

1.དབང་སྒྱུར་བའི་གདུག་རྩུབ་དང་འདོད་རྔམ། བླུན་རྨོངས་ལ་སུན་འབྱིན་བྱས་པ།

2.སྤྱི་ཚོགས་ཐོག་གི་མི་སྣ་སྤྱིར་བཏང་པའི་སྤྱོད་ངན་ལ་ཟུར་ཟ་བྱས་པ།

གཉིས། ཡ་རབས་ཚུལ་ལྡན་གྱི་སྤྱོད་བཟང་ལ་བསྔགས་པ།

གསུམ། མཛེས་སྡུག་ལྡན་པའི་འཚོ་བར་རྩོད་ལེན་དང་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་འདུན་པ་དྲག་པོ་བཅངས་པའི་བསམ་འདུན་མཚོན་པ།

བཞི། ཕོ་མོ་ཕན་ཚུན་དབར་གྱི་ལྷད་མེད་ཀྱི་བརྩེ་སེམས་མཚོན་པ།

ལྔ། མི་ཆོས་བླ་མའི་རྫུན་གྱིས་གཞན་ལ་མགོ་སྐོར་གཏོང་བའི་གདོང་རིས་དམར་རྗེན་དུ་བཏོན་པ།

4 སྒྱུ་རྩལ་ཁྱད་ཆོས།

《རོ་སྒྲུང》བོད་དུ་དར་བའི་དུས་ཚོད་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའམ་གསུམ་པའི་སྔ་རོལ་ནས་དར་ཁྱབ་བྱུང་ཟིན་པས། ངག་ཐོག་ནས་བརྒྱུད་སྤྲོད་ཆད་མེད་ཀྱིས་དར་སྤེལ་བྱུང་བས་གོ་སླ་བརྗོད་བདེ་དང་། མ་སངས་ཀྱི་སྒྲུང་སོགས་གདོད་མའི་སྲིད་པའི་སྒྲུང་དང་འབྲེལ་བའི་གདོད་མའི་སྒྲུང་གི་ཁྱད་ཆོས་མ་འགྱུར་བར་ཡོད་པ། ཡུལ་དུས་ཁྱད་ཆོས་ལྡན་པ། རྟ་ནོར་ལུག་གསུམ་དང་སྒོ་ཁྱི་སོགས་བོད་མིས་འཚོ་བར་འབྲེལ་བའི་སྲོག་ཆགས་སོགས་ཀྱིས་ཁེངས་བས་བོད་ཀྱི་སའི་གནས་བབ་དང་མཐུན་པ། བརྗོད་བྱ་ནང་པའི་ཆོས་ལ་འདྲེས་ཡོད་ཅིང་། རྒྱ་གར་གྱི་དཔེ་རྒྱུན་སྣ་ཚོགས་དང་མི་འདྲ་བར《རོ་སྒྲུང》ནང་འཁོད་པའི་སའི་གནས་བབ་དང་འཚོ་སྟངས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་ཀྱི་དད་མོས་སོགས་ཚང་མ་བོད་རང་གི་ཁྱད་ཆོས་དང་མཐུན་པ་སོགས་ཀྱི་སྒྱུ་རྩལ་ཁྱད་ཆོས་དུ་མས་བརྒྱན་ཡོད།

《རོ་སྒྲུང》གི་སྒྲུང་ཚན་ཁག་གི་ནང་དོན་དང་སྒྱུ་རྩལ་གྱིས་མི་རྣམས་ཀྱི་བློ་འགུག་ཤུགས་ཧ་ཅང་ཆེན་པོ་ཡིན་པ་སྟེ། རྒྱལ་པོ་བདེ་སྤྱོད་བཟང་པོས་ངག་ཤོར་ན་རོ་མི་ལོན་ཞིང་། དཀའ་བ་དུ་མ་སྤྱད་དགོས་པ་ཤེས་བཞིན་དུ། རོ་དངོས་གྲུབ་ཅན་གྱིས་འཆད་པའི་སྒྲུང་ལ་ཡིད་དབང་ཅིག་ཅར་དུ་འཕྲོག་ནས་སྒྲུང་རེ་རེ་བཤད་ཚར་མཚམས་སུ་རང་དབང་མེད་པར་གཏམ་ལན་མང་པོ་ཤོར་བ་ལས་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གི་ཆ་ནས་ཉམས་སྣང་ག་འདྲ་ཕུལ་བྱུང་དུ་ཐོན་ཡོད་པ་དང་སྒྱུ་རྩལ་གྱིས་ཕྱུག་ཡོད་པ་ལས་རྟོགས་ཐུབ་པ་དང་གཙོ་བོ་ཕྱོགས་བཞིའི་ཐད་ནས་མངོན་ཡོད་དོ།།

4_1 སྒྲིག་གཞིར་སྟབས་བདེའི་རང་དབང་གི་ཁྱད་ཆོས་ལྡན་པ།

《རོ་སྒྲུང》གི་སྒྲུང་གཞི་གཅིག་གམ་སྒྲུང་ཚན་གཅིག་གི་ཕྲེང་ཐག་ལ་བརྟེན་ནས་སྒྲུང་ཚན་ཇི་སྙེད་ཅིག་ཕྲེང་བ་སྟར་ལ་བརྒྱུས་པ་བཞིན་ཕྱོགས་གཅིག་ཏུ་འབྲེལ་བའམ་བསྡུས་པ་དེ་ནི《རོ་སྒྲུང》གི་ཆེས་དམིགས་བསལ་གྱི་སྒྲིག་གཞི་ཡིན་པས། སྒྲུང་ཚན་གྱི་ཁ་གྲངས་ཇེ་མང་དུ་གཏོང་བ་དང་ཇེ་ཉུང་དུ་གཏོང་བ། སྒྲུང་ཚན་གྱི་སྔ་ཕྱི་བརྗེ་བ་སོགས་ཇི་ལྟར་བྱས་ཀྱང་བརྩམས་ཆོས་ཧྲིལ་པོའི་སྒྲིག་གཞི་ལ་མི་གནོད་པ་མ་ཟད་སྒྲུང་དོན་ལའང་འགྱུར་བ་ཐེབས་ཀྱི་མེད་པས། སྒྲིག་གཞིར་སྟབས་བདེའི་རང་དབང་གི་ཁྱད་ཆོས་ལྡན་ཡོད།

4_2 སྒྲུང་གི་བྱུང་རིམ་རྙོག་འཛིང་ཆེ་ལ་འཆར་སྒོ་ཕུན་སུམ་ཚོགས་པས་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པ།

《རོ་སྒྲུང》གི་སྒྲུང་ཚན་ཕལ་ཆེ་བར་བྱུང་རིམ་སྟབས་བདེ་བའི་སྤྱིར་བཏང་གི་དམངས་སྒྲུང་དང་མི་འདྲ་བར། སྒྲུང་གི་བྱུང་རིམ་རྙོག་འཛིང་ཆེ་ལ་འཁྲུག་ཆ་ལྡན་པ། འགྱུར་བ་སྣ་ཚོགས་ཤིང་བཀོད་འབྲི་ཞིབ་ཚགས་པ་དང་གང་ས་གང་ལ་མཐུ་ནུས་བསམ་འདས་ཀྱི་མི་སྣ་ལྡན་ཡོད་པ་དང་། དོན་དངོས་འཚོ་བའི་ཁྲོད་དུ་སྣང་དུ་མི་སྲིད་པའི་འཆར་སྒོ་འཆར་ཡན་གྱི་བྱ་དངོས་ཡོད་ལ། དེ་བཞིན་སྤྱིར་རང་བྱུང་ལས་འདས་པའི་བརྗོད་དོན་གྱི་བྱུང་རིམ་ལྡན་པའི་འཆར་སྒོ་ཕུན་སུམ་ཚོགས་པའི་ལྷ་སྒྲུང་གི་ཁྱད་ཆོས་དང་ལྡན་ཡོད།

4_3 མི་སྣའི་གཟུགས་བརྙན་སྒྲུབ་བཞེངས་བྱེད་ཚུལ་གསོན་ཉམས་དང་ལྡན་པ།

《རོ་སྒྲུང》གི་ནང་མི་སྣ་སྣ་ཚོགས་ཤིང་། དེ་དག་སོ་སོའི་སྤྱི་ཚོགས་ཀྱི་གནས་བབ་མི་འདྲ་བ་དང་། མྱོང་རྒྱུས་མི་འདྲ་བ། རང་གཤིས་མི་འདྲ་བ། སྤྱི་ཚོགས་ཀྱི་འབྲེལ་བ་མི་འདྲ་བ་བཅས་ལ་བརྟེན་ནས་མི་སྣ་ཕན་ཚུན་དབར་གྱི་འགལ་བ་ཡང་མང་དག་ཅིག་མཆིས་པ་མ་ཟད། ལྷག་པར་དུ་དབང་བསྒྱུར་མཁན་དང་དབང་བསྒྱུར་མྱོང་མཁན་དབར་གྱི་རྣོ་ངར་གྱི་འགལ་བ་མངོན་སུམ་དུ་མཐོང་ཐུབ་པས། དེའི་ཐོག་ནས་མི་སྣའི་གཟུགས་བརྙན་ཡང་གསོན་ཉམས་དང་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད།

4_4 ཚིག་སྦྱོར་གྱི་ཆ་ནས་བབ་ཆགས་ཤིང་གོ་སླ་བརྗོད་བདེའི་ཁྱད་ཆོས་ལྡན་པ།

《རོ་སྒྲུང》ནི་གནའ་བོའི་དུས་ནས་བོད་ལ་དར་བ་ཡིན་རུང་ཚིག་སྦྱོར་གྱི་ཆ་ནས་མངོན་བརྗོད་དང་བརྡ་རྙིང་གིས་བཅིངས་པ་ཞིག་མ་ཡིན་པར། ངག་ཐོག་ཏུ་རྒྱུད་པའི་བརྒྱུད་རིམ་ནང་མི་དམངས་མང་ཚོགས་ཀྱིས་བཅོས་བཟོའི་ལྷད་ཞུགས་ཏེ་གོ་སླ་བར་གྱུར་ཡོད་པ་མ་ཟད། བོད་ཀྱི་དམངས་ཁྲོད་གཏམ་དཔེ་དང་དམངས་གཞས་མི་ཉུང་བ་ཞིག་སྒྲུང་གི་བསྟན་དོན་སོ་སོ་དང་མཐུན་པའི་སྒོ་ནས་བེད་སྤྱོད་ཡོད་པ་རེད།

5 རིན་ཐང་།

《རོ་སྒྲུང》དེའང་བོད་ཀྱི་གདོད་མའི་རྩོམ་རིག་གཞན་དང་འདྲ་བར་གདོད་མའི་མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་གོ་རིམ་གྱི་ཁྲོད་དུ་འཕེལ་བ་རྒྱས་བྱུང་བ་ཞིག་རེད། སྐབས་དེ་དུས་གདོད་མའི་བྱིས་བློའི་དུས་ཀྱི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ཡང་དག་པའི་ངོས་འཛིན་ཐུབ་ཀྱི་མེད་རྐྱེན། རང་བྱུང་པམས་ཀྱི་འགྱུར་ལྡོག་སྣ་ཚོགས་ཀྱིས་ཁོ་ཚོར་ཡ་མཚན་གྱི་སྣང་བ་སྣ་ཚོགས་སྐྱེས་བཞིན་ཡོད་པའི་ཁར་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཁོ་ཚོས་འབྲེལ་འདྲིས་བྱེད་ས་གཙོ་བོ་ཞིག་ནི་རང་བྱུང་ཁམས་ཀྱི་སྲོག་ཆགས་སྣ་ཚོགས་པ་དག་ཡིན་ཕྱིན། ཁོ་ཚོའི་འཚོ་བ་དང་སྲོག་ཆགས་རི་དྭགས་ཀྱི་བར་དུ་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་སྟབས། སྲོག་ཆགས་རི་དྭགས་ཀྱི་རིགས་ནི་གདོད་མའི་མིས་ངག་ཐོག་ནས་ཐད་ཀར་ཞིབ་འབྲི་བྱ་ཡུལ་དུ་གྱུར་བ་རེད། ཁོང་ཚོས“འདུས་བྱས་ཐམས་ཅད་ལ་འདུ་ཤེས་ཡོད་པ”ལ་འདོད་ནས། ཁོང་ཚོས་རང་ཉིད་ཀྱི་འཚོ་བ་དངོས་འདི་དག་དང་འབྲེལ་བ་བྱུང་དུས་རྣམ་ཤེས་ཤིག་གི་ཁ་ལོ་གཅུན་པར་འདོད་པས་ལྷ་རུ་བཀུར་བ་དེ་ནི་གདོད་མའི་ཆོས་ལུགས་ཏེ་མིའི་རིགས་ཀྱི་གདོད་མའི་དད་པའམ་བླ་ལ་དད་པའི་འདུ་ཤེས་ཤིག་མཚོན་ཡོད་པ་སྟེ། མདོར་ན། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་གྱི་ནང་དུ་ངག་ཐོག་ནས་གསར་རྩོམ་བྱས་པའི་འཆད་དགའ་ཉན་སྤྲོ་བའི་གདོད་མའི་རྩོམ་རིག་འདི་ལ་རྩོམ་རིག་གི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་། དམངས་སྲོལ་རིག་པའི་རིན་ཐང་། སློབ་གསོའི་རིན་ཐང་ལྡན་ཡོད་དོ།།

5_1 རྩོམ་རིག་གི་རིན་ཐང་།

སྤྱི་ལོའི་དུས་རབས་བདུན་པའི་ནང་། རང་རེ་བོད་ལ་གཅིག་གྱུར་གྱི་བཀོད་སྤྱོད་རིན་ཐང་ལྡན་པའི་ཡི་གེ་བྱུང་བ་ནས་བཟུང་། བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནད་དོན། ཐོན་སྐྱེད་ངལ་རྩོལ་གྱི་ཉམས་མྱོང་ཡིག་ཚང་དུ་འགོད་ཐུབ་པ་བྱུང་ལ། ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གནའ་བོའི་བོད་ཀྱི་ངག་ཐོག་རྩོམ་རིག་སྟེ་དམངས་ཁྲོད་རྩོམ་རིག་རྣམས་ཡིག་ཐོག་ཏུ་ཕབ་ནས་ཉར་ཚགས་ཐུབ་པ་བྱུང་བས་བོད་ཀྱི་ལོ་རྒྱུས་ཆ་ཚང་བར་རྒྱུན་བསྲིངས་ཐུབ་པ་བྱུང་བ་གོར་མ་ཆག རྩོམ་རིག་ལ་ཆ་མཚོན་ན་ཡང་དེ་བཞིན་དེ། རྩོམ་རིག་གི་ནང་ནས་བྱུང་སྔ་ཤོས་ནི་དམངས་ཁྲོད་སྒྲུང་གཏམ་ཡིན་ལ། འདི་ནི་གདོད་མའི་དུས་སུ་དར་བས་དེའི་སྐབས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་ཉམས་མྱོང་དང་འཚོ་བའི་གནས་ཚུལ། བསམ་བློའི་འདུ་ཤེས། རྒྱུན་གཏན་གྱི་འཚོ་བ་བཅས་སྒྱུ་རྩལ་ལམ་ནས་རྩོམ་རིག་གི་བྲོ་བ་ཅན་དུ་བྱེད་པའང་ངག་ཐོག་གི་གསར་རྩོམ་ལས་མ་འདས་པས། དམངས་སྒྲུང་ལ་རྩོམ་རིག་གི་རིན་ཐང་ངེས་ཅན་ལྡན་པས། 《རོ་སྒྲུང》ལ་དམངས་ཁྲོད་ཀྱི་གཏམ་དཔེ་དང་དམངས་གཞས། གདོད་མའི་འཚོ་བ་སོགས་ཀྱིས་ཕྱུག་པས་རྩོམ་པ་པོས་རྩོམ་རིག་གི་བརྗོད་པའམ་སྒྱུ་རྩལ་གྱི་སྐད་ཆ་བཀོད་པར་ཕན་ནུས་ངེདས་ཅན་ཐོན་ཡོད་པས་ན་རྩོམ་རིག་གི་རིན་ཐང་ཆེན་པོ་ལྡན།

5_2 ལོ་རྒྱུས་ཀྱི་རིན་ཐང་།

སྒྲུང་གི་ཐ་སྙད་འདི་བོད་ལ་གནའ་སྔ་མོ་ནས་བྱུང་ཡོད་དེ། དབང་མཛད་བཅུ་གཉིས་ཀྱི་ནང་ཚན་མ་སངས་ཀྱི་ལོ་རྒྱུས་ལ་མ་སངས་ཀྱི་སྒྲུང་། རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་རིང་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་ལས་བྱུང་བའི་སྒྲུང་ཞེས་པ་ནི་རྩོམ་རིག་གི་ལས་སྔ་ཤོས་ཤིག་ཡིན་ལ། དེས་ན། གདོད་མའི་དུས་སུ་བྱུང་བའི《རོ་སྒྲུང》ལ་ཆ་མཚོན་ན་ཡང་ཡ་ཐོག་གདོད་མའི་དུས་ཀྱི་བོད་མའི་སྤྱི་ཚོགས་འཚོ་བ་དང་ཡུལ་སྲོལ་གོམས་གཤིས། སེམས་ཁམས་ཀྱི་འདུ་ཤེས། མཛེས་དཔྱོད་ཀྱི་ལྟ་བ་སོགས་ཕྱོགས་གང་ས་གང་ནས་གསལ་པོ་རྟོགས་ཐུབ་རྒྱུ་ཡོད་པས། ལོ་རྒྱུས་ཤེས་བྱ་སོགས་ཉར་ཚགས་དང་བརྒྱུད་བསྒྲགས་བྱས་པ་ཡིན་ལ། ལོ་རྒྱུས་ཀྱི་རིན་ཐང་ངེས་ཅན་ལྡན་ཡོད།

5_3 དམངས་སྲོལ་རིག་པའི་རིན་ཐང་།

《རོ་སྒྲུང》ནང་དུ་བོད་མིའི་གནའ་བོའི་ལོ་རྒྱུས་དང་ཐོན་སྐྱེད། ས་རྒྱུས་དང་ཆོས་ལུགས་དད་མོས་སོགས་ཕྱོགས་མང་པོ་མཚོན་ཡོད་པས། གནའ་བོའི་བོད་མིའི་སྙིང་སྟོབས་དང་ཡུལ་སྲོལ་གོམས་གཤིས་སོགས་འབྲེལ་ནས་བརྗོད་ཡོད། མདོར་ན། དམངས་སྲོལ་ནི་དངོས་པོ་དང་བསམ་པ། ངག་རྒྱུན། སྤྱི་ཚོགས་བཅས་བཞིར་འདུ་བར་བཤད་པས《རོ་སྒྲུང》ནི་ངག་རྒྱུན་གྱི་དམངས་སྲོལ་ཡིན་ལ། འདིའི་བརྗོད་དོན་དུ་གོང་གསལ་གྱི་བསམ་པ་དང་དངོས་པོ། སྤྱི་ཚོགས་ཀྱང་མ་འདུས་པ་མེད་པས་དམངས་སྲོལ་རིག་གནས་ཀྱི་རིན་ཐང་གཞལ་མེད་ལྡན་ནོ།།

5_4 སློབ་གསོའི་རིན་ཐང་།

རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དམངས་སྒྲུང་གསར་རྩོམ་བྱེད་པའི་དམིགས་ཡུལ་ནི་རང་གིས་རང་ལ་སློབ་གསོ་ལེགས་ཉེས་བླང་དོར་གྱི་གནས་ལུགས་བསྟན་པར་སྟབས་བདེ་དང་ཁྱབ་བརྡལ་རང་བཞིན་ཅན་གྱི་ངག་ཐོག་གི་སློབ་དེབ་གཅིག་ཏུ་འགྱུར་ཆེད་ཡིན། 《རོ་སྒྲུང》ནང་བོད་ཀྱི་གཏམ་དཔེ་མང་དག་སློབ་གསོའི་སྐོར་དང་། འཇིག་རྟེན་གནས་ལུགས་སྐོར། གོ་སྐོན་བློ་འགུག་སོགས་ཀྱི་རང་བཞིན་ལྡན་པས་སློབ་གསོའི་རིན་ཐང་ཆེན་པོ་ལྡན།

དེ་མ་ཟད། 《རོ་སྒྲུང》ལ་རིན་ཐང་དེ་བཞི་བོ་ལས་གཞན་ད་དུང་མི་རིགས་རིག་པའི་རིན་ཐང་དང་སྤྱི་ཚོགས་རིག་པའི་རིན་ཐང་སོགས་ཀྱང་ལྡན་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-24

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།