ཀ་བ་དཔལ་བརྩེགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀ་བ་དཔལ་བརྩེགས།
ལོ་ཆེན་ཀ་བ་དཔལ་བརྩེགས་ནི། ཀ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་ཀ་བ་ཞེས་པའི་སར་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ། སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པར་དེང་སང་ཡང་ཁམས་དབུས་གཉིས་ཀར་དར་རྒྱས་ཆེ་གསུངས། རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
噶瓦拜则
ཕྱི་ཡིག་གི་མིང་།
Kawa Paltsek
མཚན་གཞན།
སྐ་བ་དཔལ་བརྩེགས།
ཡབ།
སྐ་བ་བློ་ལྡན།
ལས་རིགས།
ལོ་ཙཱ་བ།
ཡུམ།
འབྲོ་བཟའ་མཛེས་མ།
1 ངོ་སྤྲོད།

ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག་སྟེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སར་ཡབ་སྐ་བ་བློ་ལྡན་དང༌། ཡུམ་འབྲོ་བཟའ་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པར་དེང་སང་ཡང་ཁམས་བོད་གཉིས་ཀར་དར་རྒྱས་ཆེ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་། ལྟ་བའི་རིམ་པ་དང་། གསུང་རབ་རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད། ཕོ་བྲང་སྟོང་ཐང་ལྷན་དཀར་དུ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་གཏན་འབེབས་མཛད། འདི་ཉིད་ཀྱི་འགྱུར་ལ། འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་ལས། རབ་བྱུང་གི་གཞི་སོགས་གཞི་བཅུ་བདུན་ལ་ཁྱོན་བམ་པོ་བརྒྱ་དང་དགུ་པ། དགེ་སློང་མའི་རྣམ་འབྱེད་ཤོ་ལོ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ། འཁོར་ལོ་བར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་གྱི་ཚིགས་སུ་བཅད་པ་སྡུད་པ་བམ་པོ་ཕྱེད་དང་གཉིས་པ། འཁོར་ལོ་ཐ་མ་དཀོན་བརྩེགས་ལས། སྒོ་མཐའ་ཡས་པ་རྣམ་པར་སྤྱད་པའི་ལེའུ་བམ་པོ་བཞི་པ། མདོ་མང་སྐོར་ལས། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཤོ་ལོ་ཀ་བརྒྱ་ཉི་ཤུ་བ། འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་བམ་པོ་བཅོ་ལྔ་བ་ལོ་ཙཱ་བ་དཔལ་གྱི་ལྷུན་པོ་དང་ལྷན་དུ་བསྒྱུར། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བའི་མདོ་ཤོ་ལོ་ཀ་སུམ་ཅུ་བ། འཕགས་པ་སངས་རྒྱས་འགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ་ལོ་ཙཱ་བ་དཔལ་དབྱངས་དང་ཟུང་དུ་བསྒྱུར། འདུས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བའི་མདོ་བམ་པོ་གསུམ་དང་ལེའུ་བཞི་བ་སོགས་བསྒྱུར། སྔགས་ཕྱོགས་སྐོར། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་བ་བྱིན་གྱིས་བརླབས་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་རྒྱལ་པོ་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་པ། དེའི་རྒྱུད་ཕྱི་མ་རིམ་པར་ཕྱེ་བ་བདུན་པ་དང་བཅས་པ། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལེའུ་མེད་པ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་བམ་པོ་གཉིས་པ་ཡེ་ཤེས་སྙིང་པོ་དང་ཟུང་དུ་བསྒྱུར་ཅིང་ཞུས། བསྟན་འགྱུར་ལས། སྤྱོད་འཇུག་ཆེན་མོ། མངོན་པ་མཛོད་རྩ་འགྲེལ། བྱམས་ཆོས་སྐོར་དང་། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་མཛད་པ། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ་གཉིས་མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོས་མཛད་པ། རྩ་བའི་རྒྱུད་ལས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་ཤྲཱི་བུདྡྷཱ་གུ་ཧྱས་མཛད་པ། འདི་ལ་ཤོ་ལོ་ཀ་ཉིས་སྟོང་སུམ་བརྒྱ་ཡོད། བྱ་བ་སྤྱིའི་རྒྱུད་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་སོགས་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་ཞུས་གནང་བའི་བཀའ་བསྟན་ཤིན་ཏུ་མང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-25

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།