ཀ་པིལ་ཝའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤ་ར་ཝ་སྟེའི་ཡུལ་དེ་ནས་ཤར་ལྷོའི་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ཕྱིན་པ་ན་ཀ་པིལ་ཝའི་ཡུལ་ལོ།། དེའི་ཐ་གྲུར་ལེ་དབར་བཞི་སྟོང་ལྷག་པའི་ནང་ན་གྲོང་ཁྱེར་སྟོང་པ་བཅུ་ཕྲག་དུ་མ་ཡོད། རྒྱལ་པོའི་ཕོ་བྲང་ཡང་ཧ་ཅང་རྙིང་ཆེ་པས་མི་ཁྱིམ་ཡང་མེད། ཐུན་མོང་ལ་དབང་བའི་རྒྱལ་པོ་མེད་ཅིང་གྲོང་ཁྱེར་སིལ་བུ་རྣམས་ལ་བདག་པོ་སིལ་བུ་རྣམས་འདུག་གོ། ས་གཞི་ཤིན་ཏུ་གཤིན་པ་འབྲུ་ཕལ་ཆེར་འདེབས་པ་དང་ཚ་གྲང་སྙོམ་པ། ལྷ་ཁང་དང་གྲོང་ཁྱེར་སྟོང་ལྷག་ཙམ་ཡོད་པ་དང་དེ་མཐའ་ལོགས་སུ་གཙུག་ལག་ཁང་གཅིག་ལ་དགེ་འདུན་སུམ་སྟོང་ལྷག་ཡོད་པ་དང་ཐེག་དམན་སློབ་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劫比罗伐窣堵国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ཤ་ར་ཝ་སྟེའི་ཡུལ་དེ་ནས་ཤར་ལྷོའི་མཚམས་སུ་རྒྱང་གྲགས་ལྔ་བརྒྱ་ཕྱིན་པ་ན་ཀ་པིལ་ཝའི་ཡུལ་ལོ།། དེའི་ཐ་གྲུར་ལེ་དབར་བཞི་སྟོང་ལྷག་པའི་ནང་ན་གྲོང་ཁྱེར་སྟོང་པ་བཅུ་ཕྲག་དུ་མ་ཡོད། རྒྱལ་པོའི་ཕོ་བྲང་ཡང་ཧ་ཅང་རྙིང་ཆེ་པས་མི་ཁྱིམ་ཡང་མེད། ཐུན་མོང་ལ་དབང་བའི་རྒྱལ་པོ་མེད་ཅིང་གྲོང་ཁྱེར་སིལ་བུ་རྣམས་ལ་བདག་པོ་སིལ་བུ་རྣམས་འདུག་གོ། ས་གཞི་ཤིན་ཏུ་གཤིན་པ་འབྲུ་ཕལ་ཆེར་འདེབས་པ་དང་ཚ་གྲང་སྙོམ་པ། ལྷ་ཁང་དང་གྲོང་ཁྱེར་སྟོང་ལྷག་ཙམ་ཡོད་པ་དང་དེ་མཐའ་ལོགས་སུ་གཙུག་ལག་ཁང་གཅིག་ལ་དགེ་འདུན་སུམ་སྟོང་ལྷག་ཡོད་པ་དང་ཐེག་དམན་སློབ་པའོ།།

2 སྟོན་པ་རྒྱལ་བུའི་དུས་ཀྱི་ལོ་རྒྱུས།

དབུས་སུ་རྒྱལ་པོ་ཟས་གཙང་གི་ཕོ་བྲང་གི་ཤུལ་དུ་གཙུག་ལག་ཁང་བརྩིགས་པའི་འཕྲུལ་ནང་དུ་རྒྱལ་པོའི་གཟུགས་བརྙན་དང་། དེ་དང་མི་རིང་བར་བཙུན་མོ་སྒྱུ་མ་ཆེན་མོའི་འདྲ་སྐུ་དང་བཅས་པ། དེ་དང་ཐག་ཉེ་བར་སྟོན་པ་ལྷུམས་ཞུགས་ཀྱི་གནས་ཏེ། དེར་སྟོན་པ་ལྷུམས་སུ་ཞུགས་པའི་གཟུགས་བརྙན་སྣང་ངོ་།། དེའི་བྱང་ཤར་མཚམས་ན་མཆོད་རྟེན་ཞིག་ཡོད་པ་དྲང་སྲོང་ཨ་ཥྚས་རྒྱལ་བུའི་མཚན་བཟང་བལྟས་པའི་གནས་སོ།། དེའི་ལོ་རྒྱུས་ནི། རྒྱལ་པོ་ཟས་གཙང་གིས་སྟོན་པ་བལྟམས་མ་ཐག་མཚན་མཁན་མང་པོ་བསྡུས་ནས་བལྟ་རུ་བཅུག་པས། མཚན་དཔེ་བླ་ན་མ་མཆིས་པ་ལགས་ཏེ་ཁྱིམ་ན་གནས་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ལ། རབ་ཏུ་བྱུང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏེ་མཚན་མཁན་ངུས་པས། རྒྱལ་པོས་ཅི་ནོངས་ཅེས་དྲིས་པས་དྲང་སྲོང་ཨ་ཥྚས་སྨྲས་པ། བདག་ལྷའི་གནས་སུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཙ་ན། དེ་རིང་ལྷ་རྣམས་དགའ་བས་བྲེལ་ལག་པས་གར་དང་རྐང་པས་བྲོ་བརྡུང་བཞིན་ས་ལ་བབས་པ་མཐོང་སྟེ་དྲིས་པས། འཛམ་བུ་གླིང་དུ་ཡུལ་དབུས་ཀྱི་རྒྱལ་པོ་ཟས་གཙང་གི་བུར་བདེ་བར་གཤེགས་པ་ཤཱཀྱ་སེང་གེའི་སྐུ་འཁྲུངས་པས་བསུ་རུ་འགྲོའོ་ཞེས་ཟེར་བ་ཐོས་པས་ངེས་པ་རྙེད་པ་ཡིན་ནོ།། འོན་ཀྱང་བདག་ལོ་རྒས་པས་དམ་པའི་ཆོས་ཉན་པ་མི་ཟན་པས་སྐལ་པ་མི་འདུག་སྙམ་ན་ངུས་པ་ལགས་སོ་ཟེར་རོ།། གྲོང་ཁྱེར་གྱི་ལྷོ་སྒོའི་ཕྱི་རོལ་ན་སྟོན་པ་སྐུ་ན་གཞོན་དུས་སྤུན་ཟླ་ཤཱཀྱ་རྣམས་དང་སྟོབས་བཀྱེ་བའི་གནས་སུ་བཞེངས་པའི་མཆོད་རྟེན་ཡོད་དོ།། དེའི་ལོ་རྒྱུས་ནི་རྒྱལ་པོ་ཟས་གཙང་གིས་རྒྱལ་བུ་ཡུལ་སྐོར་དུ་ཕེབས་བཞེད་པས་གླང་པོའི་རྫི་བོའི་མ་གླང་པོ་ཆེ་ཁྲིད་ཤོག་གསུངས་པ་ལྟར་གླང་ཆེན་ཁྲིད་ནས་ཡོང་བ་ན། ལམ་དུ་ལྷས་བྱིན་དང་འཕྲད་དེ་ལྷས་བྱིན་གྱིས་དྲིས་པས་གླང་རྫིས་རྒྱུ་མཚན་བསྙད་དོ།། ལྷས་བྱིན་རྩལ་སྟོབས་ཀྱིས་སྙེམས་པས་གླང་ཆེན་ལ་ཐལ་ལྕག་བསྣུན་པས་གླང་ཆེན་ཤིའོ།།  གཅུང་དགའ་བོ་བྱོན་ནས་གླང་རྫིས་རྒྱུ་མཚན་ཞུས་པས། གཅུང་གིས་གླང་པོའི་མཇུག་མ་ནས་བཟུང་སྟེ་ལམ་གྱི་ལོགས་སུ་བོར་ཞིང་ལམ་བཀག་པ་བསལ་ལོ།། གཞོན་ནུ་དོན་གྲུབ་ཕེབས་ཏེ་དྲིས་པས་རྒྱུ་མཚན་རྣམས་ཞུས་པས་རྒྱལ་བུས་གླང་པོའི་སྣ་ནས་བཟུང་སྟེ་གྲོང་ཁྱེར་གྱི་ཕྱིར་བོར་ནས་ས་ལ་གཤོང་བྱུང་ལ་གླང་པོའི་གཤོང་ཞེས་གྲགས་སོ།། དེའི་ལོགས་སུ་གཙུག་ལག་ཁང་ཞིག་ན་རྒྱལ་བུའི་སྐུ་བརྙན་དང་གྲགས་འཛིན་མའི་གཟིམ་ཁང་གི་ཤུལ་དུ་ལྷ་ཁང་ཆེན་པོ་ཞིག་ན་གྲགས་འཛིན་མ་དང་། གཙང་ཁང་ཞིག་ཀྱང་འདུག་པ་ནི་སྟོན་པས་བཟོ་བའི་གནས་ལ་སློབ་པའི་གནས་སོ།། དེར་ལོ་རྒྱུས་དེ་དང་མཐུན་པའི་སྟོན་པའི་སྐུ་བརྙན་ཡང་བཞུགས་སོ།།

3 རྒྱལ་བུ་རྟ་དཀར་ལ་བཅིབས་པ།

གྲོང་ཁྱེར་དེའི་ཤར་ལྷོའི་མཚམས་སུ་གཙང་ཁང་ཞིག་གི་ནང་ན་སྟོན་པའི་སྐུ་བརྙན་དབུ་རལ་ཅན་རྟ་དཀར་ལ་བཅིབས་པ་སྣང་ངོ་།། དེ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་གཤེགས་པའི་ཚུལ་ལོ།། གྲོང་ཁྱེར་གྱི་སྒོ་བཞི་ཀར་གཙང་ཁང་ཆེ་བ་རེ་རེ་ཡོད་པར་གཞོན་ནུའི་སྐུ་བརྙན་རེ་དང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་ཉེན་པའི་རྣམ་པ་རེ་དང་། དགེ་སྦྱོང་གི་སྣང་བརྙན་དང་བཅས་པ་ཡོད་དོ།།

4 སྟོན་པ་གྲིབ་བསིལ་ལ་བཞུགས།

གྲོང་ཁྱེར་གྱི་ཤར་ཕྱོགས་རྒྱང་གྲགས་བཞི་ཙམ་གྱི་སར་མཆོད་རྟེན་ཡོད་པ་ནི་སྟོན་པ་གཞོན་ནུའི་དུས་སུ་ཤིང་གི་གྲིབ་བསིལ་ལ་བཞུགས་ཏེ་ཞིང་རྨོ་བ་གཟིགས་པ་ན། ཡབ་རྒྱལ་པོས་གདན་དྲངས་པའི་ཚེ་གཞོན་ནུ་གཤེགས་ཀྱང་ཤིང་གྲིབ་མ་ཉམས་པར་གཞོན་ནུའི་རྗེས་སུ་འབྲངས་བ་མཐོང་ནས་ཡབ་དད་པ་སྐྱེས་པའི་གནས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།