སྙན་རྩོམ་གྱི་ཁྱད་ཆོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྙན་རྩོམ་གྱི་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚིག་གཉིས་གཙོ་རུ་བཟུང་ནས། རྩོམ་རིག་གཞུང་ལུགས་ཀྱིས་སྙན་རྩོམ་ལ་ཆགས་སྡང་གི་སེམས་ཤུགས་དང་། གདངས་ཀྱི་སྡེབ་སྦྱོར། ཚིག་སྡུད་ཚུལ་སོགས་ཀྱི་ཁྱད་ཆོས་གསར་བོར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྙན་ངག
1 ཆགས་སྡང་གི་སེམས་ཤུགས་དྲག་པ།

སྙན་རྩོམ་ནི་སྒྱུ་རྩལ་རྩོམ་རིག་གཞན་དག་ལས་ཆགས་སྡང་གི་སེམས་ཤུགས་དྲག་ཏུ་ལངས་པའི་ནང་སེམས་ཀྱི་འགྱུར་བ་བརྗོད་པ་གཙོར་བྱེད་ཅིང་། དོན་གྱི་བྱུང་བ་བརྗོད་པ་ཕལ་བར་འཛིན་པའི་རྩོམ་རིག་གི་རྩོམ་ལུས་ཐུན་མོང་མ་ཡིན་པ་ཞིག་ཡིན། དེ་ཡང་ནང་སེམས་ཀྱི་འགྱུར་བ་མཚོན་པར་ཕྱི་དངོས་པོའི་རྣམ་པར་བརྟེན་ནས་མཚོན་པ་ནི་སྙན་རྩོམ་སྒྱུ་རྩལ་རྩོམ་རིག་གི་ལུས་གཞན་དག་སྒྲུང་རྩོམ་དང་། ལྷུག་རྩོམ། ཟློས་གར་བཅས་ལས་རྣམ་པར་ལྷག་པའི་ཁྱད་ཆོས་གཙོ་བོ་ཡིན། སྤྱིར་རྩོམ་མཁན་རྣམས་ཆགས་སྡང་གི་སེམས་ཀྱིས་བསླངས་པས་བརྗོད་འདོད་ཀྱི་ཡུལ་ལ་སེམས་རྣམ་པར་ཕྱོགས་པ་དང་། ཡིད་ཀྱི་འགྱུར་བ་སྣ་ཚོགས་སྤེལ་བས་རྟོག་སྣང་ལ་འཆར་སྒོ་ཕུན་སུམ་ཚོགས་པར་སྐྱེས་པར་བརྟེན་ཡིད་ངོར་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་བྱས་ཏེ་བརྗོད་འདོད་ཀྱི་བློ་མཚོན་པར་བྱེད་པའི་སྲོལ་ལུགས་འདི་ནི་སྒྱུ་རྩལ་བསམ་གཞིགས་ཀྱི་སྤྱིའི་ཁྱད་ཆོས་ཡིན། རྩོམ་རིག་སྒྱུ་རྩལ་གཞན་དག་ལ་ཆགས་སྡང་གི་སེམས་ག་ལ་སྲིད། སྙན་རྩོམ་གྱི་ཆགས་སྡང་གི་སེམས་བྱུང་ཕུན་སུམ་ཚོགས་ཤིང་ཤུགས་དྲག་ཏུ་གཏམས་པ་དང་། རྟོག་སྣང་གི་འཆར་སྒོ་རྒོད་ཅིང་སྐྱེ་སྟོབས་ཀྱི་དཔལ་ལྡན་པའི་དམིགས་རྣམ་ཕུན་སུམ་ཚོགས་པར་སྣང་ཞིང་སྐྲུན་པ་དང་། བརྩོན་སེམས་ཀྱི་སྤྲོ་བ་འཁོལ་ཞིང་སྤྲོ་སྣང་སྐྱེས་ངེས།

2 སྒྲ་གདངས་ཀྱི་སྡེབ་ལེགས་པ།

སྤྱིར་སྙན་རྩོམ་དང་གླུ་གཞས་སོགས་རྩ་བ་གཅིག་ཏུ་ངེས་ལ། དེའི་ལོ་རྒྱུས་ཀྱི་སྔ་ཤོས་ནི་གླུ་ཡིན་པར་མངོན་ཞིང་།  ཕྱིས་སུ་དར་ཆེ་བ་སྙན་རྩོམ་ཡིན། གཞུང་ལུགས་ཀྱི་ཁུངས་བཙུན་པའང་དེ་ཡིན་ནོ། ། སྙན་རྩོམ་ལ་རྩོམ་རིག་གི་ལུས་གཞན་དག་ལས་ལྷག་པའི་མཐུན་མོང་མ་ཡིན་པའི་དགེ་མཚན་ནི་ཆགས་སྡང་གི་སེམས་ཤུགས་དྲག་པ་དང་རྟོག་སྣང་གི་འཆར་སྒོ་རྒོད་ཅིང་། རབ་བཏགས་སྒྲོ་འདོགས་སོགས་ཀྱི་སྣང་ཡུལ་ཕུན་སུམ་ཚོགས་པར་སྐྲུན་ནུས་པ་དང་བརྩོན་སེམས་ཀྱི་སྤྲོ་བ་རབ་ཏུ་འཁོལ་བ་བཅས་སོ། ། སྒྲ་གདངས་ཀྱི་སྦྱོར་བ་ལས་དབྱངས་ཉམས་ཐོན་པས་མཛེས་པ། དེ་དག་ནི་སྙན་རྩོམ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་རིམ་བཞིན་འཕེལ་ཞིང་གྲུབ་པའི་གྲུབ་ཆ་འགངས་ཆེན་ཞིག་སྟེ། སྙན་རྩོམ་ནི་ཡིད་ཀྱི་ཤེས་པའི་སྙིང་བཅུད་དང་སྒྱུ་རྩལ་གྱི་སྲོག་སྙིང་ཡིན། སྒོས་སུ་ཐོས་པ་སྙན་བྱེད་ཀྱི་འཇུག་ཡུལ་ཡིན་པས། ལྟ་བ་དང་ཀློག་པའི་ཚེ་ཚེགས་མེད་བདེ་བླག་ཏུ་ངག་ལམ་ལ་ལྷང་ལྷང་དུ་ཐོན་ཞིང་ཚིག་གི་སྡེབ་སྦྱོར་ལེགས་ལ་གདངས་ཀྱི་འདེགས་འཇོག་དང་འགྱུར་ཁུག་གསལ་ཞིང་དབྱངས་ཉམས་ཀྱིས་མཛེས་པ། སྙན་རྩོམ་གྱི་ཡི་གེ་སྦྱོར་བ་ལ་སྒྲ་གདངས་དྲག་ཞན་བར་མའི་རྣམ་འགྱུར་གྱི་ཡར་འདེགས་པ་དང་། མར་འཇོག་པའི་ཉམས་དང་འགྱུར་ཁུགས་ཀྱི་དབྱངས་ཀྱི་རླབས་ཕྲེང་དུ་སྤེལ་བའི་ཁྱད་ཆོས་གཙོར་བཟུང་ནས་ཚིག་ཕྲེང་དུ་སྤེལ་ལོ། །

3 ཚིག་སྡུད་ཆེ་ཞིང་དོན་བསྐོར་བ། 

རྩོམ་གཞན་དང་བསྡུར་ན་སྙན་ངག་ལ་ཚིག་སྡུད་ཧ་ཅང་ཆེ་སྟེ། བརྗོད་བྱ་སྤྱི་ཚོགས་འཚོ་བ་ཉིང་བསྡུས་སམ། གཅིག་བསྡུས་ཀྱི་སྒོ་ནས་མཚོན་པ་ནི་སྙན་ངག་གི་རྩ་བའི་ཁྱད་ཆོས་ཡིན། དེ་ཡང་བརྗོད་བྱའི་དོན་རྣམས་དཔེ་དང་རྒྱན་སྣ་ཚོགས་ཀྱི་སྒོ་ནས་དོན་དང་ཚིག་སྐོར་པར་མཚོན་པ་དང་ཡིད་ཀྱི་དམིགས་རྣམ་མངོན་གསལ་དང་གསོན་ཉམས་ལྡན་པར་བསྐྲུན་པ་ལས་ཐད་ཀར་མི་སྟོན། དེ་ཡང་བོད་རང་ལ་མཚོན་ན་བརྡ་སྤྲོད་དང་སྙན་ངག་གི་གཞུང་ནའང་དེ་འདྲའི་རྣམ་གཞག་ཡོད་དེ། ཚིགས་སུ་བཅད་པའི་སྦྱོར་བ་རྣམས། ། ཅུང་ཟད་བསྡུས་པ་ཡོད་ན་ཡང་། ། ཅེས་སུམ་ཅུ་བའི་རྩ་བ་ལས་བྱུང་བ་དང་། བརྗིད་པ་ཚིག་སྡུད་མང་བོ་ཉིད། ། འདི་ནི་ལྷུག་པ་དག་གི་གསོས། ། ཚིགས་བཅད་ལའང་ཤར་ཕྱོགས་པ། ། འདི་ཉིད་དཔུང་དང་གཉེན་དུ་བཞེད། ། ཅེས་མེ་ལོང་མའི་རྩ་བར་བྱུང་བ་དེ་དག་ལས་ཚིག་སྡུད་དང་དོན་སྡུད་གཉིས་ཀྱི་སྒོ་ནས་ཆེས་ཆེར་སྡུད་པའི་སྙན་རྩོམ་གྱི་སྒྱུ་རྩལ་མཚོན་སྟངས་དེ་གསལ་བར་བསྟན་པ་ལྟ་བུའོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-28

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།