ཡིད་འགྱུར་མཚོན་པའི་མཛེས་ཉམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིད་འགྱུར་མཚོན་པའི་མཛེས་ཉམས་ཞེས་པ་འདི་རུ། བོད་སྔ་རབས་པའི་སྙན་གཞུང་དང་ཚིག་མཛོད་བཅས་ལ་ཁུངས་བཅོལ་ཏེ་ཡིད་འགྱུར་གྱི་གོ་དོན་བསྟན་པ་དང་། བྱེ་བྲག་ཏུ་སྙན་ངག་པ་ཞིག་ལ་མཚོན་ན་ཡིད་ཀྱི་འགྱུར་བ་བཅོས་མ་མ་ཡིན་པ་ཞིག་དགོས་ཚུལ་དང་། དེ་ཤེས་རྟོགས་བྱེད་ཚུལ། ཡིད་འགྱུར་གྱི་མཛེས་ཉམས་སོགས་གསལ་བརྗོད་བྱས་པ་ཞིག་གོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྙན་རྩོམ།
1 ​གོ་དོན།

དེ་ཡང་ཡིད་འགྱུར་ཞེས་པ་ནི་ཡིད་ཀྱི་རྣམ་འགྱུར་གྱི་དོན་ཏེ། 《འཆི་མེད་མཛོད》ལས་ཡིད་ཀྱི་རྣམ་འགྱུར་བསམ་པའོ་ཞེས་གསུངས་ཤིང་། བོད་མཁས་པའི《སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ》ལས་དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་རྣམ་འགྱུར་ལུས་ངག་ཏུ་མ་ཤར་བ་ནི་འགྱུར་བའམ་བསམ་པ་ཞེས་བཞེད་པ་དང་། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས་བསམ་པ་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀླད་པའི་ནང་ཚུར་སྣང་བྱུང་བ་ཡིན་ཞེས་འགྲེལ་ཡོད་ལ། འདི་དག་གི་ངེས་དོན་ལྷུ་བསྒྲིགས་ཏེ་བཤད་ན་ཡིད་ཀྱི་འགྱུར་བ་ནི་ཕྱི་ཡུལ་གྱི་དངོས་ཡོད་དང་སྣང་ཚུལ་བློ་ངོར་སྣང་བ་གཞིར་བྱས་པ་ལས་དགའ་སྐྱོ་ཆགས་སྡང་སོགས་བརྟས་པའི་ཡིད་ཀྱི་རྣམ་འགྱུར་ལ་གོ། །

2 བཅོས་མ་མ་ཡིན་པ།

ཡིད་ཀྱི་འགྱུར་བ་ལ་ནང་གསེས་སུ་བདེན་རྫུན་དང་དངོས་བརྒྱུད་ཀྱི་ཁྱད་པར་ཡོད་ལ། འདིར་བརྗོད་པའི་ཡིད་འགྱུར་ཤུགས་དྲག་པོ་ནི་ཚོར་འདུ་བདེན་པ་སྟེ་དགའ་བ་དང་སྐྱོ་བ་སོགས་ཡིད་ཀྱི་སྣང་བ་བཅོས་མིན་བདེན་པ་དང་། ཚོར་བ་བཏང་སྙོམས་ལྟ་བུ་མིན་པར་ཞེན་པ་ཤུགས་དྲག་པོ་ཞིག་ལ་གོ་དགོས་ཤིང་། རྩོམ་པ་པོའི་མྱོང་ཚོར་དང་ཤེས་རྟོགས་ཟབ་མོ་ལས་ཐོབ་པའི་བློ་ཁའི་འཁྱེར་སོ་དང་། མཛེས་དཔྱོད་ཀྱི་གཟས་ཕྱོགས། རང་མོས་བློ་གཤོགས་ཆེ་བའི་རང་གཤིས་ཀྱི་ཞེན་ཕྱོགས། གསར་རྩོམ་གྱི་ཀུན་སློང་ཤུགས་དྲག་གམ་སྒུལ་ཤུགས་ཤིག་ལ་གོ་དགོས་པས། བཅོས་མའི་ཚོར་འདུ་དང་གཏན་ནས་མི་འདྲ། མྱོང་བརྒྱུད་ཀྱི་ཚོར་འདུ་ནི་ཐད་ཀར་འཚོ་བ་དངོས་ཀྱི་འབྲེལ་གཏུགས་ལས་ཐོབ་པ་མ་ཡིན་པར་སྙན་ངག་པའི་སྔར་ཡོད་ཀྱི་ཉམས་མྱོང་དང་ཡིད་འཛིན་གྱི་རྟོག་འཆར་སོགས་ལ་བརྟེན་ནས་ཉམས་སྣང་བསྐྱེད་པ་དང་། ནང་གི་བློ་སྦྱོང་དང་སྙན་བརྒྱུད་བཅས་ལས་ཐོན་པའི་ཚོར་འདུ་བདེན་པ་ཞིག་ཡིན།

3 རྟོགས་བྱེད་ཚུལ།

སེམས་ཁམས་རིག་པ་ལྟར་ནའང་ཡིད་འགྱུར་ནི་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་མ་ཡིན་པར་འདོད་ལ། རང་བཞིན་གྱི་ཤེས་རྟོགས་བྱེད་ཚུལ་དང་གཏན་ནས་མི་མཚུངས། ཤེས་ཤིང་རྟོགས་པའི་བརྒྱུད་རིམ་ནི་ཕྱི་ཡུལ་དངོས་ཡོད་ཀྱི་སྣང་ཚུལ་ཇི་བཞིན་རང་ངོས་སུ་ཚུར་སྣང་བའི་བྱུང་རིམ་ཡིན་ལ། ཡིད་འགྱུར་ནི་དེ་གཞིར་བྱས་པ་ལས་དངོས་ཡོད་སྣང་ཚུལ་སོགས་ལ་ཆགས་སྡང་སྐྱེས་པའི་བློའི་ཞེན་ཕྱོགས་ཞིག་ཡིན་པས་སྔ་མའི་ཤེས་རྟོགས་ཀྱི་བརྒྱུད་རིམ་སྔོན་དུ་བཏང་ནས་བྱུང་ཞིང་། དམིགས་བྱའམ་གཟུང་བྱའི་ཡུལ་དང་མིའི་དགོས་མཁོ་བར་གྱི་འབྲེལ་བ་མི་མཚུངས་པ་ལ་བརྟེན་ནས་ཕྱིར་འཕོས་པ་ཞིག་ཡིན་ཏེ། དཔེར་ན། ཡུལ་གྱི་འཇིག་རྟེན་ཤེས་ཤིང་རྟོགས་པ་རང་བརྒྱུད་རང་སྣང་ཡུལ་ཅན་གྱི་དགོས་མཁོས་དང་མཐུན་པོར་སྣང་བ་ལ་བློ་བག་དགའ་ཞིང་ཞེ་ཚིམ་པར་ཡིད་བརྟས་ཤིང་། དེ་ལས་ལྡོག་པ་ཞིག་ལ་ཞེ་འཁུ་ཞིང་ཁྲོ་བའི་རྣམ་འགྱུར་འཕེལ་བ་བཞིན་ལགས། མཛེས་ཚོར་གྱི་བརྒྱུད་རིམ་ཁྲོད་དུ་ཡིད་འགྱུར་གྱིས་ནམ་རྒྱུན་རང་སྣང་ཡིད་ཅན་གྱི་ཤེས་ཚོར་དང་བློ་ཁའི་འཁྱེར་ས་དབང་དུ་བསྒྱུར་ཅིང་། འཕྲོས་རྟོག་དང་ཀུན་རྟོག་སོགས་རྟོག་པའི་སྐྱེ་རིམ་དང་འབྲེལ་ནས་ཤེས་ཚོར་དང་དྲན་ཤེས་ཀྱི་གཟུང་རྣམ་གཅིག་ཏུ་བསྒྲིལ་བ་ལས་སྣང་བརྙན་གསར་བ་འདོན་སྤེལ་དང་། དེ་མཚུངས་སུ་ཤེས་ཚོར་དེ་སྔར་ལས་གཏིང་སར་ཕྱིན་ཅིང་གཟུང་རྣམ་ལ་ཡིད་འགྱུར་གཏིང་སིམ་པར་ཞུགས་ནས། མཐར་རང་སྣང་ཡུལ་ཅན་དང་གཟུང་བྱའི་ཡུལ་རྣམས་གཅིག་ཏུ་འདྲེས་པ་ལས་མཛེས་དཔྱོད་ཀྱི་བྱ་བ་མཐའ་འཁྱོལ་བ་ཡིན།

4 མཛེས་ཉམས།

སྙན་ངག་གི་ཡིད་འགྱུར་རམ་ཚོར་འདུ་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་ཐོན་ཞིང་སྒྱུ་རྩལ་གྱི་ཐབས་ལམ་ངེས་ཅན་ལ་བརྟེན་ནས་ཕྱིར་མཚོན་པ་ཡིན་ལ། ཡིད་འགྱུར་ཤུགས་དྲག་པོ་མཚོན་རྒྱུ་ནི་སྙན་ངག་གི་རྩ་བའི་ཁྱད་ཆོས་ཏེ་བརྗོད་བྱའི་དོན་གྱི་ངོ་བོའམ་སྲོག་སྙིང་ལྟ་བུ་དང་མཛེས་ཉམས་འདོན་བྱེད་ཀྱི་མཆོག་གམ་ཡང་སྙིང་ལྟ་བུ་ཡིན་པས། སྙན་ངག་གི་མཛེས་པའི་གྲུབ་ཆ་གཞན་ལས་ལྷག་ཅིང་ཐག་གཅོད་རང་བཞིན་གྱི་བྱེད་ནུས་མཆོག་ཏུ་ལྡན་པ་ཞིག་ཡིན། དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཆུང་གྲོགས་རྗེས་དྲན་ལས།  སྲིད་པའི་འབྱོར་བ་ལ་ཁའི་ན་བུན། ། ནས། ཕྱི་མའི་ཡུལ་དུ་གྲོགས་ལ་བསྲིངས་སོ། ། ཞེས་པའི་ལྗགས་རྩོམ་ལྟ་བུར་གཞན་པའི་སྙན་རྩོམ་ལྟར་རྟོག་འཆར་བསམ་ཡན་གྱི་འགོད་སྟངས་ཁྱད་མཚར་ཅན་དང་རྒྱན་ཕུན་སུམ་ཚོགས་པའི་སྤྲས་ཚུལ་མེད་ན་ཡང་། གཙོ་བོ་ཕྱི་མའི་འཕྲང་རིང་འགྲིམ་པའི་གྲོགས་དེ་རྗེས་སུ་དྲན་ཞིང་བཟོད་གླགས་མེད་པའི་སྐྱོ་གདུང་གིས་སྙིང་ཕུང་འགས་ཤིང་རང་དབང་བྲལ་བར་གྱུར་པ་དང་། འདྲིས་ཤིང་གོམས་པའི་ཤུགས་ཀྱིས་ད་དུང་དྲུང་ན་ཡོད་ཡོད་འདྲ་བ་སོགས་སྐྱོ་ངལ་བའི་སྐབས་ཀྱི་ཚོར་འདུ་དྲག་པོ་ཁོལ་མའི་ཆུ་ལྟར་ཚིག་དང་ཡིག་འབྲུ་བར་ནས་ལྷོག་ལྷོག་ཏུ་འཕྱུར་བའི་ཉམས་ཐོན་ཡོད་པ་དང་། གོ་དཀའ་བའི་མངོན་བརྗོད་དང་ཁ་དམ་པའི་ཚིག་སྦྱོར་གྱིས་མཚར་ཉམས་ཆེ་བར་སྤུད་མེད་ནའང་ཟོལ་མེད་བབ་ཆགས་པའི་ངག་གི་སྒྱུ་འཕྲུལ་གྱིས་སྐབས་བབ་ཀྱི་ཡིད་ཀྱི་འགྱུར་བ་དང་བརྗོད་དོན་དབྱངས་སུ་གྱེར་ནས་མཚོན་ཡོད་པས། ཀུན་གྱིས་བཀླགས་པ་ཙམ་གྱིས་སེམས་ཤུགས་སྒུལ་ནུས་ཤིང་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས།  ཡིད་ཀྱི་འགྱུར་བ་ཤུགས་དྲག་ཏུ་མཚོན་རྒྱུ་ནི་སྙན་ངག་གི་ཚེ་སྲོག་དང་འགུག་སྟོབས་སམ་མཛེས་རྩལ་ཞིག་ཏུ་མངོན་ཏེ་ད་ལྟའི་བར་མ་ཉམས་པར་གནས་ཡོད་དེ། དཔེར་ན་རྗེ་ཙོང་ཁ་པའི《བྱམས་བསྟོད་ཚངས་པའི་ཅོད་པན》དང《འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ》དང་། བོད་མཁས་པའི《དབྱངས་ཅན་ངག་གི་རོལ་མཚོ་ཡིད་ཀྱི་ངང་མོ་རྣམ་རྩེན》སོགས་མཁས་དབང་རྣམས་ཀྱིས་མང་དུ་མཛད་པ་ལྟར་རོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-27

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།