རྗེ་ཙོང་ཁ་བར་འགྱོད་ཚངས་སུ་ཕུལ་བའི་བསྟོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་གཉིས་སྨྲ་བའི་དབང་བོ་སྟག་ཚང་ལོ་ཙཱ་བ་དཔལ་བཟང་པོས་རྗེ་རིན་པོ་ཆེ་མཆོག་གི་དགོངས་པའི་ཟབ་གནད་ཚུལ་ཇི་བཞིན་མ་ལོན་པར། འགལ་བའི་ཁུར་ཆེན་བཅོ་བརྒྱད་ཀྱི་དགག་བཞག་སྤྲོས་པར་ཡིད་འགྱོད་པས་གཟིར་ནས། རང་གིས་ལོག་པར་སྨྲ་བ་ལ་འགྱོད་ཚངས་སུ་རྗེ་མཆོག་གི་ལུང་རྟོགས་ཀྱི་ཡོན་ཏན་སོགས་ལ་ཚུལ་ཇི་ལྟ་བ་བཞིན་བསྔགས་པ་མཛད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
སྟག་ཚང་ལོ་་ཙཱ་ཤེས་རབ་རིན་ཆེན།
འཁྲུངས་པའི་དུས།
སྤྱི་ལོ1405ལོར།
འཁྲུངས་ཡུལ།
ཡར་འབྲོག་སྟག་ལུང་།
1 མཛད་པ་པོ།

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི། རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ1405ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས་། དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་མཛད་པ་ལ། ཀུན་གཟིགས་ལྔ་བའི་རང་རྣམ་དུ་ཀུ་ལའི་གོས་བཟང་ལས་རིག་པའི་གནས་ཐམས་ཅད་ལ་འཁྲུལ་བའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཞེས་བསྔགས་བརྗོད་མཛད། དུས་སུ་ཡར་འབྲོག་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་པ་ཐར་གླིང་ཆོས་སྡེ་གསར་དུ་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་བསྐྱངས། ནམ་འདས་ཀྱི་ལོ་ཚིགས་གསལ་བར་མ་ངེས།

2 གསུང་རྩོམ།

《དུས་འཁོར་སྤྱི་དོན》དང་། 《གྲུབ་མཐའ་ཀུན་ཤེས》དང 《རིག་གནས་ཀུན་ཤེས》སོགས་དང་། བསྒྱུར་རྩོམ་ནི《བསྟན་འགྱུར་ལས་སྡེབ་སྦྱོར་གྱི་བསྟན་བཅོས》སོགས་དང་། གཞན《གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན》དང《མཁས་པའི་ཡིད་འཕྲོག》སོགས་གསོ་བ་རིག་པའི་བསྟན་བཅོས་ཀྱང་མང་དུ་མཛད།

3 རྩོམ་རྐྱེན།

གངས་ཅན་སྐད་གཉིས་སྨྲ་བའི་དབང་བོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་རྗེ་བསྟོད་པ་འདི་ནི། ལོ་ཙཱ་བ་གང་གིས་དང་བོར་རྗེའི་ལམ་རིམ་ཆེན་མོ་སོགས་གསུང་རྩོམ་རེ་འགའ་ལ་མཇལ་རྗེས། དགོངས་དོན་ཟབ་གནད་མ་ལོན་པར་འགལ་བའི་ཁུར་ཆེན་བཅོ་བརྒྱད་སོགས་དགག་བཞག་མང་དུ་མཛད། དུས་ཕྱིས་སླར་ཡང་མཁས་ལེན་ནང་འགལ་གྱི་རིགས་པས་རྒྱས་འདེབས་ཁ་སྐོང་དང་བཅས་པའི་དགག་པ་མཐར་ཕྱིན་ཞིག་མཛད་པར་དགོངས་ནས། རྗེའི་གསུང་གཞན་རྣམས་ལ་ཞིབ་གཟིགས་དང་མནོ་བསམ་ཡང་ཡང་བཏང་མཐར། རང་གི་དགོངས་དོན་ལས་ལྡོག་སྟེ་རྗེའི་གསུང་གི་ཉིང་བཅུད་རྒྱལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་དྲི་མེད་ལེགས་བཤད་གསེར་སྦྱངས་བཙོ་མའི་ཁམས་ལྟ་བུ་རྣམས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་ནས། རང་དབང་མེད་པར་མིག་ནས་མཆི་མ་འཁྲུགས་པ་དང་ལུས་ཀྱི་བ་སྤུ་ལྡང་བ་སོགས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པའི་ངང་ཚུལ་བཅོས་མ་མ་ཡིན་པ་ཞིག་འཁྲུངས་པ་དང་མཉམ་དུ་སྔ་མའི་ལོག་རྟོག་དང་སྐུར་འདེབས་ལ་འགྱོད་ཚངས་དང་བཅས་ཏེ་ཕུལ་བ་ལགས།

4 བརྗོད་དོན་མདོར་བསྟན།

རྗེ་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པ་རྣམས་ལས། དང་བོར་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་རྒྱལ་བ་རྣམས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པའི་མཐུ་གྲུབ་པ་ལས་བརྩམས་ཏེ། གཞོན་ནུའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ལེགས་བཤད་གསེར་གྱི་ཕྲེང་བ་བརྩམས་པས་མཁས་རློམ་ཀུན་གྱི་ང་རྒྱལ་གྱི་རི་བོ་བསྙིལ་བ་སོགས་དང་། སྒོས་སུ་ཚིག་དོན་ལ་མཁས་ཤིང་གཞུང་དོན་ཉམས་སུ་ལེན་མཁན་སྲིད་མཐའ་ཙམ་དུ་གྱུར་པའི་སྐབས་སུ་རྗེ་བདག་ཉིད་ཆེན་པོ་བྱོན་པ་དང་། ལུང་རིགས་གཉིས་ཀའི་སྒོ་ནས་བསྟན་པ་འཛིན་པ། བསྟན་པ་མཐའ་དག་འགལ་མེད་དུ་ཉམས་སུ་ལེན་པ། མདོ་སྔགས་མཐའ་དག་གྲུ་བཞི་ལམ་དུ་འཁྱེར་བ། ལྟ་སྤྱོད་གཉིས་ཀ་ཕན་ཚུན་གྲོགས་སུ་ཤར་བ། བཤད་སྒྲུབ་གཉིས་ཀའི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་སྤེལ་བ། རྡོ་རྗེ་ཐེག་པའི་ལམ་མཐའ་དག་གསལ་བར་མཛད་པ་བཅས་ཀྱིས་བསྟན་པའི་བདག་པོར་གྱུར་སྟབས་གངས་ཅན་གྱི་མཁས་པ་ཀུན་གྱི་གཙུག་ཏུ་བཀུར་བ་སོགས་ཀྱི་གནད་ལས་དྲངས་ཏེ་རྒྱ་ཆེར་བསྔགས་ཤིང་། མཐར་ལོ་ཙཱ་བ་རང་ཉིད་ཀྱང་མཛད་འཕྲིན་མཐར་ཕྱིན་ནམ་མཁའི་མཐའ་དང་མཉམ་པར་བྱེད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཟོལ་བྲལ་གཡོ་མེད་ཀྱི་སྒོ་ནས་བསྟོད་འདུན་བསྔོ་གསུམ་ཚང་བའི་བསྟོད་ཆེན་འདི་ཉིད་མཛད་པ་ཡིན་ནོ། །

5 བསྟོད་ཚོགས་ཀྱི་ཁྱད་ཆོས།

བསྟོད་ཚོགས་འདི་ནི་རང་བཞིན་བརྗོད་པ་དང་དཔེ་རྒྱན། གཟུགས་རྒྱན་གཙོར་བྱས་པའི་སྙན་ངག་ཚིག་དོན་གཉིས་ཀ་གོ་སླ་ལ་གནད་ཤིན་ཏུ་ཆེ་བའི་རྗེ་རྣམ་ཐར་རྣམས་མ་ལུས་གཅིག་སྡོམ་གྱི་ཚུལ་དུ་བཀོད་པ་འདུག་པས་མཁས་པ་གཞན་གྱི་བསྟོད་པ་ལས་གྲགས་ཆེ་ལ། དགེ་ལུགས་པའི་རང་གི་མཁས་གྲུབ་དམ་པའི་སྐྱེས་མཆོག་རྣམས་ཀྱིས་ཞལ་འདོན་དུ་མཛད་པ་ཡང་ཆེས་ཤིན་ཏུ་མང་བོ་ཞིག་ཡོད་དོ།  །



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-31

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།