གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་ཐར་བསྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་པ་སྙིང་པོར་དྲིལ་བ་བསྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན་ཞེས་བྱ་བ་འདི་ནི། དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཉང་མཚམས་པ་དང་། དགེ་རྒན་བདེ་ལེགས་སོགས་ཀྱིས་བསྐུལ་ངོར། ཕྱོགས་མེད་ཀྱི་རྒྱལ་ཁམས་དང་། ངེས་མེད་ཀྱི་རི་ཁྲོད་འགྲིམ་པའི་རྣལ་འབྱོར་ཞབས་དཀར་པས་རྗེས་འཇུག་རྣམས་ལ་ཕན་པའི་ལྷག་བསམ་གྱིས་དབེན་གནས་ཉམས་དགའ་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཞབས་དཀར་པ་ཚོགས་དྲུག་རང་གྲོལ།
1 མ་ཡིག

གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་ཐར་བསྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན(ཚིགས་བཅད་ཕྱོགས་བསྒྲིགས)

དོན་གཉིས་ལྷུན་འགྲུབ་སྟོབས་བཅུའི་དཔལ་ལྡན་རྣམ་འདྲེན་ཡང་དག་རྫོགས་སངས་རྒྱས། ། བདེན་གཉིས་ངོ་བོ་ཉོན་མོངས་གདུང་སེལ་ཆགས་བྲལ་བསྟན་པ་དམ་པའི་ཆོས། ། རིག་གྲོལ་ཡོན་ཏན་གཉིས་ལྡན་འཕགས་པའི་དགེ་འདུན་འགྲོ་ཀུན་སྐྱབས་ཀྱི་མཆོག ། སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་གྱི་དགེ་མཚན་རྒྱ་མཚོས་ཤིས་པ་སྩོལ། ། ངོ་བོ་གདོད་ནས་སྤྲོས་བྲལ1ཆོས་སྐུ་འཕོ་འགྱུར་མེད། ། རང་བཞིན་ལྷུན་འགྲུབ2མ་འགགས་འོད་གསལ་ལོངས་སྤྱོད་རྫོགས། ། ཐུགས་རྗེ་ཀུན་ཁྱབ3སྤྲུལ་སྐུས་འགྲོ་བའི་དོན་མཛད་པའི། ། བརྒྱུད་པ་དགུ་ལྡན4བླ་མ་རྣམས་ཀྱིས་འགྲོ་འདི་སྲུངས། ། རབ་འབྱམས་བདེ་ལེགས་རྒྱལ་བའི་མཚན་དཔེའི་གཟུགས། ། རབ་དྭངས་སེམས་ཀྱི་ཨ་དརྴ5ཡི་ངོས། ། རབ་མཛེས་སྣང་བརྙན་འགོག་མེད་ཅིག་ཆར་དུ། ། རབ་ཤར་དྲིན་ཅན་བླ་མར་སྙིང་ནས་འདུད། ། ཐེག་དགུའི6ཡང་རྩེ་རྫོགས་ཆེན7ལམ་བཟང་སྒོས། ། ཚེ་གཅིག་གྲུབ་བརྙེས་ཨ་ཏིའི་རྣལ་འབྱོར8བ། ། འབྲེལ་ཚད་དོན་ལྡན་ཧེ་རུ་ཀ9དཔལ་མཆོག ། ནམ་མཁའ་འཇིགས་མེད་འགྲོ་ཀུན་གཙུག་ན་མཛེས། ། གང་དེའི་མཛད་འཕྲིན་མ་དྲོས་ཆུ་གཏེར་ལས། ། བདག་བློས་གང་དཔོག་ཉལ་འགྲོའི་རྒྱུད་ཆེན་པོ། ། རྣམ་དཔྱོད་ཡུར་བའི་ལམ་ནས་རབ་དྲངས་ཏེ། ། སྐལ་བཟང་དད་པའི་འཛིན་མར་དེང་འདིར་འགྱེད། ། རྣམ་མང་འགྲོ་བའི་མགོན་དེའི་ཞབས་ཀྱི་པད། ། རྣམ་ཀུན་དད་པས་བསྟེན་མཛད་སློབ་མ་དང་། ། རྣམ་དག་ལྷག་བསམ་དག་པའི་ཆོས་སྒོ་རུ། ། རྣམ་དཀར་བག་ཆགས་འཇོག་རྣམས་གུས་པས་ཉོན། །

མ་འོངས་ལྐོག་གྱུར་རྗེན་པར་གཟིགས་པ་ཡི། ། གྲུབ་ཆེན་རྣམས་ཀྱིས་མགྲིན་གཅིག་བསྔགས་བརྗོད་ཚེ། ། ཉམ་ཐག་འགྲོ་རྣམས་ལྟ་ཅི་ཚངས་དབང་ཡང་། ། ཁེངས་པ་སྐྱུངས་ཏེ་སྲི་ཞུ་བྱེད་ལ་བྲེལ། ། དགེ་བཅུ་ཀུན་ཚང་ཀུན་གྱིས་སྨོན་པའི་ས། ། དམ་པ་དུ་མས་ལུང་གིས་ཟིན་པའི་ཡུལ། ། མ་གསོད་ཤུ་ལུ་འུར་བ་གྲུབ་པའི་གནས། ། ལྷ་སྐུ་ཡིག་འབྲུ་རང་དོན་བསམ་འདས་གསལ། ། དེ་ཡི་ཉེ་འདབས་སྤྱང་ལུང་ཞེས་གྲགས་པའི། ། མདའ་རུ་ཆུ་བོ་རྒྱ་གྲམ་འབབ་པའི་སྟེང་། ། ལྷ་འདུ་བདེ་ཁ་སོགས་ཀྱི་ས་རྟགས་ཀུན། ། གསལ་བར་མཐོང་ཚེ་ཡིད་ཆེས་དད་པ་རྙེད། ། ཆོས་ཀྱི་མཐུན་རྐྱེན་ཚང་བའི་ཡུལ་དབུས་སུ། ། ཆོས་ཀྱི་སྤྱན་ལྡན་དམ་པའི་ལུང་བསྟན་བཞིན། ། ཆོས་པའི་གཟུགས་སུ་བསམ་བཞིན་སྐུ་འཁྲུངས་པ། ། ཆོས་ཀྱི་བདག་པོ་ཉིད་ལས་གཞན་ན་སུ། ། དེ་ལྟར་འཁྲུལ་མེད་རྡོ་རྗེའི་ལུང10། ། ལུང་རིགས་རྟོགས་པའི་མེ་ལོང་དུ། ། དུ་མར་ཤར་བའི་གཟུགས་བརྙན་ངོམས། ། ངོམས་མེད་ལྟོས་ཤིག་སྐལ་ལྡན་ཀུན། །

ཆོས་དབྱིངས་ཞི་བའི་བདེ་ལ་རྟག་རོལ་ཀྱང་། ། སྲིད་པའི་ཡིད་ཅན་འགྲོ་བ་སྒྲོལ་བའི་ཕྱིར། ། གཞན་ཕན་གོ་ཆ་བགོས་པའི་ཡང་སྲིད་ནི། ། གཟུང་གཞེས་སྤྱང་ལུང་བདེ་ཁ་ཞེས་གྲགས་པར། ། རུས་འབྲི་ཤང་ལྕགས་ཁམས་པ11ཡབ་ཀྱི་མིང་། ། བླ་མ་སྐྱབས་དང་ཡུམ་མིང་ཚེ་ཡག་གཉིས། ། འདུས་པའི་སྲས་སུ་གཟིགས་ཤིང་སྐུ་བལྟམས་ཚེ། ། རབ་དྭངས་གཙང་མའི་དག་བྱེད་རྒྱུན་སྦྲེངས་ནས། ། མངལ་གྱི་དྲི་མ་འཁྲུད་པའི་རིམ་གྲོ་བ། ། ལྷ་དང་ལྷ་མའི་བུན་ལོང12ཉེ་འཁོར་གྱིས། ། མ་མཐོང་སྐྱེ་བོ་ལས་ཉོན་སྒྲིབ་པའི་སྐྱོན། ། ངོ་མཚར་ལྟད་མོར་ཡེ་ཤེས་སྤྱན་ལྡན་བྲེལ། ། འགྲོ་བའི་མགོན་དང་བདུད་ལས་རྒྱལ་བའི་བརྡར། ། མགོན་པོ་རྒྱལ་ཞེས་མཚན་གྱིས་ཡོངས་སུ་བསྔགས། ། ཕ་རྩལ་སྣ་དགུས13གཞན་སྣང་ཟིན་གནོན་གྱི། ། མཛད་པས་ཕས་རྒོལ་བརླག་ནུས་རྩལ་ཤུགས་ཐོབ། ། སྲིད་འབྱོར་མེ་འོབས་ལྟར་མཐོང་སྐྱོ་ཤས་ཀྱིས། ། ཐུགས་རྒྱུད་བསྐུལ་ནས་མ་འོངས་གདུལ་བྱ་ཡི། ། སྡིག་སྤོང་དགེ་སྒྲུབ་བྱེད་རྒྱུའི་བརྡ་ཆོས་སུ། ། བློ་ངན་ལིང་བསྐྱུར14དམ་པའི་ཆོས་སྒོར་ཞུགས། ། མི་མཆོག་རྒྱལ་བའི་སྲས་པོ་དེས། ། མི་དགེ་སྤངས་ནས་དགེ་བཅུ་སྒྲུབ། ། མི་ལ་རས་པའི་སྙིང་རུས་ལྟར། ། མི་འགྱུར་བརྩོན་འགྲུས་གོ་ཆར་གཞོལ། །

སྔོན་གོམས་ཐུགས་བསྐྱེད་ཟླ་བའི་མ་མ་ལས། ། ལེགས་འོངས་ངེས་འབྱུང་བྱང་སེམས་དབང་གི་རྒྱལ། ། བཤེས་གཉེན་དེད་དཔོན་ལ་བརྟེན་ལོན་པ་ཡི། ། རྣམ་ཐར་འདི་ཀོ་བསམ་བཞིན་དད་པ་འཕེལ། ། ཕས་རྒོལ་ངན་སྔགས་བཟློག་ཕྱིར་ཡོངས་འཛིན་རྗེས། ། སིངྷ་མི་ཁའི་ལས་སྦྱོར་རྩེ་བརྒྱའི་མཚོན། ། རིག་འཛིན་ལྷ་དབང་ཕྱག་ཏུ་གཏད་པའི་མོད། ། ཡིད་སྲུབ་ལྷ་མིན་དོན་སྙིང་ལྐོག་མར་ཕྱུང་། ། དེར་བརྟེན་འཁོར་བ་དུག་སྦྲུལ་ཚང་ལྟ་བུར། ། གཟིགས་ནས་ཐར་པའི་གྲོང་ཁྱེར་ཉམས་དགར་གཤེགས། ། བླ་མའི་རྣལ་འབྱོར15བསྒོམས་པའི་དྲོད་རྟགས་ཀྱིས། ། ཐུགས་ལ་སྔར་བས་བརྩོན་འགྲུས་དྲག་པོ་འཁྲུངས། ། བླ་མ་བསྟེན་ཕྱིར་བྲག་གཡང་ཐོར་མེད་བྱོན། ། བླ་མ་ཕྱིར་འབྱོན་དང་འཕྲད་རྟེན་འབྲེལ་འགྲིགས། ། བླ་མའི་ཞལ་ནས་དབང་ཆོས་རྣམས་བྲིས་དང་། ། བླ་མ་བྱེད་དུས་མཁོ་གསུངས་ལུང་བསྟན་གནང་། ། བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་ཞལ་སྔ་ནས། ། རྫོགས་ཆེན་ཁྲིད་སོགས་གདམས་ངག་ཡོངས་རྫོགས་གསན། ། གྲུབ་གནས་བརྒྱད16དང་སྤྲེའུ་རྫོང་སྒམ་བྲག17སོགས། ། གནས་ཆེན་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། ། ཁྱད་པར་སྤྱང་གི་རྭ་རྩེའི་སྒྲུབ་གནས་སུ། ། ཟླ་གྲངས་བཅོ་བརྒྱད་བསྙེན་སྒྲུབ་གནངས་པའི་ཚེ། ། བརྒྱགས་ཆད་ལན་གཉིས་བྱུང་བའི་སྔོན་མའི་དུས། ། བྱེའུ་བྲག་མཐུན་རྐྱེན་རི་དྭགས་ལམ་པ་ཕུལ། ། བརྒྱགས་ཆད་གཉིས་པར་སྔར་བཞིན་ཕུལ་ན་ཡང་། ། ལོག་འཚོར་གཟིགས་ནས་མ་བཞེས་འབྲུ་ཚོམ་གྱི། ། ཁུ་བ་ལ་བརྟེན་ཡུན་རིང་དཀའ་སྤྱད་ནས། ། སྔོན་བྱོན་མི་ལ་རས་པའི་རྣམ་ཐར་བསྐྱངས། ། སྐབས་ཤིག་ཀརྨ་དྲག་པོ་རྩལ་གྱི་སྐུར་བཞེས་སྤྱན་གྱིས་ལྟ་སྟངས་ཀྱིས། ། སྟེང་འོག་བར་གསུམ་བསྡིགས་པས་ལྷ་སྲིན་དམ་ལ་འདུས་ཤིང་བྲན་དུ་བཀོལ། ། ཡང་ཅིག་ཨོ་རྒྱན་ཞལ་གཟིགས་མདུང་ལ་བརྟེན་ནས་རྣམ་པར་མཆོངས། ། མདུན་དུ་བྱོན་ཚེ་ཨོ་རྒྱན་ཆེན་པོས་ཕྱག་གིས་ངེས་དོན་བརྡ་དབང་བསྐུར། ། དེ་ནས་རིག་འཛིན་ཆེན་པོའི་ལུང་གིས་བསྐུལ། ། ལྷུན་འགྲུབ་དཀྱིལ་རྫོང་བསམ་གཏན་ཁང་བར་བཞུགས། ། ཚེས་བཅུའི་དུས་སུ་དཀྱིལ་འཁོར་རང་བྱོན་བབས། ། བླ་མ་བསྟེན་དགོས་ལུང་བསྟན་དག་སྣང་ཤར། ། ལྷ་དང་ཌཱ་ཀིའི་ལུང་བསྟན་བཞིན། ། ལྷ་ལྡན་ཆོས་ཀྱི་ཕོ་བྲང་ནས། ། ལྷ་ཆོས་ཕྱོགས་འདིར་སྤེལ་བའི་སླད། ། ལྷ་ལམ་འདབ་བཟང་བཞིན་དུ་གཤེགས། །

གངས་ཅན་ཡུལ་དབུས་ལྷ་ཡི་སྐྱེད་ཚལ་དུ། ། རིམ་བགྲོད་ཁམས་ཕྱོགས་པདྨ་བཀོད་གླིང་ནས། ། སྐྱེབས་རྗེ་ཀུན་བཟང་གཞན་ཕན་གསེར་ཞལ་མཇལ། ། ཨོ་རྒྱན་དངོས་གཟིགས་མཚན་གྱིས་དབང་བསྐུར་ཐོབ། ། རིམ་བཞིན་ཀཿཐོག་ཞེ་རྫོགས་དགོན་པོ་ཡི། ། བླ་མ་བཟང་དགུ་མཇལ་ཞིང་ལྷ་སར་ཐོན། ། མཚན་སྒྲོགས་མཁན་ཆེན18ཞལ་ནས་ལུང་བསྟན་ལྟར། ། རིག་འཛིན་ཆོས་རྡོ་རྗེ་ཡི་མཚན་སྙན་གསན། ། སྐྱབས་རྗེ་ཞབས་དྲུང་བསྙེགས་ཚེ་བསུ་མས་དབུགས་དབྱུང་ངག་ལྟར་རྡོ་ཏིང་བརྡུངས། ། བརྡུངས་ཚེ་ཕོ་ཉས་ལམ་དྲངས་གསེར་ཞལ་མཇལ་ཚེ་བཅོས་མིན་དད་པ་ཐོབ། ། ཐོབ་དཀའ་དག་སྣང་ཆོས་སྐོར་བདག་པོར་མཇལ་ཚེ་བཅོས་མིན་ནད་པ་ཐོབ། ། ཐོབ་དཀའ་དག་སྣང་ཆོས་སྐོར་བདག་པོར་མངའ་གསོལ་གདན་དྲངས་ལ་སོགས་དག་སྣང་ཤར། ། ལྷ་སའི་ཇོ་བོར་མཆོད་འབུལ་དང་། ། ལྷ་སའི་ཚོང་འདུས་རས་གུར་ནས། ། ལྷ་འདྲའི་མི་ཆེན་ཌཱ་ཀི་བཟུང་། ། ལྷ་ཡི་བདུད་རྩིའི་སུཙྪ19བསྟབས། ། རྒྱལ་བ་ཡབ་སྲས་གཙོ་བོར་མདའི། ། རྒྱལ་བའི་རྣམ་འཕྲུལ་བླ་མའི་དྲུང་། ། རྒྱལ་བའི་བཀའ་འགྱུར་ཐག་དྲངས་པའི། ། རྒྱལ་བསྟན་རིས་མེད་བཀའ་ཆོས་གསན། ། སླར་ཡང་འཁྲུངས་ཡུལ་གདུལ་བྱའི་འཛིན་མ་ལ། ། དམ་ཆོས་ཆར་བ་འབེབས་ཕྱིར་ཁམས་བརྒྱུད་ནས། ། འདབ་བཟང་དབང་པོ་ལྷ་ལམ་རྒྱུ་བ་ལྟར། ། རྫུ་འཕྲུལ་སྟོབས་ཀྱི(ཀྱིས)རང་ཡུལ་བདེ་བར་འབྱོར། ། ཡུལ་འདིའི་གྲགས་ཆེ་བླ་ཆེན་རྣམས་དང་སློབ་མ་ཡོན་བདག་རྣམས་ལ་བཀའ་ཆོས་གནང་། ། གནང་འཕྲོ་ལུང་བསྟན་གཟིགས་ནས་ཁྱུང་དགོན20རྨང་བཏང་ཤིང་བྱི་བའི་ལོ་དབུས་གཙང་དུ། ། དུ་མས་དབང་ཡོན་ཕུལ་ཚད་བསྣམས་ནས་བླ་མ་རྣམས་ལ་གཏང་རག་ཕུལ། ། ཕུལ་འཕྲོ་རིང་མིན་ལྷ་ཁ་བརྒྱུད་ནས་སྔ་འགྱུར21རྒྱུད་འབུམ་གདན་དྲངས་རང་ཡུལ་བྱོན། །

བསྟན་པའི་གཞི་མ་ཁྱུང་དགོན་རི་ཁྲོད་དུ། ། བསྟན་པ་འཛུགས་ཕྱིར་ཐོག་མར་ཆོས་འཁོར་བསྐོར། ། བསྟན་འགྲོའི་ཕན་བདེ་སྤེལ་སླད་ལྟོ་འགྲོའི་ལོ22། ། བསྟན་ལ་བྱ་བ་བྱས་ཤིང་སྒྲུབ་ཆེན་བཙུགས། ། རྡོ་རྗེ་བདུད་འཇོམས23སླར་ཡང་སྔགས་འཆང་ཚུལ་འཛིན་གང་དེས་འགྲོ་ལ་ཕན་བདེའི་ཕྱིར། ། རྡོ་རྗེ་ཐེག་པའི་ཡང་བཅུད་འཁོར་བ་དབྱིངས་སྒྲོལ་ཆོས་རྒྱུན་འཛིགས་པའི་རྟེན་འབྲེལ་འགྲིགས། ། རྡོ་རྗེ་ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་སྒྲུབ་ཅིང་འདུ་ཚོགས་གོང་འཕེལ་གྱུར། ། རྡོ་རྗེ་འཛིན་པ་གང་དེས་སྔ་འགྱུར་རྒྱུད་འབུམ་ལ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། ། ལྷ་དང་བླ་མའི་ལུང་བསྟན་བཞིན། ། ལྷ་ཁང་འགྲུབ་ཚེ་ནམ་མཁའ་ནས། ། ལྷ་དང་ལྷ་མོ་མང་པོ་རྣམས། ། ལྷ་ལམ་ཞུགས་ནས་མེ་ཏོག་འཐོར། ། ཆོས་ཀྱི་སྙིང་པོ་བཀའ་བརྒྱད24ལ་སོགས་གསང་ཆེན་སྔགས་ཀྱི་ཆོས་འཁོར་བསྐོར། ། ཆོས་ཐོག་དུས་བཟང་ཚེས་བཅུ་ལ་སོགས་འགྲིགས་ལམ་བཞག་ནས་ཚག་འཛིན་གནང་། ། ཆོས་ཀྱི་བར་ཆད་དུད་ཆང་ལ་སོགས་གཏན་ནས་བཀག་ཅིང་བསྲུང་སྡོམ་བྱས། ། ཆོས་སྤྱོད་ཁ་ཏོན་ཕྱག་སྐོར་ལ་སོགས་དགེ་རྒྱུན་བཟང་པོ་དེ་ནས་ཚུགས། ། རབ་མྱུར་དྲག་རྩལ་ལྡན་པའི་བྱེའུ་བྲག་ཀྱང་། ། རབ་ཏུ་བྱེད་ནས་སྲོག་གི་སྙིང་པོ་ཕུལ། ། རབ་གཏུམ་དུག་རླངས་ལྡན་པའི་གཟའ་རྒོད་ཀྱང་། ། རབ་ཏུ་གཟིར་ནས་ཆ་ལང་བཞིན་དུ་བརྡབས། ། དཀར་ཕྱོགས་སྐྱོང་བའི་ཀླུ་སྨན་གྱིས། ། དཀར་ཆོས་སྒྲུབ་པའི་ཚོགས་ཆུ་ཕུལ། ། དཀར་སྐྱོང་ལྷ་ཀླུ་གཞི་བདག་རྣམས། ། དཀར་པོ་དགེ་ཆེན་འཕྲིན་ལས་སྒྲུབ། ། མང་མང་ལྐོག་གྱུར་ཡང་ཡང་གསུང་བའི་ཚེ། ། ལ་ལ་ཙམ་མིན་བཟང་བཟང་སྐྱེ་དགུའི་ཚོགས། ། སྙན་སྙན་གསོལ་འདེབས་དུང་དུང་གུས་པ་ཡིས། ། རང་རང་ངོས་ནས་ཟབ་ཟབ་ཆོས་རྒྱུད་ཚུགས། །

རིག་འཛིན་གོང་མའི་ལུང་བཞིན་དགུ་རོང25དུ། ། ཕྱག་ཕེབས་ཨོ་རྒྱན་ཆེན་པོའི་ཞབས་རྗེས་དང་། ། ལྷ་སྐུ་ཡིག་འབྲུ་ལ་སོགས་གསལ་བར་བཏོན། ། མ་ཎི་ཐང་ནས་ལུང་བཞིན་དགོན་གཞི་བཟུང་། ། ཆོས་ཀྱི་སྙིང་པོ་འཁོར་བ་དབྱིངས་སྒྲོལ་གྱི། ། ཆོས་རྒྱུན་བཙུགས་ཤིང་ངོ་མཚར་རྫུ་འཕྲུལ་བསྟན། ། ཆོས་ཐོག་དུས་བཟང་ལ་སོགས་དགེ་རྒྱུན་བཙུགས། ། ཆོས་སྒྲུབ་སློབ་དཔོན་དུ་མས་གཙུག་ཏུ་བཀུར། ། དམ་པའི་ལུང་བཞིན་སྦས་ཡུལ་གནས་ཆེན་ནས། ། དམ་ལྡན་སློབ་མའི་བདོག་དགུའི་འབུལ་བ་དང་། ། དམ་ཚིག་ཕྱག་རྒྱའི་གྲོགས་ཀྱི་རྟེན་འབྲེལ་གྱིས། ། དམ་གཙང་འདུས་སྡེའི་བསྟན་པའི་རྒྱལ་མཚན་ཚུགས། ། གདན་ས་དེ་ལས་མ་མེ་གཅིག་ལས་གཉིས་མཆེད་བཞིན་དུ་ཨ་དར་ཆ་ག་དང་། ། གདན་ས་དུ་མར་སྒྲུབ་ཆེན་བཙུགས་ཤིང་དགེ་སྒྲུབ་སྡིག་སྤོང་རྣམ་དཀར་སྒྲུབ་ཕྱོགས་སུ། ། གདན་དྲངས་རིམ་པར་ཕེབས་ཤིང་དབང་ལུང་ཁྲིད་གསུམ་གནང་ཞིང་འགྲོ་བློ་ཆོས་སུ་བསྒྱུར། ། གདན་གསུམ་ལྷ་ཡི་དཀྱིལ་འཁོར་རྫོགས་པའི་གྲུབ་དབང་དེ་ལ་བསམ་བཞིན་དད་གུས་འཕེལ། ། ལོག་སྦྱོར་ཕྲ་མའི་རྐྱེན་དབང་གིས། ། ལོག་རྟོག་ཐེ་ཚོམ་སེལ་བའི་སླད། ། ལོག་གནོན་བརྟུལ་ཞུགས་གདོང་ལྔ་ཡིས། ། ལོག་སྨྲའི་ཝ་ཚོགས་ཟིན་གྱིས་མནན། ། ཁམས་ཕྱོགས་ཕེབས་རྒྱུའི་གྲ་བསྒྲིགས་གཉིས་སྐྱེས་ལོར26། ། ཁམས་ལ་ཕེབས་ཤིང་ལམ་སྐབས་རྫུ་འཕྲུལ་བསྟན། ། ཁམས་ཕྱོགས་ཟོ་དོར་གཉན་པོ་གཡུ་རྩེ་ཡིས། ། ཁམས་ཀྱི་མི་སྣའི་ཚུལ་བཟུང་གུས་པས་བརྒྱུད། ། ལམ་སྐབས་ཕྱིས་འབྱུང་ལུང་བསྟན་མང་གསུངས་དེ་ཐོག་ཁེལ་ཚེ་དད་པ་སྐྱེས། ། ལམ་ནས་ཆུ་ཆེན་བསྒྲལ་སོགས་ངོ་མཚར་རྫུ་འཕྲུལ་མང་པོ་བསྟན་ནས་ཀྱང་། ། ལམ་ལ་ཉེར་འཚེ་མེད་པར་བླ་མའི་དྲུང་དུ་ཕེབས་ཤིང་ཐེ་ཚོམ་བསལ། ། ལམ་སྟོན་བླ་མ་ཟུང་ལ་མཇལ་ཕྱིར་ཕེབས་ཤིང་ཆོས་ཞུས་སྐུ་དོན་འགྲུབ། ། རིང་མིན་མྱུར་དུ་གདན་སར་ཕེབས། ། སློབ་འཁོར་ཚོགས་དབུས་གསུང་གླེང་གིས། ། མ་དད་ལོག་ལྟའི་ཐེ་ཚོམ་བསལ། ། དེ་ནས་འགྲོ་དོན་ཕྱོགས་མེད་གནས། ། གདུལ་བྱ་བགྲང་ལས་འདས་པ་ཞིག ། མངོན་མཐོ་ངེས་ལེགས་གོ་འཕང་ལ། ། བཀོད་པའི་རྣམ་པར་ཐར་པ་བཞིན། ། རྗེས་འཇུག་རྣམས་ཀྱང་སྒྲུབ་པར་སྨོན། །

མ་ནོར་ལམ་སྟོན་བླ་མའི་གསུང་བཞིན་དུ། ། མ་གྱུར་འགྲོ་རྣམས་ཐེ་ཚོམ་སེལ་བའི་སྨད། ། མ་ལུས་སློབ་མར་ཐུགས་ཡིད་གཅིག་འདྲེས་གནས། ། མ་རིག་དབང་གྱུར་འགྲོ་ལ་ལྡེམ་དགོངས27ཀྱི། ། མ་ངེས་ཞལ་གསུང་མང་པོ་ཕེབས་ན་ཡང་། ། མ་ཤེས་ད་དུང་རྟག་འཛིན་བློ་ལ་བརྟུངས། ། མ་ལྟར་བརྩེ་བའི་ཡོངས་འཛིན་གང་དེ་ཡིས། ། མ་རྒན་འགྲོ་བ་སྒྲོལ་བའི་ཁུར་བསྣམས་ནས། ། མ་རྟོགས་ལོག་རྟོག་སྣང་བ་ཆོས་ལ་བསྒྱུར། ། མ་སྨད་གསང་ཆེན་བསྟན་ལ་བྱ་བ་བྱས། ། མ་རུངས་གདུག་པའི་བསམ་སྦྱོར་ཅན་རྣམས་ལ། ། མ་ཡིན་གསུངས་ཤིང་རྣམ་དཀར་དགེ་ལ་བསྒྱུར། ། མ་འོངས་ལྐོག་གྱུར་ལུང་གིས་དབུགས་དབྱུང་ནས། ། མ་བཅོས་ལྷུན་རྫོགས་གདོད་མའི་གཞི་དབྱིངས28སུ། ། མ་རྣམས་སྒྲོལ་ཕྱིར་རྣམ་དཀར་དགེ་རྒྱུན་ཚུགས། ། མ་ལུས་འགྲོ་དོན་མཐར་ཕྱིར་ཞི་བར་གཤེགས། ། ཀྱེ་ཧུད་མཇལ་དཀའི་བླ་མ་མཆོག་དེས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དུ། ། དུ་མའི་སློབ་ཚོགས་རྣམས་ལ་ཕྱིས་འབྱུང་ལུང་བསྟན་ཞིང་ཁམས་གཞན་དུ་དགོངས་པ་གཏད། ། གཏད་ཚེ་མེ་ཏོག་ཆར་དང་དབྱར་རྔ་དབང་གཞུ་ལ་སོགས་ངོ་མཚར་རྫུ་འཕྲུལ་བསྟན། ། བསྟན་དུས་འགྲོ་རྣམས་མི་ཕྱེད་དད་དང་སྐྱོ་ཤས་ཀྱིས་བསྐུལ་དམ་ཆོས་སྒྲུབ་ལ་གཞོལ། ། འགྲོ་མགོན་ཞལ་དཀྱིལ་བཀོད་པ་དབྱིངས་སུ་བསྡུས། ། འགྲོ་ཀུན་མ་རིག་ཐུན་གསུམ་རུམ་གནས་ནུས། ། འགྲོ་རྣམས་སྒྲོལ་ཕྱིར་ཡང་སྤྲུལ་ཉི་གཞོན་གྱིས། ། འགྲོ་བའི་མུན་བློ་བསལ་ནས་ངལ་བསོས་སོ། ། 

དེ་ལྟར་ཡོངས་འཛིན་དམ་པའི་རྣམ་པར་ཐར། ། ཐར་པར་འཁྲིད་པའི་དེད་དཔོན་ཞེས་བྱ་སྦྱར། ། སྦྱར་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་ཀུན། ། ཀུན་མཁྱེན་བླ་མ་གང་དེའི་སྤྱན་སྔར་བཤགས། ། ལེགས་པའི་ཆ་ཡི་དགེ་བ་ཅི་མཆིས་ཀུན། ། ལེགས་ལམ་སྟོན་པའི་དཔལ་ལྡན་བླ་མ་དེས། ། ལེགས་པར་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། ། རྒྱལ་བ་གོང་མའི་ཐུགས་དགོངས་ཡོངས་རྫོགས་ཤིང་། ། རྒྱལ་བའི་རྣམ་འཕྲུལ་བླ་མའི་ཞབས་པད་བརྟན། ། རྒྱལ་བསྟན་སྙིང་པོ་ཡུན་རིང་གནས་པ་དང་། ། རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག ། བཀྲ་ཤིས་ཕུན་ཚོགས་དགེ་མཚན་རྨད་བྱུང་བས། ། བཀྲ་ཤིས་ཆོས་མཐུན་བསྟན་འཛིན་བུ་སློབ་རྣམས། ། བཀྲ་ཤིས་ཚེ་རིང་ནད་མེད་བདེ་ཞིང་སྐྱིད། ། བཀྲ་ཤིས་ཆེན་པོས་ཕྱོགས་འདིར་ཁྱབ་གྱུར་ཅིག །

ཅེས་གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་པ་སྙིང་པོར་དྲིལ་བ་བསྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན་ཞེས་བྱ་བ་འདི་ནི། དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་ཉང་མཚམས་པ་དང་། དགེ་རྒན་བདེ་ལེགས་སོགས་ཀྱིས་བསྐུལ་ངོར། ཕྱོགས་མེད་ཀྱི་རྒྱལ་ཁམས་དང་། ངེས་མེད་ཀྱི་རི་ཁྲོད་འགྲིམ་པའི་རྣལ་འབྱོར་ཞབས་དཀར་པས་རྗེས་འཇུག་རྣམས་ལ་ཕན་པའི་ལྷག་བསམ་གྱིས་དབེན་གནས་ཉམས་དགའ་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། ། ། །

2 མཆན་འགྲེལ།

1.ངོ་བོ་གདོད་ནས་སྤྲོས་བྲལ། ངོ་བོ་ཀ་དག་སྟེ། ཐོག་མའི་གནས་ལུགས་གཞི་སྐྱེ་བ་མེད་པའི་སྟོང་བའམ། རིག་པའི་ངོ་བོ་ཆོས་ཉིད་སྟོང་བའི་ཆ་སྟེ་རིག་སྟོང་དབྱེར་མེད།

2.རང་བཞིན་ལྷུན་གྲུབ། སྟོང་བ་ཉིད་དེའི་མདངས་འགག་པ་མེད་པའམ། སེམས་ཀྱི་རང་བཞིན་ལ་སྐུ་གསུམ་གྱི་ཡོན་ཏན་ཡེ་ནས་ལྷན་གྱིས་གྲུབ་པར་རྫོགས་པ་སྟེ་གསལ་སྟོང་དབྱེར་མེད།

3.ཐུགས་རྗེ་ཀུན་ཁྱབ། སྟོང་པ་ཉིད་དེའི་རྩལ་དག་མ་དག་ཅི་ཡང་འཆར་བ་སྟེ་སྣང་སྟོང་དབྱེར་མེད།

4.བརྒྱུད་པ་དགུ་ལྡན། རྙིང་མའི་བཀའ་གཏེར་གྱི་བརྒྱུད་པ་དགུ་སྟེ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་བཅས་བཀའ་གཏེར་ཐུན་མོང་གི་བརྒྱུད་གསུམ་དང་། བཀའ་བབ་ལུང་བསྟན་གྱི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། སྨོན་ལམ་གཏད་རྒྱའི་བརྒྱུད་པ་བཅས་ལས་འཕྲོ་གཏེར་གྱི་སྒོ་ནས་བརྒྱུད་པ་གསུམ་དང་། ཡང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་གསུམ་དུ་དབྱེ་བ་བསྡོམས་པས་བརྒྱུད་པ་དགུ་ལྡན་པའོ། །

5.ཨ་དརྴ། མེ་ལོང་།

6.ཐེག་དགུ། རྙིང་མའི་ལུགས་ཀྱི་ཐེག་པ་རིམ་དགུ་སྟེ། སྡེ་པ་རིན་སྤུངས་པས་མཛད་པའི《ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ》ཞེས་པའི་མཆན་རྟགས་ཨང47པར་གཟིགས།

7.རྫོགས་ཆེན། སྔགས་རྙིང་མའི་རྫོགས་པ་ཆེན་པོ་སྟེ། དེའི་སྒྲ་བཤད《ཐུའུ་བཀྭན་གྲུབ་མཐའ》ནས། སྣང་སྲིད་འཁོར་ལོ་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་པ་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་དང་། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་པ་མེད་པས་ན་ཆེན་པོ་ཟེར་བ་ཡིན་སྐད་ཅེས་གསུངས་སོ། །

8.ཨ་ཏིའི་རྣལ་འབྱོར། རྫོགས་ཆེན་ཨ་ཏི་ཡོ་ག་སྟེ། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བས་ཐེག་པ་མཐའ་དག་ནི་དོན་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་ཡིན་ལ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པར་ཤར་བ་ལས་གཞན་དུ་མེད་ཅིང་། གཞི་གནས་རང་བྱུང་གི་ཡེ་ཤེས་དེ་ལམ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གྱིས་སྣང་བཞི་མཐར་ཕྱིན་ནས་འབྲས་བུ་གཞི་ཐོག་ཏུ་གྲོལ་བ་སྟེ་གཞོན་ནུ་བུམ་སྐུའི་གཏད་སྲིད་ཟིན་པའོ། །

9.ཧེ་རུ་ཀ ཁྲོ་བོ་སྤྱིའི་མིང་།

10.རྡོ་རྗེ་ལུང་། བདེན་པ་མི་འགྱུར་བའི་བཀའ་ལུང་།

11.རུས་འབྲི་ཤང་ལྕགས་ཁམས་པ། རུས་ནི་བོད་ཀྱི་མིའུ་གདུང་དྲུག་ལས་འབྲི་ཞེས་པའི་རིགས། ཤང་ལྕགས་ཁམས་པར་གཏོགས། དང་པོ་དབུས་ཀྱི་འབྲུག་པ་ལས་ཆད་པ་ཡིན་ཞེས་གྲགས།

12.བུན་ལོང་། ཟིང་ཟིང་བུན་བུན།

13.ཕོ་རྩལ་སྣ་དགུ། གཏམ་ཡིག་རྩིས་གསུམ་དང་། མདའ་རྡོ་མཆོད་གསུམ། བང་རྐྱལ་སྦེ་གསུམ་སྟེ་དགུའོ། ། བཤད་སྲོལ་གཞན་ཞིག་ལ་ལུས་ཀྱི་རྩལ་གསུམ་དང་། ངག་གི་རྩལ་གསུམ། ཡིད་ཀྱི་རྩལ་གསུམ་བཅས་དགུ།

14.བློ་ངན་ལིང་བསྐྱུར། མ་རྟོགས་ལོག་རྟོག་ཐེ་ཚོམ་བཅས་པའི་བློ་ངན་ལིང་ངེར་གློད་པ།

15.བླ་མའི་རྣལ་འབྱོར། རང་གི་སེམས་རྒྱུད་བླ་མའི་རྟོགས་པ་རྣལ་མའི་ཐོག་ཏུ་འབྱོར་བའི་ཐབས་ལ་ཟེར་ཞིང་། སྒོམ་ཚུལ་ནི་རིང་གི་བསྒོམ་རྒྱུའི་ལྷ་གང་ཡིན་པ་དང་རང་གི་རྩ་བའི་བླ་མ་གཉིས་ངོ་བོ་དབྱེར་མེད་དུ་བསྒོམ་པའི་ཆོ་ག་ཞིག

16.གྲུབ་གནས་བརྒྱད། མདོ་སྨད་རེབ་གོང་སའི་གྲུབ་གནས་བརྒྱད་དེ། བིས་པ་ངག་དབང་མི་ཕམ་ཟླ་བས་མཛད་པའི《བཀྲ་ཤིས་དར་རྒྱས་གླིང་གི་གནས་བསྟོད》ཀྱི་མཆན་རྟགས་ཨང9ལ་གཟིགས།

17.སྤྲེའུ་རྫོང་སྒམ་གྲགས། གྲུབ་གནས་བྲག་དཀར་སྤྲེལ་རྫོང་དང་ཅུ་གང་སྒམ་བྲག་གཉིས།

18.མཚན་སྒྲོགས་མཁན་ཆེན། རོང་བོ་དགོན་ཆེན་གྱི་བླ་མ་མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་ཏེ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི(སྤྱི་ལོ1720)ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི(སྤྱི་ལོ1780)ལོར་འདས་པ་ཡིན་ནམ་དཔྱད།

19.སུ་ཙྪ། ཚ་ཚ་སྟེ་དམ་པའི་སྐུ་དང་མཆོད་རྟེན་གྱི་གཟུགས་བརྙན།

20.ཁྱུང་དགོན། རྗེ་ལྕང་ལུང་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་བཏབ་པའི་རེབ་གོང་ཕྱོགས་ཀྱི་དགོན་སྡེ་ཞིག

21.སྔ་འགྱུར། གསང་སྔགས་སྔ་འགྱུར་གྱི་ཆོས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་རྒྱ་གར་གྱི་སློབ་དཔོན་ཀུ་སཱ་ར་སོགས་གདན་དྲངས་ནས་བསྒྱུར་པའི་གསང་སྔགས་གྱི་ཆོས་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སློབ་དཔོན་པདྨ་སམ་བྷ་ཝ་དང་པཎ་ཆེན་བི་མ་ལ་མི་ཏྲ་སོགས་བོད་དུ་གདན་དྲངས་ནས་བསྒྱུར་པའི་ཆོས་དང་། དུས་རབས་བཅུ་བའི་མཇུག་པཎྜི་ཏ་སྨྲི་ཏི་བོད་དུ་སླེབས་པའི་བར་བསྒྱུར་པའི་ཆོས་ལ་སྔ་འགྱུར་ཟེར།

22.ལྟོ་འགྲོའི་ལོ། སྦྲུལ་གྱི་ལོ་སྟེ་རབ་བྱུང་བཅུ་བཞི་བའི་ས་སྦྲུལ(སྤྱི་ལོ1890)ལོ་ཡིན།

23.རྡོ་རྗེ་བདུད་འཇོམས། རྗེ་འབངས་ཉེར་ལྔའི་ཡ་གྱལ། སྔོན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་གསང་སྔགས་རྡོ་རྗེ་ཐེག་པ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཞིག་སྟེ། 《ཐུའུ་བཀྭན་གྲུབ་མཐའ》ལས། རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད་ཅེས་གསུངས།

24.བཀའ་བརྒྱད། རྙིང་མ་ཉམས་སུ་སྤྱོད་པའི་སྒྲུབ་པ་བཀའ་བརྒྱད་དེ། འཇམ་དཔལ་སྐུ། པདྨ་གསུངས། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་བུ་ཕྲིན་ལས་ཞེས་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང་། མ་མོ་རྦོད་གཏོང་དང་། དམོད་པ་དང་དྲག་སྔགས་དང་། འཇིག་རྟེན་མཆོད་བསྟོད་དེ་འཇིག་རྟེན་པའི་རིགས་ཀྱི་སྡེ་གསུམ་སྟེ་བརྒྱད་དོ། །

25.དགུ་རོང་། གཅན་ཚ་དང་རེབ་གོང་གི་མཚམས་སུ་ཡོད་པའི་རོང་དགུའི་མདོ་ལ་དགུ་རོང་ཞེས་བྱ་སྟེ། གཙན་ཚ་གྲོང་བརྒྱད་ཀྱི་ཡ་གྱལ།

26.གཉིས་སྐྱེས་ལོ། བྱའི་ལོ་སྟེ་རབ་བྱུང་བཅུ་བཞི་བའི་ཆུ་བྱ(སྤྱི་ལོ1813)ལོ་ཡིན།

27.ལྡེམ་དགོངས། རྗོད་བྱེད་ཀྱི་ཚིག་དེ་ངེས་པ་མེད་པ་མ་ཡིན་ཀྱང་དྲང་དུ་རུང་བ་ཙམ་ལ་དགོངས་ནས་གདུལ་བྱ་བཀྲི་བའི་ཐབས་སུ་མིང་ངམ་ཆ་ཅུང་ཟད་ཡོད་པ་ལ་བརྟེན་ནས་གསུངས་པ་ནི་ལྡེམ་པོར་དགོངས་ཞེས་བྱའོ། །

28.གདོད་མའི་གཞི་དབྱིངས། སེམས་ཅན་ཀུན་གྱི་སེམས་དང་པོ་ཉིད་ནས་སངས་རྒྱས་དང་ཆོས་སྐུའི་ངོ་བོར་ཡོད་ལ། བར་དུ་ཉོན་མོངས་དུག་གསུམ་གྱི་དྲི་མས་གོས་པ་དེ་དག་ན། སེམས་དེ་དང་པོའི་ངོ་བོ་མངོན་དུ་འགྱུར་བ་དེ་ལ་གདོད་མའི་གཞི་དབྱིངས་ཞེས་རྙིང་མའི་བཞེད་པའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།