ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》འདི2016ལོའི་ཟླ11པའི་ཚེས7ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱས་པ་དང2017ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས།
རྒྱ་ཡིག་གི་མིང་།
中华人民共和国网络安全法
ཁྱབ་བསྒྲགས་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
ལག་བསྟར་དུས་ཚོད།
2016ལོའི་ཟླ11པའི་ཚེས7ཉིན།
1 དཀར་ཆག
1_1 ལེའུ་དང་པོ། སྤྱིའི་རྩ་དོན།  

དོན་ཚན་དང་པོ།  དྲ་རྒྱའི་བདེ་འཇགས་འགན་ལེན་བྱས་ཏེ། དྲ་རྒྱའི་བར་མཐོངས་ཀྱི་བདག་དབང་དང་།   རྒྱལ་ཁབ་ཀྱི་བདེ་འཇགས།  སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་རྒྱུ་དང་། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་དུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དྲ་རྒྱ་འཛུགས་སྐྱོང་དང་། ལས་གཉེར། སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་པ་དང་། དེ་བཞིན་དྲ་རྒྱའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་བཅའ་ཁྲིམས་འདི་སྤྱོད་རྒྱུ།

དོན་ཚན་གསུམ་པ།  རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་ཆ་འཕྲིན་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་དང་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ།  བེད་སྤྱོད་ཧུར་ཐག་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས། ཁྲིམས་ལྟར་དོ་དམ། བདེ་འཇགས་འགན་ལེན་བཅས་བྱེད་པའི་མཛད་ཕྱོགས་ལ་བརྩི་སྲུང་ཞུས་ནས་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཉམ་འབྲེལ་མཉམ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་བྱེད་རྒྱུར་སྐུལ་མ་གཏོང་བ། དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ། དྲ་རྒྱའི་བདེ་འཇགས་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ།

དོན་ཚན་བཞི་པ། རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་འཐབ་ཇུས་བཟོ་བ་དང་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་པའི་གཞི་རྩའི་བླང་བྱ་དང་གཙོ་བོའི་དམིགས་ཚད་ཁ་གསལ་བཟོ་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་ཐད་ཀྱི་སྲིད་ཇུས་དང་། ལས་འགན། བྱ་ཐབས་བཅས་འདོན་རྒྱུ།

དོན་ཚན་ལྔ་པ།  རྒྱལ་ཁབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་ནང་གི་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་དང་འཇིགས་སྐུལ་ལ་ལྟ་ཞིབ་ཚད་ལེན་དང་། འགོག་ཟོན།   ཐག་གཅོད་བཅས་བྱེད་རྒྱུའི་བྱ་ཐབས་སྤྱད་དེ་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་བྱས་ནས་ཚུར་རྒོལ་དང་། བཙན་འཛུལ། འགོག་རྐྱེན། གཏོར་བཤིག་བཅས་མི་ཐེབས་པ་བྱས་ཐོག  དྲ་རྒྱའི་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་བཅད་ནས་དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་དང་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ།

དོན་ཚན་དྲུག་པ།   རྒྱལ་ཁབ་ནས་གཞུང་དྲང་ཡིད་རྟོན་དང་སྐྱོན་བྲལ་ཡ་རབས་ཀྱིས་དྲ་རྒྱ་སྤྱོད་རྒྱུ་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྒྱུད་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་བ། བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དྲ་རྒྱའི་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ནང་སྤྱི་ཚོགས་ཡོངས་ཞུགས་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ།

དོན་ཚན་བདུན་པ།   རྒྱལ་ཁབ་ནས་དྲ་རྒྱའི་བར་མཐོངས་བཅོས་སྐྱོང་བྱེད་རྒྱུ་དང་། དྲ་རྒྱའི་ལག་རྩལ་ཞིབ་སྤེལ་དང་ཚད་གཞི་བཟོ་རྒྱུ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་སོགས་ཀྱི་ཐད་རྒྱལ་སྤྱི་དང་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་ནས་ཞི་བདེ་དང་། བདེ་འཇགས། སྒོ་དབྱེ། མཉམ་ལས་བཅས་ཀྱི་དྲ་རྒྱའི་བར་མཐོངས་གཏོད་རྒྱུ་དང་། ཕྱོགས་མང་དང་། དམངས་གཙོ། ཀུན་གསལ་བཅས་ཀྱི་དྲ་རྒྱའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ།

དོན་ཚན་བརྒྱད་པ།   རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་ལས་དོན་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་འཕྲིན་གཙོ་འགན་སྡེ་ཚན་དང་། སྤྱི་བདེ་སྡེ་ཚན། འབྲེལ་ཡོད་ལས་ཁུངས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་འདི་དང་།   དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་རྒྱུའི་འགན་འཁྲི་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཏན་འཁེལ་བྱེད་རྒྱུ།

དོན་ཚན་དགུ་པ།  དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་གཉེར་སྐྱོང་དང་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་འཇོག་བྱེད་པ། ཚོང་ལས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་ཞུ་བ། གཞུང་དྲང་ཡིད་རྟོན་རུང་བ་བཅས་ཀྱི་ཐོག་ནས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འོས་འགན་སྒྲུབ་དགོས་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས།

དོན་ཚན་བཅུ་པ།   དྲ་རྒྱ་འཛུགས་པ་དང་ལས་གཉེར་བྱེད་པའམ་ཡང་ན་དྲ་རྒྱ་བརྒྱུད་དེ་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་རྒྱལ་ཁབ་ཀྱི་ཚད་གཞིའི་བཙན་ཐབས་རང་བཞིན་གྱི་བླང་བྱ་གཞིར་བཟུང་། ལག་རྩལ་གྱི་བྱ་ཐབས་དང་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱད་དེ་དྲ་རྒྱའི་བདེ་འཇགས་དང་འཁོར་རྒྱུག་བརྟན་པོ་ཡོང་བར་འགན་ལེན་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་པ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་དོགས་ཟོན་བྱེད་པ་བཅས་བྱས་ནས་དྲ་རྒྱའི་གཞི་གྲངས་ཀྱི་ཆ་ཚང་རང་བཞིན་དང་། གསང་སྲུང་རང་བཞིན། སྤྱོད་འཐུས་རང་བཞིན་བཅས་སྲུང་སྐྱོང་བྱེད་དགོས།

དོན་ཚན་བཅུ་གཅིག་པ།   དྲ་རྒྱའི་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་སྒྲིག་ཡིག་གཞིར་བཟུང་ལས་རིགས་རང་གཅུན་རང་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་བདེ་འཇགས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་བ་དང་ཚོགས་མིས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་མཛུབ་ཁྲིད་བྱས་ཏེ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་ཚད་མཐོ་རུ་གཏོང་དགོས་པ་དང་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་ནས་སྤྱི་དམངས་དང་། ཁྲིམས་ཚན།  དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་ཁྲིམས་ལྟར་དྲ་རྒྱ་བེད་སྤྱོད་བྱེད་པའི་ཁེ་དབང་སྲུང་སྐྱོབ་བྱས་ཏེ་དྲ་རྒྱ་སྦྲེལ་མཐུད་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་དྲ་རྒྱའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་ལ་བདེ་འཇགས་དང་སྟབས་བདེའི་དྲ་རྒྱའི་ཞབས་ཞུ་བསྒྲུབས་ཐོག  དྲ་རྒྱའི་ཆ་འཕྲིན་ཁྲིམས་བཞིན་གོ་རིམ་ལྡན་ལ་རང་མོས་ཐོག་འཁོར་རྒྱུག་ཐུབ་པ་བྱེད་རྒྱུ།

མི་སྒེར་དང་རྩ་འཛུགས་གང་ཞིག་གིས་དྲ་རྒྱ་སྤྱོད་སྐབས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་འཇོག་བྱེད་པ་བཅས་བྱེད་དགོས་པ་ལས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་གཏོང་མི་ཆོག དྲ་རྒྱ་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་པའི་བྱེད་སྤྱོད་རིགས་སྤེལ་བ་དང་།    རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱེད་པ། རྒྱལ་ཁབ་ཁ་ཕྲལ་གཏོང་རྒྱུ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་གཏོར་བཤིག་གཏོང་རྒྱུའི་ངན་སྐུལ་བྱེད་པ།  འཇིགས་སྐུལ་རིང་ལུགས་དང་མཐར་འཛིན་རིང་ལུགས་འུད་སྒྲོག་བྱེད་པ།  མི་རིགས་དབར་འཁོན་འཛིན་དང་མི་རིགས་ལ་མཐོང་ཆུང་བྱེད་རྒྱུ་འུད་སྒྲོག་བྱེད་པ། གཏུམ་སྤྱོད་དང་འཆལ་གཡེམ་གྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ། ཆ་འཕྲིན་རྫུན་མ་བཟོ་བ་དང་བརྒྱུད་གཏོང་བྱས་ཏེ་དཔལ་འབྱོར་གྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ། ད་དུང་མི་གཞན་གྱི་མིང་གྲགས་དང་། གསང་བ། ཤེས་བྱའི་བདག་དབང་།  དེ་བཞིན་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་བྱེད་སྤྱོད་རིགས་སྤེལ་མི་ཆོག  

དོན་ཚན་བཅུ་གསུམ་པ།  རྒྱལ་ཁབ་ནས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་པའི་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་ཞིབ་འཇུག་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། དྲ་རྒྱའི་ཐོག་ནས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་བྱེད་སྤྱོད་སྤེལ་བར་ཁྲིམས་ལྟར་ཆད་པ་བཅད་དེ་ནར་མ་སོན་པའི་མིར་བདེ་འཇགས་དང་སྐྱོན་བྲལ་གྱི་དྲ་རྒྱའི་ཁོར་ཡུག་ཅིག་མཁོ་འདོན་བྱེད་རྒྱུ།  

དོན་ཚན་བཅུ་བཞི་པ།  དྲ་རྒྱའི་བདེ་འཇགས་ལ་གནོད་པའི་བྱེད་སྤྱོད་རིགས་ཡོད་ཚེ་མི་སྒེར་དང་རྩ་འཛུགས་གང་རུང་གིས་དྲ་འཕྲིན་དང་། གློག་འཕྲིན། སྤྱི་བདེ་སོགས་སྡེ་ཚན་ལ་ཐེར་འདོན་བྱེད་དབང་ཡོད།  ཐེར་འདོན་འབྱོར་བའི་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། གལ་སྲིད་སྡེ་ཚན་དེའི་འགན་འཁྲིའི་ཁོངས་སུ་མ་གཏོགས་ཚེ་ངེས་པར་དུ་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཚན་ལ་དུས་ཐོག་ཏུ་སྐྱེལ་དགོས།

འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་བྱེད་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་གསང་བ་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཐུབ་པ་བྱེད་དགོས།

1_2 ལེའུ་གཉིས་པ། དྲ་རྒྱའི་བདེ་འཇགས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་ཕྱོགས།  

དོན་ཚན་བཅོ་ལྔ་པ།  རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་གྱི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་ངོས་ཀྱི་འགན་འཁྲིར་གཞིགས་ནས་འབྲེལ་ཡོད་དྲ་རྒྱའི་བདེ་འཇགས་དོ་དམ་དང་། དེ་བཞིན་དྲ་རྒྱའི་ཐོན་རྫས་དང་། ཞབས་ཞུ། འཁོར་རྒྱུག་བདེ་འཇགས་བཅས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་བཟོ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། དུས་འཚམ་ངེས་སྐབས་བཟོ་བཅོས་རྒྱག་དགོས།

ཁེ་ལས་དང་། ཞིབ་འཇུག་ཚན་པ། མཐོ་རིམ་སློབ་གྲྭ།  དྲ་རྒྱའི་འབྲེལ་ཡོད་ལས་རིགས་རྩ་འཛུགས་སོགས་དྲ་རྒྱའི་བདེ་འཇགས་ཐད་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་བཟོ་འབེབས་བྱེད་པའི་ནང་ཞུགས་རྒྱུར་རྒྱལ་ཁབ་ནས་རྒྱབ་སྐྱོར་བྱེད་རྒྱུ།  

དོན་ཚན་བཅུ་དྲུག་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། དེ་བཞིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་དྲ་རྒྱའི་བདེ་འཇགས་ཐད་ཀྱི་ལག་རྩལ་ཐོན་ལས་དང་རྣམ་གྲངས་ལ་རོགས་སྐྱོར་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ་ཐད་ཀྱི་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ། བདེ་འཇགས་དང་ཡིད་རྟོན་རུང་བའི་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་ཁྱབ་གདལ་གཏོང་བ། དྲ་རྒྱའི་ལག་རྩལ་ཐད་ཀྱི་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བཅས་བྱས་ཏེ་ཁེ་ལས་དང་། ཞིབ་འཇུག་ཚན་པ། མཐོ་རིམ་སློབ་གྲྭ་སོགས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ལག་རྩལ་གསར་གཏོད་རྣམ་གྲངས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ།   

དོན་ཚན་བཅུ་བདུན་པ།  རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་ཐད་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།  འབྲེལ་ཡོད་ཁེ་ལས་དང་ཚན་པས་དྲ་རྒྱའི་བདེ་འཇགས་ཀྱི་ཁས་ལེན་དཔང་འདོན་དང་། ལྟ་ཞིབ་ཚད་ལེན། ཉེན་ཁར་ཚོད་སྐོར་སོགས་བྱེད་པའི་བདེ་འཇགས་ཀྱི་ཞབས་ཞུ་སྒྲུབ་རྒྱུར་སྐུལ་ལྕག་གཏོང་རྒྱུ།  

དོན་ཚན་བཅོ་བརྒྱད་པ།  རྒྱལ་ཁབ་ནས་དྲ་རྒྱའི་གཞི་གྲངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལག་རྩལ་གསར་སྤེལ་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་།  སྤྱི་པའི་གཞི་གྲངས་ཀྱི་ཐོན་ཁུངས་མཉམ་སྤྱོད་ཡོང་བར་སྐུལ་འདེད་བཏང་སྟེ་ལག་རྩལ་གསར་གཏོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

དྲ་རྒྱའི་བདེ་འཇགས་དོ་དམ་བྱེད་ཐབས་གསར་གཏོད་བྱེད་རྒྱུ་དང་།  དྲ་རྒྱའི་ལག་རྩལ་གསར་པ་སྤྱོད་རྒྱུར་རྒྱལ་ཁབ་ནས་རྒྱབ་སྐྱོར་བྱས་ཏེ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

དོན་ཚན་བཅུ་དགུ་པ།  རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱུན་གཏན་རང་བཞིན་གྱི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་ཆབས་ཅིག་འབྲེལ་ཡོད་ཚན་པས་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས།

སྤྱི་བྱིངས་བརྒྱུད་གཏོང་སྨྱན་སྦྱོར་ཚན་པས་ངེས་པར་དུ་དམིགས་ས་ཡོད་པའི་སྒོ་ནས་སྤྱི་ཚོགས་ཐོག་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།

དོན་ཚན་ཉི་ཤུ་པ།  ཁེ་ལས་དང་།  དེ་བཞིན་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ་སོགས་ཀྱི་སློབ་གསོ་སྦྱོང་བརྡར་སྤྲོས་མཁན་ཚན་པས་དྲ་རྒྱའི་བདེ་འཇགས་ཀྱི་འབྲེལ་ཡོད་སློབ་གསོ་སྤེལ་བ་དང་སྦྱོང་བརྡར་སྤྲོས་པར་རྒྱལ་ཁབ་ནས་རྒྱབ་སྐྱོར་བྱས་ཁར།  བྱེད་ཐབས་སྣ་མང་སྤྱད་དེ་དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་།  དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཤེས་ལྡན་མི་སྣ་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་རྒྱུ།

1_3 ལེའུ་གསུམ་པ། དྲ་རྒྱའི་འཁོར་རྒྱུག་བདེ་འཇགས།

ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།

དོན་ཚན་ཉེར་གཅིག་པ།   རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་ཀྱི་རིམ་པར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ཀྱི་རིམ་པར་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་། གཤམ་གསལ་བདེ་འཇགས་སྲུང་སྐྱོབ་ཀྱི་འོས་འགན་བསྒྲུབས་ནས་དྲ་རྒྱར་འགོག་རྐྱེན་དང་གཏོར་བཤིག་མི་ཕོག་པ་བྱེད་པའམ་ཡང་ན་དབང་མ་སྐུར་བའི་ལྟ་སྤྱོད་བྱེད་རིགས་མི་ཡོང་བའི་ཐོག་དྲ་རྒྱའི་གཞི་གྲངས་གྱར་མི་འགྲོ་བའམ་ཡང་ན་རྐུ་འཁྱེར་དང་གཡོ་བཅོས་བྱེད་མི་ཐུབ་པ་བཟོ་དགོས།

(གཅིག)ནང་ཁུལ་གྱི་བདེ་འཇགས་དོ་དམ་ལམ་ལུགས་དང་བཀོལ་སྤྱོད་སྒྲིག་སྲོལ་བཟོ་བ་དང་།  དྲ་རྒྱའི་བདེ་འཇགས་ཀྱི་འགན་འཁུར་མཁན་གཏན་འཁེལ་བཟོས་ཏེ་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་།

(གཉིས)རྩིས་འཁོར་གྱི་ནད་དུག་དང་།  དྲ་རྒྱའི་ཚུར་རྒོལ་དང་དྲ་རྒྱར་བཙན་འཛུལ་བྱེད་པ་སོགས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་བྱེད་སྤྱོད་རིགས་ལ་འགོག་ཟོན་བྱེད་པའི་ལག་རྩལ་བྱ་ཐབས་སྤྱོད་དགོས་པ།

(གསུམ)ལྟ་ཞིབ་ཚད་ལེན་དང་། དྲ་རྒྱ་འཁོར་རྒྱུག་བྱས་ཚུལ་གྱི་ཟིན་ཐོ། དྲ་རྒྱའི་བདེ་འཇགས་དོན་རྐྱེན་བཅས་ཀྱི་ཐད་ལག་རྩལ་བྱ་ཐབས་སྤྱོད་པ་དང་སྦྲགས། གཏན་འབེབས་ལྟར་འབྲེལ་ཡོད་ཀྱི་དྲ་རྒྱའི་ཉིན་ཐོ་ཟླ་བ་དྲུག་ལས་མི་ཉུང་བ་ཉར་འཇོག་བྱེད་དགོས་པ།

(བཞི)གཞི་གྲངས་རིགས་དབྱེ་དང་། གལ་ཆེའི་གཞི་གྲངས་གྲབས་ཉར། གསང་སྡོམ་སོགས་ཀྱི་བྱ་ཐབས་སྤྱོད་དགོས་པ།

(ལྔ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་སོ།

དོན་ཚན་ཉེར་གཉིས་པ།  དྲ་རྒྱའི་ཐོན་རྫས་དང་ཞབས་ཞུའི་རིགས་ངེས་པར་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞིའི་བཙན་ཐབས་རང་བཞིན་གྱི་བླང་བྱ་དང་མཐུན་དགོས། དྲ་རྒྱའི་ཐོན་རྫས་མཁོ་འདོན་དང་ཞབས་ཞུ་སྒྲུབ་མཁན་གྱིས་བྱ་རིམ་ངན་པ་བཟོ་སྒྲིག་བྱེད་མི་ཆོག་པ་དང་། དེ་གའི་དྲ་རྒྱའི་ཐོན་རྫས་དང་ཞབས་ཞུར་བདེ་འཇགས་ཀྱི་སྐྱོན་ཆ་དང་ཞན་ཆ་སོགས་ཡོད་པ་ཤེས་ཚེ་ངེས་པར་དུ་འཕྲལ་མར་ཞན་སྐྱོན་གསབ་ཐབས་བྱས་ནས། གཏན་འབེབས་ལྟར་དུས་ཐོག་ཏུ་སྤྱོད་མཁན་ལ་བརྡ་གཏོང་བ་དང་སྦྲགས། འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

དྲ་རྒྱའི་ཐོན་རྫས་མཁོ་འདོན་དང་ཞབས་ཞུ་སྒྲུབ་མཁན་གྱིས་ངེས་པར་དུ་རང་ཉིད་ཀྱི་ཐོན་རྫས་དང་ཞབས་ཞུའི་བདེ་འཇགས་ལ་རྒྱུན་མཐུད་ནས་སྲུང་སྐྱོབ་བྱེད་དགོས། གཏན་འབེབས་སམ་ཡང་ན་དོ་བདག་དང་ཁ་ཆད་བྱས་པའི་དུས་བཀག་ནང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མཚམས་འཇོག་མི་ཆོག

དྲ་རྒྱའི་ཐོན་རྫས་དང་ཞབས་ཞུའི་ཐད་སྤྱོད་མཁན་གྱི་ཆ་འཕྲིན་བསྡུ་རུབ་བྱེད་ནུས་ལྡན་ཚེ་དེ་མཁོ་འདོན་བྱེད་མཁན་གྱིས་ངེས་པར་དུ་སྤྱོད་མཁན་ལ་དེའི་སྐོར་གསལ་བཤད་བྱས་ནས་མོས་མཐུན་ཐོབ་པ་བྱེད་དགོས། སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་དང་འབྲེལ་བ་ཡོད་ཚེ་ད་དུང་ངེས་པར་དུ་བཅའ་ཁྲིམས་འདི་དང་། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

དོན་ཚན་ཉེར་གསུམ་པ།  དྲ་རྒྱའི་འགག་རྩའི་སྒྲིག་ཆས་དང་དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཆེད་སྤྱོད་ཐོན་རྫས་རིགས་ལ་ངེས་པར་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞིའི་བཙན་ཐབས་རང་བཞིན་གྱི་བླང་བྱ་ལྟར། འོས་བབ་ཡོད་མཁན་ཚན་པའི་བདེ་འཇགས་ཀྱི་ཁས་ལེན་དཔང་འདོན་གྱི་ཚད་གཞི་ལོན་པའམ་ཡང་ན་བདེ་འཇགས་ཐད་ཀྱི་ཞིབ་དཔྱད་ཚད་ལེན་གྱི་བླང་བྱ་དང་མཐུན་རྗེས་གཞི་ནས་ཕྱིར་འཚོང་ངམ་ཡང་ན་མཁོ་འདོན་བྱེད་ཆོག   རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲ་རྒྱའི་འགག་རྩའི་སྒྲིག་ཆས་དང་དྲ་རྒྱའི་བདེ་འཇགས་ཀྱི་ཆེད་སྤྱོད་ཐོན་རྫས་ཀྱི་དཀར་ཆག་བཟོས་ནས་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད། བདེ་འཇགས་ཀྱི་ཁས་ལེན་དཔང་འདོན་དང་བདེ་འཇགས་ཐད་ཀྱི་ཞིབ་དཔྱད་ཚད་ལེན་བྱས་འབྲས་ལ་ཕན་ཚུན་ངོས་བཟུང་བྱེད་པ་ལས་ཁས་ལེན་དཔང་འདོན་དང་ཞིབ་དཔྱད་ཚད་ལེན་བསྐྱར་ཟློས་མི་ཡོང་བ་བྱེད་དགོས།

དོན་ཚན་ཉེར་བཞི་པ།  དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་སྤྱོད་མཁན་ལ་དྲ་རྒྱའི་འཇུག་སྒོ་དང་ཁུལ་མིང་ཐོ་འགོད་ཀྱི་ཞབས་ཞུ་སྒྲུབ་པ་དང་།  གཏན་འཇགས་ཁ་པར་དང་སྒུལ་འཁྱེར་ཁ་པར་སོགས་དྲ་ཞུགས་འགྲོ་ལུགས་གཉེར་བའམ་ཡང་ན་སྤྱོད་མཁན་ལ་ཆ་འཕྲིན་འགྲེམས་བསྒྲགས་དང་སྐབས་བསྟུན་འཕྲིན་གཏོང་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས། སྤྱོད་མཁན་དང་གྲོས་དན་འཇོག་པའམ་ཡང་ན་ཞབས་ཞུ་སྒྲུབ་རྒྱུ་ཁས་ལེན་བྱེད་སྐབས་ངེས་པར་དུ་སྤྱོད་མཁན་ལ་མིང་བབ་ངོ་མའི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པའི་རེ་བ་འདོན་དགོས། སྤྱོད་མཁན་གྱིས་མིང་བབ་ངོ་མའི་ཆ་འཕྲིན་མཁོ་འདོན་མ་བྱས་ཚེ་དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་དེར་འབྲེལ་ཡོད་ཞབས་ཞུ་སྒྲུབ་མི་ཆོག

རྒྱལ་ཁབ་ནས་དྲ་རྒྱའི་ཡིད་རྟོན་རུང་བའི་མིང་བབ་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ་བདེ་འཇགས་དང་སྟབས་བདེའི་གློག་རྡུལ་ཐོག་ནས་མིང་བབ་ཁས་ལེན་དཔང་འདོན་བྱེད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་བར་རྒྱབ་སྐྱོར་བྱེད་རྒྱུ་དང་།  གློག་རྡུལ་མིང་བབ་ཁས་ལེན་དཔང་འདོན་མ་གཅིག་པའི་དབར་ཕན་ཚུན་ངོས་བཟུང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ།

དོན་ཚན་ཉེར་ལྔ་པ།  དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་རྒྱུད་ཁོངས་ཀྱི་སྐྱོན་ཆ་དང་། རྩིས་འཁོར་གྱི་ནད་དུག དྲ་རྒྱའི་ཚུར་རྒོལ་དང་བཙན་འཛུལ་སོགས་བདེ་འཇགས་ཀྱི་ཉེན་ཁའི་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་དོན་རྐྱེན་ཐོན་ཚེ་མྱུར་དུ་འཕྲལ་སྡོམ་སྔོན་ཇུས་སྤེལ་ནས་དེ་མཚུངས་ཀྱི་ཞན་སྐྱོན་གསབ་ཐབས་བྱེད་དགོས་པ་མ་ཟད།  གཏན་འབེབས་གཞིར་བཟུང་འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

དོན་ཚན་ཉེར་དྲུག་པ།  དྲ་རྒྱའི་བདེ་འཇགས་ཀྱི་ཁས་ལེན་དཔང་འདོན་དང་། ཞིབ་དཔྱད་ཚད་ལེན། ཉེན་ཁར་ཚོད་སྐོར་སོགས་བྱེད་སྐབས་རྒྱུད་ཁོངས་ཀྱི་སྐྱོན་ཆ་དང་། རྩིས་འཁོར་གྱི་ནད་དུག དྲ་རྒྱའི་ཚུར་རྒོལ་དང་བཙན་འཛུལ་སོགས་དྲ་རྒྱའི་བདེ་འཇགས་ཀྱི་ཆ་འཕྲིན་སྤྱི་ཚོགས་ཐོག་འགྲེམས་བསྒྲགས་བྱེད་དགོས་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

དོན་ཚན་ཉེར་བདུན་པ།  མི་སྒེར་དང་རྩ་འཛུགས་གང་རུང་ཞིག་གིས་ཁྲིམས་འགལ་ངང་མི་གཞན་གྱི་དྲ་རྒྱར་བཙན་འཛུལ་བྱེད་པ་དང་། མི་གཞན་གྱི་དྲ་རྒྱའི་རྒྱུན་ལྡན་ནུས་པར་འགོག་རྐྱེན་བཟོ་བ། དྲ་རྒྱའི་གཞི་གྲངས་རྐུ་འཁྱེར་བྱེད་པ་སོགས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱེད་སྤྱོད་རིགས་སྤེལ་མི་ཆོག  དྲ་རྒྱར་བཙན་འཛུལ་བྱེད་པ་དང་། དྲ་རྒྱའི་རྒྱུན་ལྡན་གྱི་བྱེད་ནུས་དང་འགོག་སྲུང་བྱ་ཐབས་ལ་འགོག་རྐྱེན་བཟོ་བ། དྲ་རྒྱའི་གཞི་གྲངས་རྐུ་འཁྱེར་བྱེད་པ་སོགས་ཆེད་མངགས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་བྱེད་སྤྱོད་སྤེལ་རྒྱུའི་ཐད་སྤྱོད་པའི་བྱ་རིམ་དང་ཡོ་བྱད་མཁོ་འདོན་བྱེད་མི་ཆོག མི་གཞན་གྱིས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱེད་སྤྱོད་སྤེལ་བ་ཤེས་བཞིན་དུ་དེར་ལག་རྩལ་ཐད་ནས་རྒྱབ་སྐྱོར་དང་། བརྡ་ཁྱབ་བརྒྱུད་གཏོང་། སྒྱུར་སྤྲོད་རྩིས་རྒྱག་སོགས་བྱེད་རོགས་བྱེད་མི་ཆོག

དོན་ཚན་ཉེར་བརྒྱད་པ། སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཉེས་གསོག་གི་བྱེད་སྤྱོད་མྱུལ་ཞིབ་བྱེད་པར་དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་ལག་རྩལ་ཐད་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

དོན་ཚན་ཉེར་དགུ་པ། དྲ་རྒྱའི་བདེ་འཇགས་ཀྱི་ཆ་འཕྲིན་བསྡུ་རུབ་དང་། དབྱེ་ཞིབ།  བརྡ་ཁྱབ།  དེ་བཞིན་འཕྲལ་སྡོམ་ཐག་གཅོད་སོགས་བྱེད་རྒྱུའི་ཐད་དྲ་རྒྱའི་ལས་གཉེར་བྱེད་མཁན་དབར་མཉམ་ལས་བྱེད་པར་རྒྱལ་ཁབ་ནས་རྒྱབ་སྐྱོར་བྱས་ཏེ་དྲ་རྒྱའི་ལས་གཉེར་བྱེད་མཁན་གྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ།  

འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་ལས་རིགས་དེ་གའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཚད་གཞི་དང་རོགས་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་དབྱེ་ཞིབ་ཚོད་སྐོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་།  དུས་བཀག་ཐོག་ཚོགས་མིར་ཉེན་བརྡ་བཏང་ཐོག  ཚོགས་མིར་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་གཅོག་ཐུབ་པ་བྱེད་དགོས།

དོན་ཚན་སུམ་ཅུ་པ། དྲ་འཕྲིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་སྒྲུབ་རིང་ཐོབ་པའི་ཆ་འཕྲིན་དེ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་དགོས་མཁོའི་ཐོག་སྤྱོད་པ་ལས་སྤྱོད་སྒོ་གཞན་དག་བྱེད་མི་ཆོག

ས་བཅད་གཉིས་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཁོར་རྒྱུག་བདེ་འཇགས།  

དོན་ཚན་སོ་གཅིག་པ། སྤྱི་སྤྱོད་འཕྲིན་གཏོང་དང་ཆ་འཕྲིན་ཞབས་ཞུ་དང་། ནུས་རྒྱུ། འགྲིམ་འགྲུལ། ཆུ་བེད།  དངུལ་རྩ།  སྤྱི་པའི་ཞབས་ཞུ།  གློག་རྡུལ་སྲིད་དོན་སོགས་གལ་ཆེའི་ལས་རིགས་དང་།  ཁྱབ་ཁོངས། དེ་མིན་ནམ་ཞིག་གཏོར་བཤིག་ཕོག་པ། བྱེད་ནུས་ཤོར་བའམ་ཡང་ན་གཞི་གྲངས་ཕྱིར་གྱར་བ་སོགས་ལས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། རྒྱལ་ཇུས་དམངས་འཚོ།  སྤྱི་པའི་ཁེ་ཕན་བཅས་ཀྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལ་གནོད་སྐྱོན་ཚབས་ཆེན་ཕོག་བཟོ་ཡོད་ཚེ་རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་ཀྱི་རིམ་པ་སྲུང་སྐྱོབ་ལམ་ལུགས་ཀྱི་རྨང་གཞིའི་ཐོག་གཙོ་གནད་དུ་སྲུང་སྐྱོབ་བྱེད་རྒྱུ།  འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞིབ་ཕྲའི་ཁྱབ་ཁོངས་དང་བདེ་འཇགས་སྲུང་སྐྱོབ་བྱ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཟོ་འབེབས་བྱེད་རྒྱུ།  

འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཕུད་པའི་དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་མ་ལག་ནང་རང་མོས་ཐོག་ཞུགས་རྒྱུར་རྒྱལ་ཁབ་ནས་ལྕག་སྐུལ་གཏོང་རྒྱུ།  

དོན་ཚན་སོ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་འགན་འཁྲི་ཁག་བགོས་གཞིར་བཟུང་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་ཀའི་འགན་འཁུར་སྡེ་ཚན་གྱིས་ལས་རིགས་དེ་དང་ཁྱབ་ཁོངས་དེ་གའི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འཆར་འགོད་ཁག་སོ་སོར་བཟོ་སྒྲིག་བྱེད་རྒྱུ་མ་ཟད།  སྒྲིག་འཛུགས་ལག་བསྟར་བྱས་ནས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཁོར་རྒྱུག་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུ།  

དོན་ཚན་སོ་གསུམ་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དེ་གར་ལས་སྒོ་བརྟན་པོ་གནས་ཐུབ་པ་དང་རྒྱུན་མཐུད་འཁོར་རྒྱུག་ཐུབ་པའི་ནུས་པ་ལྡན་དགོས་པ་མ་ཟད།   བདེ་འཇགས་ཐད་ཀྱི་ལག་རྩལ་བྱ་ཐབས་དུས་གཅིག་ཏུ་འཆར་འགོད་དང་།  འཛུགས་སྐྱོང་།  བེད་སྤྱོད་བཅས་ཡོང་བ་བྱེད་དགོས།  

དོན་ཚན་སོ་བཞི་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཅིག་པའི་ནང་གཏན་འབེབས་བྱས་པ་ཕུད་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་ད་དུང་གཤམ་གསལ་བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་འོས་འགན་ཁག་སྒྲུབ་དགོས་པ་སྟེ།

(གཅིག) བདེ་འཇགས་དོ་དམ་ཚན་པ་དང་བདེ་འཇགས་དོ་དམ་གྱི་འགན་འཁུར་མཁན་ཆེད་མངགས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་འགན་འཁུར་མཁན་དེ་དང་འགག་རྩའི་ལས་གནས་ཐོག་གི་མི་སྣར་བདེ་འཇགས་ཡོད་མེད་ཐད་ཀྱི་ཞིབ་དཔྱད་བྱེད་དགོས་པ་དང་།

(གཉིས) དུས་བཀག་ཐོག་ལས་སྒྲུབ་མི་སྣར་དྲ་རྒྱའི་བདེ་འཇགས་ཐད་ཀྱི་སློབ་གསོ་དང་ལག་རྩལ་གྱི་སྦྱོང་བརྡར་སྤྲོས་དགོས་པ་དང་། རྩལ་ནུས་ལ་དཔྱད་ཞིབ་བྱེད་དགོས་པ།

(གསུམ) གལ་ཆེའི་རྒྱུད་ཁོངས་དང་གཞི་གྲངས་ཀྱི་ཐོ་མཛོད་རིགས་ལ་གནོད་སྐྱོན་ཕོག་སྐབས་ཁ་གཏད་གཅོག་པའི་གྲབས་ཉར་བྱེད་ཐབས་སྤྱོད་དགོས་པ།  

(བཞི) དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད།  དུས་བཀག་ཐོག་ནང་སྦྱོང་བྱེད་དགོས་པ།

(ལྔ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་སོ།

དོན་ཚན་སོ་ལྔ་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་དྲ་རྒྱའི་ཐོན་རྫས་ཉོ་སྒྲུབ་དང་ཞབས་ཞུ་སྒྲུབ་སྐབས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་རིགས་ལ་ངེས་པར་དུ་རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྒྲིག་འཛུགས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཞིབ་བཤེར་བརྒྱུད་དགོས།

དོན་ཚན་སོ་དྲུག་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་དྲ་རྒྱའི་ཐོན་རྫས་ཉོ་སྒྲུབ་དང་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་གཏན་འབེབས་གཞིར་བཟུང་མཁོ་འདོན་བྱེད་མཁན་དང་བདེ་འཇགས་གསང་སྲུང་གི་གྲོས་དན་བཞག་ནས་བདེ་འཇགས་དང་གསང་སྲུང་གི་འོས་འགན་དང་འགན་འཁྲི་ཁ་གསལ་བཟོ་དགོས།

དོན་ཚན་སོ་བདུན་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ལས་གཉེར་བྱེད་པའི་ཁྲོད་བསྡུ་རུབ་དང་དེ་ལས་བྱུང་བའི་མི་སྒེར་གྱི་ཆ་འཕྲིན་དང་གཞི་གྲངས་གལ་ཆེན་ངེས་པར་དུ་མངའ་ཁོངས་ནང་དུ་གསོག་ཉར་བྱེད་དགོས། ལས་སྒོའི་དགོས་མཁོའི་རྐྱེན་གྱིས་མངའ་ཁོངས་ཕྱིར་མཁོ་འདོན་བྱེད་དགོས་རིགས་ངེས་པར་དུ་རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟོས་པའི་བྱ་ཐབས་གཞིར་བཟུང་བདེ་འཇགས་ཐད་ལ་ཚོད་སྐོར་བྱེད་དགོས་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་ཡོད་རིགས་གཏན་འབེབས་དེ་བཞིན་བྱེད་དགོས།

དོན་ཚན་སོ་བརྒྱད་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་རང་ཚུགས་སམ་ཡང་ན་དྲ་རྒྱའི་བདེ་འཇགས་ཀྱི་ཞབས་ཞུ་ཚན་པར་མངགས་བཅོལ་གྱིས་དེ་གའི་དྲ་རྒྱའི་བདེ་འཇགས་རང་བཞིན་དང་ལྷག་སྲིད་པའི་ཉེན་ཁར་ལོ་ལྟར་ཉུང་མཐར་ཡང་ཞིབ་དཔྱད་ཚད་ལེན་དང་ཚོད་སྐོར་ཐེངས་རེ་བྱེད་དགོས་པ་མ་ཟད།  ཞིབ་དཔྱད་ཚད་ལེན་དང་ཚོད་སྐོར་བྱས་ཚུལ།  དེ་བཞིན་ལེགས་བཅོས་བྱ་ཐབས་བཅས་འབྲེལ་ཡོད་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་སྲུང་སྐྱོབ་ལས་ཀའི་འགན་འཁུར་མཁན་སྡེ་ཚན་ལ་འབུལ་དགོས།

དོན་ཚན་སོ་དགུ་པ། རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཕྱོགས་ཐད་གཤམ་གསལ་གྱི་བྱ་ཐབས་སྤྱོད་དགོས་པ་སྟེ།

(གཅིག) འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་ཉེན་ཁར་ཟུར་འཐེན་ཞིབ་དཔྱད་ཚད་ལེན་བྱས་ཏེ། ལེགས་བཅོས་བྱ་ཐབས་འདོན་རྒྱུ་དང་། དགོས་ངེས་སྐབས་དྲ་རྒྱའི་བདེ་འཇགས་ཀྱི་ཞབས་ཞུ་ཚན་པར་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་ཞིབ་དཔྱད་ཚད་ལེན་དང་ཚོད་སྐོར་བྱེད་རྒྱུའི་མངགས་བཅོལ་བྱས་ན་འགྲིག་པ་དང་།

(གཉིས) དུས་བཀག་ནང་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་ལ་དྲ་རྒྱའི་བདེ་འཇགས་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་དྲ་རྒྱའི་བདེ་འཇགས་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ནུས་ཆེ་རུ་གཏོང་དགོས་པ།

(གསུམ) འབྲེལ་ཡོད་སྡེ་ཚན་དང་།  འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན། དེ་བཞིན་འབྲེལ་ཡོད་ཞིབ་འཇུག་ཚན་པ་དང་།  དྲ་རྒྱའི་བདེ་འཇགས་ཀྱི་ཞབས་ཞུ་ཚན་པ་སོགས་དབར་གྱི་དྲ་རྒྱའི་བདེ་འཇགས་ཆ་འཕྲིན་མཉམ་སྤྱོད་ཡོང་བར་སྐུལ་འདེད་གཏོང་དགོས་པ།

(བཞི) དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་དང་དྲ་རྒྱའི་ནུས་པ་སླར་གསོ་སོགས་བྱེད་རྒྱུའི་ཐད་ལག་རྩལ་ཐོག་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་བཅས་སོ།

1_4 ལེའུ་བཞི་པ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས།

དོན་ཚན་བཞི་བཅུ་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་དེ་གས་བསྡུ་རུབ་བྱས་པའི་སྤྱོད་མཁན་གྱི་ཆ་འཕྲིན་ངེས་པར་དུ་གསང་སྲུང་ནན་པོ་བྱེད་དགོས་པ་མ་ཟད། སྤྱོད་མཁན་གྱི་ཆ་འཕྲིན་སྲུང་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་ཞེ་གཅིག་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཁྲིམས་མཐུན་དང་། ལུགས་མཐུན། དགོས་གལ་ཡོད་པ་བཅས་ཀྱི་རྩ་དོན་བཟུང་ཐོག  བསྡུ་རུབ་དང་བེད་སྤྱོད་བྱེད་པའི་སྒྲིག་སྲོལ་ཡོངས་བསྒྲགས་བྱེད་དགོས་པ་དང་། ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་དམིགས་ཡུལ་དང་། ཐབས་ཤེས། ཁྱབ་ཁོངས་བཅས་ཁ་གསལ་བཟོ་དགོས་པ་མ་ཟད། བསྡུ་རུབ་བྱ་ཡུལ་གྱི་མོས་མཐུན་ཐོབ་པ་བྱེད་དགོས། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་རང་གི་ཞབས་ཞུ་དང་འབྲེལ་བ་མེད་པའི་མི་སྒེར་གྱི་ཆ་འཕྲིན་རིགས་བསྡུ་རུབ་བྱེད་མི་ཆོག་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་།  ཕྱོགས་གཉིས་ཀྱི་ཁ་ཆད་ལས་འགལ་ཏེ་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་མི་ཆོག་པ་མ་ཟད།  ངེས་པར་དུ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས།  སྤྱོད་མཁན་དང་ཁ་ཆད་བྱས་པ་བཅས་གཞིར་བཟུང་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་མི་སྒེར་གྱི་ཆ་འཕྲིན་སྒྲིག་གཅོད་བྱེད་དགོས།

དོན་ཚན་ཞེ་གཉིས་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་དེ་གས་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་ཕྱི་གྱར་དང་།  གཡོ་བཅོས།  གཏོར་བརླག་བཅས་གཏོང་མི་ཆོག་པ་དང་།   སྒྲིག་གཅོད་བྱས་ནས་དམིགས་འཛུགས་ཀྱི་མི་སྒེར་ངོས་བཟུང་བྱེད་ཐབས་མེད་ཁར་མ་ཕྱི་བསྐྱར་སློག་བཟོ་མི་ཐུབ་པའི་ཆ་འཕྲིན་ཕུད། དེ་བྱིངས་བསྡུ་རུབ་བྱ་ཡུལ་གྱི་མོས་མཐུན་མ་ཐོབ་པར་མི་སྒེར་གྱི་ཆ་འཕྲིན་གཞན་ལ་མཁོ་འདོན་བྱེད་མི་ཆོག

དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་ལག་རྩལ་གྱི་བྱ་ཐབས་དང་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱད་དེ་རང་ཉིད་ཀྱིས་བསྡུ་རུབ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ་ལས། ཆ་འཕྲིན་ཕྱི་གྱར་དང་། གཏོར་སྐྱོན། བོར་བརླག་བཅས་མི་འགྲོ་བ་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དང་། གཏོར་སྐྱོན་ཕོག་པ། བོར་བརླག་ཤོར་བ་བཅས་ཀྱི་གནས་ཚུལ་རིགས་ཐོན་པའམ་ཡང་ན་ཐོན་བཟོ་ཡོད་སྐབས་ངེས་པར་དུ་འཕྲལ་མར་ཞན་སྐྱོན་གསབ་ཐབས་བྱས་ནས།  གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྤྱོད་མཁན་ལ་བརྡ་གཏོང་བ་དང་སྦྲགས་འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

དོན་ཚན་ཞེ་གསུམ་པ། མི་སྒེར་གྱིས་དྲ་རྒྱའི་ལས་གཉེར་བྱེད་མཁན་ནས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་སམ་ཡང་ན་ཕྱོགས་གཉིས་པོའི་ཁ་ཆད་ལས་འགལ་ཏེ་རང་ཉིད་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱས་པ་ཤེས་ཚེ། དྲ་རྒྱའི་ལས་གཉེར་བྱེད་མཁན་ལ་རང་ཉིད་སྒེར་གྱི་ཆ་འཕྲིན་སུབ་རོགས་ཞུ་དབང་ཡོད། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་བསྡུ་རུབ་དང་གསོག་ཉར་བྱས་པའི་རང་ཉིད་སྒེར་གྱི་ཆ་འཕྲིན་ལ་ནོར་འཁྲུལ་ཡོད་པ་ཤེས་ཚེ་དྲ་རྒྱའི་ལས་གཉེར་བྱེད་མཁན་ལ་དག་བཅོས་བྱེད་རོགས་ཞུ་དབང་ཡོད། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་དེ་ཆ་འཕྲིན་དོར་བྱེད་སུབ་པའམ་ཡང་ན་དག་བཅོས་བྱེད་དགོས།

དོན་ཚན་ཞེ་བཞི་པ། མི་སྒེར་དང་རྩ་འཛུགས་གང་རུང་ཞིག་གིས་རྐུ་འཁྱེར་རམ་ཡང་ན་ཁྲིམས་མཐུན་མིན་པའི་ཐབས་ཤེས་གཞན་དག་སྤྱད་དེ་མི་སྒེར་གྱི་ཆ་འཕྲིན་ཐོབ་ཐབས་བྱེད་མི་ཆོག་པ་དང་། ཁྲིམས་དང་མ་མཐུན་པར་མི་སྒེར་གྱི་ཆ་འཕྲིན་མི་གཞན་ལ་འཚོང་བའམ་ཡང་ན་མཁོ་འདོན་བྱེད་མི་ཆོག

དོན་ཚན་ཞེ་ལྔ་པ། དྲ་རྒྱའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ཁྲིམས་ལྟར་འཁུར་མཁན་སྡེ་ཚན་དང་དེའི་ལས་བྱས་ངེས་པར་དུ་འགན་འཁྲི་སྒྲུབ་སྐབས་ཤེས་རྟོགས་བྱུང་བའི་མི་སྒེར་གྱི་ཆ་འཕྲིན་དང་། གསང་བ། ཚོང་ལས་ཀྱི་གསང་བ་བཅས་ནན་པོ་སྲུང་དགོས་པ་ལས། ཕྱིར་གྱར་བ་དང་ཕྱིར་འཚོང་ངམ་ཡང་ན་ཁྲིམས་དང་མ་མཐུན་པར་མི་གཞན་ལ་མཁོ་འདོན་བཅས་བྱེད་མི་ཆོག

དོན་ཚན་ཞེ་དྲུག་པ། མི་སྒེར་དང་རྩ་འཛུགས་གང་རུང་གིས་རང་ཉིད་ཀྱིས་སྤྱོད་པའི་དྲ་རྒྱའི་བྱ་སྤྱོད་ལ་ངེས་པར་དུ་འགན་འཁུར་དགོས་པ་ལས། ཁ་བསླུས་རྒྱག་པ་དང་།  ཉེས་པ་གསོག་སྟངས་རྒྱུད་སྤེལ་བྱེད་པ།  དེ་བཞིན་བཀག་སྡོམ་དང་ཚོད་འཛིན་བྱས་པའི་དངོས་རིགས་བཟོ་བའམ་ཡང་ན་འཚོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་སའི་དྲ་ཚུགས་དང་འཕྲིན་གཏོང་ཁྱུ་ཚོགས་འཛུགས་མི་ཆོག་པ་དང་། དྲ་རྒྱར་བརྟེན་ནས་ཁ་བསླུས་རྒྱག་པ་དང་བཀག་དངོས་དང་བཀག་སྡོམ་དང་ཚོད་འཛིན་བྱས་པའི་དངོས་རིགས་བཟོ་བའམ་ཡང་ན་འཚོང་བ།  དེ་བཞིན་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་གཞན་དག་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རིགས་འགྲེམས་བསྒྲགས་བྱེད་མི་ཆོག

དོན་ཚན་ཞེ་བདུན་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་དེ་གའི་སྤྱོད་མཁན་གྱིས་འགྲེམས་བསྒྲགས་བྱས་པའི་ཆ་འཕྲིན་རིགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགྲེམས་བསྒྲགས་སམ་ཡང་ན་བརྒྱུད་གཏོང་བྱེད་མི་ཆོག་པའི་ཆ་འཕྲིན་རིགས་ཡིན་པ་ཤེས་ཚེ།   ངེས་པར་དུ་ལམ་སེང་ཆ་འཕྲིན་དེ་བརྒྱུད་གཏོང་བྱེད་མཚམས་འཇོག་པ་དང་མེད་པ་བཟོ་བ་སོགས་ཀྱི་སྒྲིག་གཅོད་བྱ་ཐབས་སྤྱད་དེ་ཁྱབ་མཆེད་མི་འགྲོ་བ་བྱས་ཁར།  འབྲེལ་ཡོད་ཀྱི་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད།   འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

དོན་ཚན་ཞེ་བརྒྱད་པ། མི་སྒེར་དང་རྩ་འཛུགས་གང་རུང་ཞིག་གིས་བཏང་བའི་གློག་རྡུལ་ཆ་འཕྲིན་དང་མཁོ་འདོན་བྱས་པའི་ཉེར་སྤྱོད་མཉེན་ཆས་ལ་བྱ་རིམ་ངན་པ་བཟོ་སྒྲིག་བྱེད་མི་ཆོག་པ་དང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགྲེམས་བསྒྲགས་སམ་ཡང་ན་བརྒྱུད་གཏོང་བྱེད་མི་ཆོག་པའི་ཆ་འཕྲིན་གྱི་རིགས་ཡོད་མི་ཆོག

གློག་རྡུལ་ཆ་འཕྲིན་གཏོང་རྒྱུའི་ཞབས་ཞུ་སྒྲུབ་མཁན་དང་ཉེར་སྤྱོད་མཉེན་ཆས་ཕབ་ལེན་གྱི་ཞབས་ཞུ་སྒྲུབ་མཁན་གྱིས་ངེས་པར་དུ་བདེ་འཇགས་དོ་དམ་གྱི་འོས་འགན་སྒྲུབ་དགོས་པ་དང་། དེ་གའི་སྤྱོད་མཁན་ལ་གོང་གསལ་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཀྱི་རིགས་ཡོད་པ་ཤེས་ཚེ།  ངེས་པར་དུ་ཞབས་ཞུ་བྱེད་མཚམས་འཇོག་པ་དང་མེད་པ་བཟོ་བ་སོགས་ཀྱི་སྒྲིག་གཅོད་བྱ་ཐབས་སྤྱད་དེ་འབྲེལ་ཡོད་ཀྱི་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད།  འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་ཡང་ཞུ་དགོས།

དོན་ཚན་ཞེ་དགུ་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་ཞུ་སྦྱོར་དང་ཐེར་འདོན་ལམ་ལུགས་བཙུགས་ནས་ཞུ་སྦྱོར་དང་ཐེར་འདོན་བྱེད་སྟངས་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ་དང་། འབྲེལ་ཡོད་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་ཞུ་སྦྱོར་དང་ཐེར་འདོན་རིགས་དུས་ཐོག་ཏུ་བདག་སྤྲོད་བྱེད་དགོས་པ་མ་ཟད།  སྒྲིག་གཅོད་ཀྱང་བྱེད་དགོས།

དྲ་འཕྲིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས།

དོན་ཚན་ལྔ་བཅུ་པ། རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་དྲ་རྒྱའི་ཆ་འཕྲིན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་སྐབས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགྲེམས་བསྒྲགས་སམ་ཡང་ན་བརྒྱུད་གཏོང་བྱེད་མི་ཆོག་པའི་ཆ་འཕྲིན་གྱི་རིགས་ཡིན་པ་ཤེས་ཚེ། ངེས་པར་དུ་དྲ་རྒྱའི་ལས་གཉེར་བྱེད་མཁན་ལ་བརྒྱུད་གཏོང་བྱེད་མཚམས་འཇོག་དགོས་པའི་རེ་བ་འདོན་པ་དང་།   མེད་པ་བཟོ་བ་སོགས་ཀྱི་སྒྲིག་གཅོད་བྱ་ཐབས་སྤྱད་དེ་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་ནས་བྱུང་བའི་གོང་གསལ་ཆ་འཕྲིན་གྱི་རིགས་ཡིན་ཚེ། ངེས་པར་དུ་འབྲེལ་ཡོད་ཚན་པ་ནས་ལག་རྩལ་ཐད་ཀྱི་བྱ་ཐབས་དང་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱད་དེ་བརྒྱུད་གཏོང་བྱེད་མཚམས་འཇོག་དགོས་པའི་བརྡ་ཐོ་གཏོང་དགོས།

1_5 ལེའུ་ལྔ་པ། ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས།   

དོན་ཚན་ང་གཅིག་པ། རྒྱལ་ཁབ་ནས་དྲ་རྒྱའི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་གཏོང་བ་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་རྒྱུ། རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས་དྲ་རྒྱའི་བདེ་འཇགས་ཆ་འཕྲིན་བསྡུ་རུབ་བྱེད་རྒྱུ་དང་། དབྱེ་ཞིབ་དང་བརྡ་ཁྱབ་གཏོང་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། གཏན་འབེབས་གཞིར་བཟུང་དྲ་རྒྱའི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་གཏོང་བའི་ཆ་འཕྲིན་གཅིག་གྱུར་ཐོག་འགྲེམས་བསྒྲགས་བྱེད་དགོས།

དོན་ཚན་ང་གཉིས་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་ཀའི་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་དེ་ག་དང་ཁྱབ་ཁོངས་དེ་གའི་དྲ་རྒྱའི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད།  གཏན་འབེབས་གཞིར་བཟུང་དྲ་རྒྱའི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་གཏོང་བའི་ཆ་འཕྲིན་དེ་གོང་འབུལ་ཞུ་དགོས།

དོན་ཚན་ང་གསུམ་པ། རྒྱལ་ཁབ་དྲ་འཕྲིན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་ཇི་ཡོང་ཚོད་སྐོར་དང་འཕྲལ་སྡོམ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད། དུས་བཀག་ཐོག་ནང་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།

འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་ཀའི་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་དེ་ག་དང་ཁྱབ་ཁོངས་དེ་གའི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་མ་ཟད།  དུས་བཀག་ཐོག་ནང་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།

དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་དེ་ངེས་པར་དུ་དོན་རྐྱེན་ཐོན་རྗེས་ཀྱི་གནོད་སྐྱོན་ཕོག་ཚད་དང་ཤུགས་རྐྱེན་ཐེབས་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་དྲ་རྒྱའི་བདེ་འཇགས་དོན་རྐྱེན་ལ་རིམ་པ་དབྱེ་དགོས་པ་མ་ཟད། དེ་མཚུངས་ཀྱི་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་བཟོ་དགོས།

དོན་ཚན་ང་བཞི་པ། དྲ་རྒྱའི་བདེ་འཇགས་དོན་རྐྱེན་ཐོན་པའི་ཉེན་ཁ་ཆེ་རུ་འགྲོ་སྐབས་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཏན་འབེབས་ཀྱི་དབང་ཚད་དང་གོ་རིམ་གཞིར་བཟུང་དགོས་པ་མ་ཟད།  དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁའི་ཁྱད་ཆོས་དང་ཐོན་ཉེན་ཆེ་བའི་གནོད་འཚེར་གཞིགས་ནས་གཤམ་གསལ་གྱི་བྱ་ཐབས་སྤྱོད་དགོས་པ་སྟེ།

(གཅིག)  འབྲེལ་ཡོད་སྡེ་ཚན་དང་། ཚན་པ།  མི་སྣ་བཅས་ནས་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་བསྡུ་རུབ་དང་སྙན་སེང་ཞུ་དགོས་པ་དང་།  དྲ་རྒྱའི་བདེ་འཇགས་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་འདོན་དགོས་པ་དང་།

(གཉིས) འབྲེལ་ཡོད་སྡེ་ཚན་དང་། ཚན་པ།  དེ་བཞིན་ཆེད་ལས་མི་སྣ་བཅས་སྒྲིག་འཛུགས་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཉེན་ཁའི་ཆ་འཕྲིན་ལ་དབྱེ་ཞིབ་ཚོད་སྐོར་བྱས་ནས་དོན་རྐྱེན་ཐོན་བཟོ་དང་། ཤུགས་རྐྱེན་ཐེབས་རྒྱ། གནོད་སྐྱོན་ཕོག་ཚད་བཅས་སྔོན་དཔག་བྱེད་དགོས་པ།

(གསུམ) སྤྱི་ཚོགས་ཐོག་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་བརྡ་འགྲེམས་བསྒྲགས་བྱེད་དགོས་པ་དང་།  གནོད་སྐྱོན་ལས་གཡོལ་རྒྱུ་དང་གནོད་སྐྱོན་ཆུང་དུ་གཏོང་རྒྱུའི་བྱ་ཐབས་འགྲེམས་བསྒྲགས་བྱེད་དགོས་པ་བཅས་སོ།

དོན་ཚན་ང་ལྔ་པ། དྲ་རྒྱའི་བདེ་འཇགས་དོན་རྐྱེན་ཐོན་ཚེ་ངེས་པར་དུ་འཕྲལ་མར་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་སྤེལ་འགོ་འཛུགས་དགོས་ཤིང་།  དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་ལ་བརྟག་དཔྱད་དང་ཚོད་སྐོར་བྱས་ནས། དྲ་རྒྱའི་ལས་གཉེར་བྱེད་མཁན་ལ་ལག་རྩལ་ཐད་ཀྱི་བྱ་ཐབས་དང་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱོད་དགོས་པའི་བླང་བྱ་བཏོན་ཐོག  བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོས་ནས་གནོད་སྐྱོན་ཆེ་རུ་མི་འགྲོ་བ་བྱེད་དགོས་པ་མ་ཟད།  འཕྲལ་མར་སྤྱི་ཚོགས་ཐོག་སྤྱི་དམངས་དང་འབྲེལ་བ་ཡོད་པའི་དྲན་སྐུལ་ཆ་འཕྲིན་འགྲེམས་བསྒྲགས་བྱེད་དགོས།

དོན་ཚན་ང་དྲུག་པ། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུའི་འགན་འཁྲི་སྒྲུབ་པའི་ཁྲོད་དྲ་རྒྱར་བདེ་འཇགས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པའམ་ཡང་ན་བདེ་འཇགས་ཀྱི་དོན་རྐྱེན་ཐོན་པ་ཤེས་ཚེ་གཏན་འབེབས་ཀྱི་དབང་ཚད་དང་གོ་རིམ་གཞིར་བཟུང་དྲ་རྒྱ་དེའི་ལས་གཉེར་བྱེད་མཁན་གྱི་ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་གཙོ་བོ་འཁུར་མཁན་དང་དུས་བཏབ་གྲོས་མོལ་བྱེད་ཆོག  དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་ངེས་པར་དུ་བླང་བྱ་ལྟར་བྱ་ཐབས་སྤྱད་དེ་བཅོས་སྒྲིག་བྱས་ནས་མངོན་མེད་རྐྱེན་ངན་མེད་པ་བཟོ་དགོས།

དོན་ཚན་ང་བདུན་པ། དྲ་རྒྱའི་བདེ་འཇགས་དོན་རྐྱེན་ལས་ཐོལ་བྱུང་དོན་རྐྱེན་ནམ་ཡང་ན་ཐོན་སྐྱེད་ཐད་ཀྱི་བདེ་འཇགས་དོན་རྐྱེན་ཐོན་ཚེ་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་རྒྱུའི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

དོན་ཚན་ང་བརྒྱད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད་དང་། སྤྱི་ཚོགས་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་ཆེ་རིགས་ལ་ཐག་གཅོད་བྱེད་རྒྱུའི་དགོས་མཁོ་ཡོད་ཚེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་སམ་ཡང་ན་ཆོག་མཆན་ཐོབ་པ་བརྒྱུད་དམིགས་བསལ་ས་ཁོངས་སུ་དྲ་རྒྱའི་འཕྲིན་གཏོང་ཐད་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་སྐབས་འཕྲལ་བྱ་ཐབས་སྤྱོད་ཆོག

1_6 ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ང་དགུ་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཅིག་པ་དང་ཉེར་ལྔ་པའི་ནང་གཏན་འབེབས་བྱས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འོས་འགན་མ་བསྒྲུབས་པའི་རིགས་ལ། འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་དང་།  ཡོ་བསྲང་མ་བྱས་པའམ་ཡང་ན་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་མཇུག་འབྲས་ངན་པ་ཐོན་ཚེ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།  ཐད་ཀའི་གཙོ་འགན་འཁུར་མཁན་ལ་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ།

འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་སོ་གསུམ་པ་དང་། དོན་ཚན་སོ་བཞི་པ། དོན་ཚན་སོ་དྲུག་པ། དོན་ཚན་སོ་བརྒྱད་པ་བཅས་ཀྱི་ནང་གཏན་འབེབས་བྱས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འོས་འགན་མ་བསྒྲུབས་པའི་རིགས་ལ་འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ།  ཡོ་བསྲང་མ་བྱས་པའམ་ཡང་ན་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་མཇུག་འབྲས་ངན་པ་ཐོན་ཚེ་སྒོར་ཁྲི་བཅུ་ཡན་ནས་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་འགེལ་རྒྱུ།  ཐད་ཀའི་གཙོ་འགན་འཁུར་མཁན་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།  

དོན་ཚན་དྲུག་ཅུ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་དང་པོ་དང་གཉིས་པ།  དོན་ཚན་ཞེ་བརྒྱད་པའི་ནང་གསེས་དང་པོ་བཅས་ཀྱི་གཏན་འབེབས་ལས་འགལ་བའི་གཤམ་གསལ་བྱེད་སྤྱོད་རིགས་གང་རུང་ཞིག་ཡོད་ཚེ། འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་དང་།  ཡོ་བསྲང་མ་བྱས་པའམ་ཡང་ན་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་མཇུག་འབྲས་ངན་པ་ཐོན་ཚེ་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ། ཐད་ཀའི་གཙོ་འགན་འཁུར་མཁན་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་སྟེ།

(གཅིག)  བྱ་རིམ་ངན་པ་བཟོ་སྒྲིག་བྱེད་རིགས་དང་།

(གཉིས)  ཐོན་རྫས་དང་ཞབས་ཞུའི་ཐད་གནས་པའི་བདེ་འཇགས་ཀྱི་ཞན་ཆ་དང་སྐྱོན་ཆ་སོགས་ཀྱི་ཉེན་ཁའི་རིགས་ལ་འཕྲལ་མར་ཞན་སྐྱོན་གསབ་ཐབས་མི་བྱེད་པའམ་ཡང་ན་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྤྱོད་མཁན་ལ་བརྡ་ཐོ་མི་གཏོང་བ་མ་ཟད། འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་སྙན་སེང་མི་ཞུ་བའི་རིགས།

(གསུམ)  རང་དགར་དེ་གའི་ཐོན་རྫས་མཁོ་འདོན་དང་ཞབས་ཞུ་སྒྲུབ་རྒྱུར་བདེ་འཇགས་སྲུང་སྐྱོང་བྱེད་མཚམས་འཇོག་པའི་རིགས་བཅས་སོ།

དོན་ཚན་རེ་གཅིག་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བཞི་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་སྤྱོད་མཁན་ལ་མིང་བབ་ངོ་མའི་ཆ་འཕྲིན་མཁོ་འདོན་བྱེད་རྒྱུའི་རེ་བ་མ་བཏོན་པའམ་ཡང་ན་མིང་བབ་ངོ་མའི་ཆ་འཕྲིན་མཁོ་འདོན་མ་བྱས་པར་སྤྱོད་མཁན་ལ་འབྲེལ་ཡོད་ཞབས་ཞུ་བསྒྲུབས་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ། ཡོ་བསྲང་མ་བྱས་པའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད།  འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་གནས་སྐབས་རིང་འབྲེལ་ཡོད་ལས་སྒོ་མཚམས་འཇོག་བྱེད་རྒྱུ་དང་། ཚོང་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུ།  དྲ་ཚུགས་སྒོ་རྒྱག་རྒྱུ། འབྲེལ་ཡོད་ལས་སྒོའི་འཁྲོལ་འཛིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་བཅས་ཀྱི་བཀའ་གཏོང་ཆོག   ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ། 

དོན་ཚན་རེ་གཉིས་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་ལས་འགལ་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཁས་ལེན་དཔང་འདོན་དང་། ཞིབ་དཔྱད་ཚད་ལེན། ཉེན་ཁར་ཚོད་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་བའམ་ཡང་ན་སྤྱི་ཚོགས་ཐོག་རྒྱུད་ཁོངས་ཀྱི་སྐྱོན་ཆ་དང་། རྩིས་འཁོར་གྱི་ནད་དུག  དྲ་རྒྱའི་ཚུར་རྒོལ། དྲ་རྒྱའི་བཙན་འཛུལ་སོགས་དྲ་རྒྱའི་བདེ་འཇགས་ཀྱི་ཆ་འཕྲིན་འགྲེམས་བསྒྲགས་བྱེད་རིགས་ལ་འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། ཡོ་བསྲང་མ་བྱས་པའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་གནས་སྐབས་རིང་འབྲེལ་ཡོད་ལས་སྒོ་མཚམས་འཇོག་བྱེད་རྒྱུ་དང་། ཚོང་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུ། དྲ་ཚུགས་སྒོ་རྒྱག་རྒྱུ། འབྲེལ་ཡོད་ལས་སྒོའི་འཁྲོལ་འཛིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་བཅས་ཀྱི་བཀའ་གཏོང་ཆོག  ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པའི་གཏན་འབེབས་ལས་འགལ་ཏེ་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱེད་སྒོ་སྤེལ་བའམ་ཡང་ན་ཆེད་མངགས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུར་བྱ་རིམ་དང་ཡོ་བྱད་མཁོ་འདོན་བྱེད་པ་དང་།   ཡང་ན་མི་གཞན་གྱིས་དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་བྱེད་སྤྱོད་སྤེལ་བར་ལག་རྩལ་ཐད་ནས་རྒྱབ་སྐྱོར་བྱེད་པ་དང་། བརྡ་ཁྱབ་སྤེལ་བ། སྒྱུར་སྤྲོད་དུས་རྩིས་རྒྱག་པ་སོགས་བྱེད་རོགས་བྱས་མོད།  ཡིན་ཡང་ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་སྤྱི་བདེ་ལས་ཁུངས་ནས་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་།  ཉིན་ལྔ་མན་བཀག་ཉར་བྱེད་རྒྱུ་མ་ཟད།  སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་ཆོག  གནས་ཚུལ་ཚབས་ཆེ་ཙམ་ཡོད་པར་ཉིན་ལྔ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་བྱེད་རྒྱུ་མ་ཟད།  སྒོར་ཁྲི་བཅུ་ནས་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་འགེལ་ཆོག

ཚན་པར་གོང་འཁོད་དོན་ཚན་གྱི་བྱེད་སྤྱོད་རིགས་ཡོད་ཚེ་སྤྱི་བདེ་ལས་ཁུངས་ནས་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་།  སྒོར་ཁྲི་བཅུ་ཡན་ནས་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད།  ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་གོང་འཁོད་དོན་ཚན་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།  བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པའི་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་དོ་དམ་གྱི་ཆད་པ་ཕོག་ཚེ་ལོ་ལྔའི་ནང་ཚུན་དུ་དྲ་རྒྱའི་བདེ་འཇགས་དོ་དམ་དང་དྲ་རྒྱའི་ལས་གཉེར་གྱི་འགག་རྩའི་ལས་གནས་ཐོག་ལས་ཀ་བྱེད་མི་ཆོག  ཉེས་དོན་གྱི་ཆད་པ་ཕོག་ཚེ་ཚེ་གང་རིང་དྲ་རྒྱའི་བདེ་འཇགས་དོ་དམ་དང་དྲ་རྒྱ་ལས་གཉེར་གྱི་འགག་རྩའི་ལས་གནས་ཐོག་ལས་ཀ་བྱེད་མི་ཆོག

དོན་ཚན་རེ་བཞི་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་དང་དྲ་རྒྱའི་ཐོན་རྫས་མཁོ་འདོན་ནམ་ཡང་ན་ཞབས་ཞུ་སྒྲུབ་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་གསུམ་པ་དང་དོན་ཚན་ཞེ་གཅིག་པ་ནས་ཞེ་གསུམ་པ་བར་གྱི་གཏན་འབེབས་ལས་འགལ་ཏེ་མི་སྒེར་གྱི་ཆ་འཕྲིན་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་པའི་ཁེ་དབང་ལ་བཙན་གནོད་བཏང་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཉེས་ཆད་ཁེར་གཅོད་དམ་ཡང་ན་མཉམ་སྦྲགས་སུ་ཐ་ཚིག་སྒྲོག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་བ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་འགེལ་བ་བཅས་བྱེད་ཆོག  ཁྲིམས་འགལ་གྱི་ཐོབ་ཆ་མེད་པའི་རིགས་ལ་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་འགེལ་རྒྱུ།  ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།   གནས་ཚུལ་ཚབས་ཆེ་རིགས་ལ་གནས་སྐབས་རིང་འབྲེལ་ཡོད་ལས་སྒོ་མཚམས་འཇོག་བྱེད་རྒྱུ་དང་། ཚོང་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུ། དྲ་ཚུགས་སྒོ་རྒྱག་རྒྱུ། འབྲེལ་ཡོད་ལས་སྒོའི་འཁྲོལ་འཛིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་བཅས་ཀྱི་བཀའ་གཏོང་ཆོག

བཅའ་ཁྲིམས་འདིའི་དོན་ཚན་ཞེ་བཞི་པའི་གཏན་འབེབས་ལས་འགལ་ནས་སྒེར་གྱི་ཆ་འཕྲིན་རྐུ་འཁྱེར་རམ་ཡང་ན་ཁྲིམས་དང་མ་མཐུན་པའི་བྱ་ཐབས་གཞན་དག་གི་ཐོག་ནས་ཐོབ་ཐབས་བྱེད་པ་དང་། ཁྲིམས་དང་མ་མཐུན་པར་འཚོང་བའམ་ཡང་ན་མི་གཞན་ལ་མཁོ་འདོན་བྱས་མོད།  འོན་ཀྱང་ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད།  ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་མེད་ཚེ་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་རེ་ལྔ་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་སོ་ལྔ་པའི་གཏན་འབེབས་ལས་འགལ་ཏེ་བདེ་འཇགས་ཀྱི་ཞིབ་དཔྱད་མ་བརྒྱུད་པའམ་ཡང་ན་བདེ་འཇགས་ཀྱི་ཞིབ་དཔྱད་མ་ཐོབ་པའི་དྲ་རྒྱའི་ཐོན་རྫས་བེད་སྤྱོད་བྱེད་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་མཁན་ལ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་བེད་སྤྱོད་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་ནས་ཉོ་སྒྲུབ་དངུལ་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་རེ་དྲུག་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་གཏན་འབེབས་ལས་འགལ་ཏེ་མངའ་ཁོངས་ཕྱིར་དྲ་རྒྱའི་གཞི་གྲངས་གྲབས་ཉར་བྱས་པའམ་ཡང་ན་དྲ་རྒྱའི་གཞི་གྲངས་མཁོ་འདོན་བྱས་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་ཐ་ཚིག་བསྒྲགས་པའི་ཐོག་ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་བཏང་ནས་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། གནས་སྐབས་རིང་འབྲེལ་ཡོད་ལས་སྒོ་མཚམས་འཇོག་བྱེད་རྒྱུ་དང་། ཚོང་གཉེར་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུ། དྲ་ཚུགས་སྒོ་རྒྱག་རྒྱུ།  འབྲེལ་ཡོད་ལས་སྒོའི་འཁྲོལ་འཛིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་བཅས་ཀྱི་བཀའ་གཏོང་ཆོག ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་རེ་བདུན་པ། བཅའ་ཁྲིམས་འདིའི་དོན་ཚན་ཞེ་དྲུག་པའི་གཏན་འབེབས་ལས་འགལ་ཏེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་རྒྱུར་སྤྱོད་པའི་དྲ་ཚུགས་དང་ འཕྲིན་གཏོང་ཁྱུ་ཚོགས་བཙུགས་པའམ་ཡང་ན་དྲ་རྒྱ་སྤྱད་དེ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་རྒྱུ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་འགྲེམས་བསྒྲགས་བྱས་མོད།  ཡིན་ཡང་ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཉིན་ལྔ་མན་བཀག་ཉར་བྱེད་རྒྱུ་དང་སྦྲགས་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་ཆོག  ཉེས་ཚབས་ཅུང་ཆེ་རིགས་ལ་ཉིན་ལྔ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་བྱེད་རྒྱུ་དང་སྦྲགས་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་ཆོག  ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་རྒྱུར་སྤྱོད་པའི་དྲ་ཚུགས་དང་འཕྲིན་གཏོང་ཁྱུ་ཚོགས་སྒོ་རྒྱག་ཏུ་འཇུག་རྒྱུ།

ཚན་པར་གོང་འཁོད་དོན་ཚན་གྱི་བྱེད་སྤྱོད་ཡོད་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་སྒོར་ཁྲི་བཅུ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་གོང་འཁོད་དོན་ཚན་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

དོན་ཚན་རེ་བརྒྱད་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཞེ་བདུན་པའི་གཏན་འབེབས་ལས་འགལ་ཏེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགྲེམས་བསྒྲགས་སམ་ཡང་ན་བརྒྱུད་གཏོང་བྱེད་མི་ཆོག་པའི་ཆ་འཕྲིན་རིགས་བརྒྱུད་གཏོང་བྱེད་མཚམས་མི་འཇོག་པ་དང་། མེད་པ་བཟོ་བ་སོགས་ཀྱི་སྒྲིག་གཅོད་བྱ་ཐབས་མི་སྤྱོད་པ། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་མི་བྱེད་པ་བཅས་བྱས་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། དེར་ཐ་ཚིག་བསྒྲགས་ཐོག་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་། ཡོ་བསྲང་མ་བྱས་པའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས་ལ་སྒོར་ཁྲི་བཅུ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། གནས་སྐབས་རིང་འབྲེལ་ཡོད་ལས་སྒོ་གཉེར་མཚམས་འཇོག་རྒྱུ་དང་། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུ། དྲ་ཚུགས་སྒོ་རྒྱག་རྒྱུ། འབྲེལ་ཡོད་ལས་སྒོའི་འཁྲོལ་འཛིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་བཅས་ཀྱི་བཀའ་གཏོང་ཆོག ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།

གློག་རྡུལ་ཆ་འཕྲིན་བརྒྱུད་གཏོང་གི་ཞབས་ཞུ་སྒྲུབ་མཁན་དང་ཉེར་སྤྱོད་མཉེན་ཆས་ཕབ་ལེན་གྱི་ཞབས་ཞུ་སྒྲུབ་མཁན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་ཞེ་བརྒྱད་པའི་ནང་གསེས་གཉིས་པའི་གཏན་འབེབས་ནང་གི་བདེ་འཇགས་དོ་དམ་གྱི་འོས་འགན་མ་བསྒྲུབས་ཚེ་གོང་འཁོད་དོན་ཚན་གྱི་གཏན་འབེབས་གཞིར་བཟུང་ཉེས་ཆད་གཅོད་རྒྱུ།

དོན་ཚན་རེ་དགུ་པ། དྲ་རྒྱའི་ལས་གཉེར་བྱེད་མཁན་ལ་བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་རིགས་གང་རུང་ཞིག་ཡོད་ཚེ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་།  ཡོ་བསྲང་མ་བྱས་པའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས་ལ། སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།  ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ་སྟེ།

(གཅིག)འབྲེལ་ཡོད་སྡེ་ཚན་གྱི་བླང་བྱ་གཞིར་བཟུང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགྲེམས་བསྒྲགས་སམ་ཡང་ན་བརྒྱུད་གཏོང་བྱེད་མི་ཆོག་པའི་ཆ་འཕྲིན་རིགས་བརྒྱུད་གཏོང་བྱེད་མཚམས་འཇོག་རྒྱུ་དང་མེད་པ་བཟོ་རྒྱུ་སོགས་ཀྱི་སྒྲིག་གཅོད་བྱ་ཐབས་མི་སྤྱོད་པའི་རིགས་དང་།

(གཉིས) འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་པར་དང་ལེན་མི་བྱེད་པ་དང་བཀག་འགོག་བྱེད་པའི་རིགས།

(གསུམ)སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ལག་རྩལ་ཐད་ནས་རྒྱབ་སྐྱོར་དང་གཞོགས་འདེགས་མི་བྱེད་པའི་རིགས་བཅས་སོ།

དོན་ཚན་བདུན་ཅུ་པ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་གཉིས་པ་དང་དེ་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞན་དག་ནང་ཆ་འཕྲིན་འགྲེམས་བསྒྲགས་སམ་ཡང་ན་བརྒྱུད་གཏོང་བྱེད་མི་ཆོག་པའི་ཆ་འཕྲིན་རིགས་འགྲེམས་བསྒྲགས་སམ་བརྒྱུད་གཏོང་བྱེད་པའི་རིགས་ལ།  འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

དོན་ཚན་དོན་གཅིག་པ། བཅའ་ཁྲིམས་འདིའི་གཏན་འབེབས་ནང་འཁོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་ཚེ་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཡིད་རྟོན་ཡིག་ཚགས་ནང་འགོད་རྒྱུ་མ་ཟད། ཡོངས་བསྒྲགས་བྱེད་རྒྱུ།

དོན་ཚན་དོན་གཉིས་པ། རྒྱལ་ཁབ་ལས་ཁུངས་ཀྱི་སྲིད་དོན་དྲ་རྒྱའི་ལས་གཉེར་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འོས་འགན་མ་བསྒྲུབས་ཚེ་དེའི་གོང་རིམ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་དོན་གསུམ་པ། དྲ་འཕྲིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་ལས་འགལ་ཏེ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་སྒྲུབ་པའི་ཁྲོད་ཐོབ་པའི་ཆ་འཕྲིན་རྣམས་སྤྱོད་སྒོ་གཞན་བྱས་ཚེ་ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དྲ་འཕྲིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་བྱས་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེ་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་མོད།  ཡིན་ཡང་ཉེས་གསོག་གི་ཚད་ལ་མ་སླེབས་ཚེ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་དོན་བཞི་པ། བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ཏེ་མི་གཞན་ལ་གནོད་སྐྱོན་བཟོས་ཚེ་ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་འཁུར་དུ་འཇུག་རྒྱུ། བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ཞིང་།  བདེ་འཇགས་དོ་དམ་དང་འགལ་བའི་བྱེད་སྤྱོད་རིགས་ཡོད་ཚེ་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

དོན་ཚན་དོན་ལྔ་པ། མངའ་ཁོངས་ཕྱིའི་ཚན་པ་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཚུར་རྒོལ་བྱེད་པ་དང་། བཙན་འཛུལ་བྱེད་པ། འགོག་རྐྱེན་བཟོ་བ། གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྤྱོད་སྤེལ་ནས་མཇུག་འབྲས་ངན་པ་བཟོས་ཚེ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་སྦྲགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་ཚན་པ་དང་། རྩ་འཛུགས།  དེ་བཞིན་མི་སྒེར་དེ་དག་གི་རྒྱུ་ནོར་བསྡམས་འཇོག་བྱེད་རྒྱུའམ་ཡང་ན་དགོས་ངེས་ཀྱི་བཀག་སྡོམ་བྱ་ཐབས་གཞན་དག་སྤྱོད་རྒྱུའི་གཏན་འབེབས་བྱེད་ཆོག

1_7 ལེའུ་བདུན་པ། ཞར་བྱུང་།

དོན་ཚན་དོན་དྲུག་པ། བཅའ་ཁྲིམས་འདིའི་ནང་སྤྱད་པའི་གཤམ་གསལ་མིང་ཚིག་གི་གོ་དོན།

(གཅིག) དྲ་རྒྱ་ཞེས་པ་ནི་རྩིས་འཁོར་རམ་ཡང་ན་ཆ་འཕྲིན་གྱི་མཐའ་སྣེ་གཞན་དང་།  དེ་བཞིན་འབྲེལ་ཡོད་སྒྲིག་ཆས་ལས་གྲུབ་པའི་སྒྲིག་སྲོལ་དང་བྱ་རིམ་ངེས་ཅན་གཞིར་བཟུང་ནས་ཆ་འཕྲིན་བསྡུ་རུབ་དང་། གསོག་ཉར། བརྒྱུད་གཏོང་། བརྗེ་རེས། སྒྲིག་གཅོད་བཅས་བྱེད་པའི་རྒྱུད་ཁོངས་ལ་ཟེར།

(གཉིས)  དྲ་རྒྱའི་བདེ་འཇགས་ཞེས་པ་ནི་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་དྲ་རྒྱར་ཚུར་རྒོལ་བྱེད་པ་དང་། བཙན་འཛུལ་བྱེད་པ། འགོག་རྐྱེན་བཟོ་བ།  གཏོར་བཤིག་གཏོང་བ།   ཁྲིམས་དང་མ་མཐུན་པར་བེད་སྤྱོད་བྱེད་པ།  དེ་བཞིན་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བཅས་ལ་འགོག་ཟོན་བྱས་ནས་དྲ་རྒྱ་དེ་ཉིད་བརྟན་པོ་དང་བློས་འཁེལ་ངང་འཁོར་རྒྱུག་ཐུབ་པ་བྱེད་པ་དང་དེ་བཞིན་དྲ་རྒྱའི་གཞི་གྲངས་ཀྱི་ཆ་ཚང་རང་བཞིན་དང་། གསང་སྲུང་རང་བཞིན། སྤྱོད་འཐུས་རང་བཞིན་བཅས་ཀྱི་ནུས་པ་འགན་ལེན་བྱེད་པར་ཟེར།

(གསུམ)  དྲ་རྒྱའི་ལས་གཉེར་བྱེད་མཁན་ཞེས་པ་ནི་དྲ་རྒྱའི་བདག་པོ་དང་། དོ་དམ་པ། དྲ་རྒྱའི་ཞབས་ཞུ་སྒྲུབ་མཁན་བཅས་ལ་ཟེར།

(བཞི)  དྲ་རྒྱའི་གཞི་གྲངས་ཞེས་པ་ནི་དྲ་རྒྱར་བརྟེན་ནས་བསྡུ་རུབ་དང་། གསོག་ཉར། བརྒྱུད་གཏོང་། སྒྲིག་གཅོད་བཅས་བྱེད་པ་དང་དེ་ལས་ཐོན་པའི་གློག་རྡུལ་གྱི་གཞི་གྲངས་སྣ་ཚོགས་ལ་ཟེར།

(ལྔ)  མི་སྒེར་གྱི་ཆ་འཕྲིན་ཞེས་པ་ནི་གློག་རྡུལ་ལམ་ཡང་ན་རྣམ་པ་གཞན་དག་ཐོག་ནས་ཐོ་འགོད་བྱས་པའི་ཁེར་རྐྱང་ངམ་ཡང་ན་དེ་མིན་གྱི་ཆ་འཕྲིན་གཞན་དག་དང་ཟུང་འབྲེལ་བྱས་པ་བརྒྱུད་མི་སྒེར་གྱི་མིང་བབ་ངོས་བཟུང་ཐུབ་པའི་ཆ་འཕྲིན་སྣ་ཚོགས་ལ་ཟེར་ཞིང་། དེའི་ནང་མིའི་མིང་དང་། སྐྱེས་ལོ། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། མི་སྒེར་གྱི་ལུས་རྟགས་ངོས་བཟུང་ཆ་འཕྲིན། སྡོད་གནས། ཁ་པར་ཨང་གྲངས་སོགས་ཚུད་པ་ཙམ་མ་ཟད་གཞན་ཡང་ཡོད།

དོན་ཚན་དོན་བདུན་པ། རྒྱལ་ཁབ་ཀྱི་གསང་འབྲེལ་ཆ་འཕྲིན་རིགས་གསོག་ཉར་དང་སྒྲིག་གཅོད་བྱེད་པའི་དྲ་རྒྱ་འཁོར་རྒྱུག་གི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའི་ཐད་བཅའ་ཁྲིམས་འདིར་བརྩི་སྲུང་ཞུ་དགོས་པ་ཕུད། ད་དུང་ངེས་པར་དུ་གསང་སྲུང་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལའང་བརྩི་སྲུང་ཞུ་དགོས།

དོན་ཚན་དོན་བརྒྱད་པ། དམག་དོན་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནས་ལོགས་སུ་གཏན་འབེབས་བྱེད་རྒྱུ།

དོན་ཚན་དོན་དགུ་པ། བཅའ་ཁྲིམས་འདི་2017ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-30

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།