ཏཱ་ཆིན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏཱ་ཆིན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་།
ཏཱ་ཆིན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་ལ་ཡོངས་གྲགས་སུ་དགོན་ཆེན་དུ་འབོད་ལ་དགོན་པ་འདི་སྔོན་ཆད“ཏོ་ཨེར་པོ་ཐེད”གྲོང་པའི་མཆོད་གཞི་ཡིན་ཞིང་དགོན་པ་འདི་ལོ་རྒྱུས་སྟེང་རྒྱུ་རྐྱེན་གང་མང་གིས་དགོན་གནས་སྔ་ཕྱི་ཐེངས་གསུམ་ལ་སྤར་མྱོང་། ད་ལྟའི་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་ནི་སྤྱི་ལོ2006ལོའི་ཟླ6པའི་ཚེས1ཉིན་ལ་ཧེ་ལུང་ཅཱང་ཞིང་ཆེན་ཏཱ་ཆིན་གྲོང་ཁྱེར་ཐའེ་ཁང་རྫོང་ཞའོ་ལིན་ཁུག་གྲོང་རྡལ་དུ་བསྐྱར་འཛུགས་བྱས་ཤིང་རྫོང་ཐོག་དང་སྤྱི་ལེ་བཅུ་བདུན་ཡོད་པའི་སར་ཆགས་ཡོད་ལ་ཕྱོགས་གསུམ་མཚེའུ་ཡིས་བསྐོར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大庆衍福寺
སྲིད་འཛིན་ཁོངས་གཏོགས།
ཧེ་ལུང་ཅཱང་ཞིང་ཆེན་ཏཱ་ཆིན་གྲོང་ཁྱེར་ཐའེ་ཁང་རྫོང་།
གནས་ཡུལ།
ཧེ་ལུང་ཅཱང་ཞིང་ཆེན་ཏཱ་ཆིན་གྲོང་ཁྱེར་ཐའེ་ཁང་རྫོང་ཞའོ་ལིན་ཁུག་གྲོང་རྡལ།
རིགས་དབྱེ།
དགོན་པ།
གྲུབ་མཐའ།
དགེ་ལུགས་པ།
བསྐྱར་འཛུགས་ལོ་ཚིགས།
སྤྱི་ལོ2006ལོའི་ཟླ6པའི་ཚེས1ཉིན།
1 ངོ་སྤྲོད།

ཏཱ་ཆིན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་ལ་ཡོངས་གྲགས་སུ་དགོན་ཆེན་དུ་འབོད་ལ་དགོན་པ་འདི་སྔོན་ཆད“ཏོ་ཨེར་པོ་ཐེད”གྲོང་པའི་མཆོད་གཞི་ཡིན་ཞིང་དགོན་པ་འདི་ལོ་རྒྱུས་སྟེང་རྒྱུ་རྐྱེན་གང་མང་གིས་དགོན་གནས་སྔ་ཕྱི་ཐེངས་གསུམ་ལ་སྤར་མྱོང་།ད་ལྟའི་གནས་འདིར་མ་སྤོར་གོང་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་གི་ཕྱིའི་བཀོད་པ་ནི་ལྷ་ཁང་བདུན་དང་།  མཆོད་རྟེན་གཅིག  མཛོད་ཁང་གཉིས་བཅས་ཀྱིས་གྲུབ་ལ། དགོན་པ་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི་སུམ་ཅུ་ལྷག་ཡོད། 

དེ་ཡང་དགོན་པའི་ཆགས་སྟངས་ནི་གྲལ་མཉམ་ལ་བརྗིད་ཆགས་ཤིང་དད་ལྡན་མང་ཚོགས་ཀྱི་དད་པའི་རྟེན་དུ་གསོན་ཉམས་ལྡན་པར་གནས་ཡོད། དགོན་པའི་སྒོ་ཆེན་གྱི་ཁ་གཏད་དུ་གྱང་ཡོལ་ཚོན་གྱིས་བྱུགས་པ་ཞིག་དང་གྱང་ཡོལ་གྱི་མདུན་ཕྱོགས་སུ་མཐོ་ཞིང་སྦོམ་པའི་དར་བོ་ཆེ་ཞིག་ཀྲོང་ངེར་བཙུགས་ཡོད་པའི་

གཞོགས་གཉིས་ལ་རྒྱ་ཤུག་དང་ཐང་ཤིང་གཅིག་རེ་ཡོད་པ་སོགས་ད་ལྟའང་མཐོང་རྒྱུ་ཡོད་པར་སྣང་།  དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་དེ་དར་རྒྱས་ཆེ་བའི་སྐབས་གྲྭ་བ་ལྔ་བརྒྱ་ལྷག་ཙམ་ཡོད། དགོན་པར་ལོ་རེར་ཆོས་ཚོགས་ཆེན་མོ་བརྒྱད་ཡོད་ཅིང་ཟླ་གསུམ་རིང་ལ་བསྟུད་མར་འཚོགས་དགོས་པར་གསུངས། ལོ་རེའི་ཟླ་དང་པོའི་ཚེས་བདུན་དང་ཟླ་དྲུག་པའི་ཚེས་ཉེར་བཞིའི་ཉིན་ལ་འཆམ་འཆམ་དགོས། དེ་མིན་དགོན་པའི་ཉེ་འདབས་ཀྱི་མང་ཚོགས་ཚོའི་དགོས་མཁོ་ལྟར་རིམ་གྲོ་འདོན་པ་དང་གཤིན་པོར་ལྷོ་སྒོ་དང་བསྔོ་སྨོན་སོགས་བྱེད་བཞིན་ཡོད། ད་ལྟའི་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་ནི་སྤྱི་ལོ2006ལོའི་ཟླ6པའི་ཚེས1ཉིན་ལ་ཧེ་ལུང་ཅཱང་ཞིང་ཆེན་ཏཱ་ཆིན་གྲོང་ཁྱེར་ཐའེ་ཁང་རྫོང་ཞའོ་ལིན་ཁུག་གྲོང་རྡལ་དུ་བསྐྱར་འཛུགས་བྱས་ཤིང་རྫོང་ཐོག་དང་སྤྱི་ལེ་བཅུ་བདུན་ཡོད་པའི་སར་ཆགས་ཡོད་ལ་ཕྱོགས་གསུམ་མཚེའུ་ཡིས་བསྐོར་ཡོད།

ས་ཁྱོན་ལ་རྨི་གྲུ་བཞི་མ་སུམ་ཁྲི་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་དང་གཙུག་ལག་ཁང་དང་གྲྭ་ཤག་སོགས་བསྡོམས་པའི་ལྷ་ཁང་ཉི་ཤུ་ལྷག་བཞེངས་ཡོད།  དགོན་པའི་ལྕགས་རི་རྨིད་ཆིག་སྟོང་ལས་བརྒལ་ཤིང་ལྕགས་རིའི་ཕྱི་རོལ་ཏུ་རླངས་འཁོར་འཇོག་ས་རྨིད་ཆིག་སྟོང་ལྔ་བརྒྱ་ལྷག་གི་རིང་ཚད་ལ་སྣུམ་ལམ་བླུགས་ཡོད། 

2 དགོན་པའི་འཛུགས་བསྐྲུན་གཙོ་བོ་དག

དེ་ཡང་འཛུགས་བསྐྲུན་གྱི་གཙོ་བོར་ཚོགས་ཆེན་འདུ་ཁང་དང་།  དེའི་གཡས་སུ་ཐུབ་པ་ལྷ་ཁང་།  གཡོན་དུ་རྗེ་ལྷ་ཁང་།  ཚོགས་ཆེན་འདུ་ཁང་གི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཆིག་སྟོང་དྲུག་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད་ཅིང་དཀྱུས་ལ་རྨི་ཉེར་བཞི་དང་ཞེང་ལ་རྨི་ཉེར་གཅིག མཐོ་ཚད་ལ་ཡང་རྨི་ཉེར་གཅིག་ཡོད།   ཚོགས་ཆེན་འདུ་ཁང་ལ་ཟངས་ཀྱི་རྒྱབ་ཕིབས་ལ་གསེར་སྦྱར་པས་འོད་འཚེར་ཞིང་གྱད་མི་བཏེགས་པའི་གཡང་ཊིའི་ཀ་རྡོ་དྲུག་གིས་ཀྱང་མཛེས་པར་བྱས་ཡོད།

ཚོགས་ཆེན་འདུ་ཁང་དུ་མིའི་ལུས་ཚད་ཡོད་པའི་ཟངས་དམར་གྱི་ལྷ་སྐུ་སོ་དྲུག་ལ་གསེར་སྦྱར་ནས་བཞེངས་ཡོད།    འདུ་ཁང་གི་གདུང་གྲལ་དུ་སྟོན་པ་གཙོ་འཁོར་གསུམ་པ་དང་གཡས་གཡོན་གཉིས་སུ་རིམ་བཞིན་སངས་རྒྱས་འོད་སྲུངས་དང་རྗེ་ཡབ་སྲས་གསུམ། རིག་གསུམ་མགོན་པོ་དང་རྗེ་བཙུན་སྒྲོལ་མ་བཅས་ཀྱི་སྐུ་བཞེངས་ཡོད་ལ། གསུང་རབ་ལ་གོང་མ་ཆཱན་ལུང་གི་བཀའ་བསྟན་དང་བསྟན་བཅོས་སྣ་ཚོགས་བཞུགས་ཡོད། 

ནང་དུ་རྒྱ་བོད་ཀྱི་སྲོལ་རྒྱུན་ལྡེབས་རིས་དང་གདུགས་དང་རྒྱལ་མཚན་གྱིས་སྤྲས་ཤིང་། དྲ་བ་དྲ་ཕྱེད་ཀྱི་དཀྱིལ་དུ་རི་བོ་དགེ་ལུགས་པའི་བླ་བརྒྱུད་རྣམས་གོས་དྲུབ་ཀྱི་ཐང་གའི་རྣམ་པར་བཞེངས་ཡོད།  འདུ་ཁང་གི་གཡས་སུ་ཐུབ་པ་ལྷ་ཁང་དང་དེའི་རྟེན་དུ་རྨི་དགུ་ཅན་གྱི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དང་། གཡོན་དུ་རྗེ་ལྷ་ཁང་དང་དེའི་རྟེན་དུ་རྗེ་རིན་པོ་ཆེའི་མཐོ་ཚད་ལ་རྨི་དགུ་ཡོད་པ་ཞིག་བཞེངས་ཡོད་།    ལྷ་ཁང་འདི་གཉིས་ཀྱི་འཛུགས་བསྐྲུན་གྱི་རྒྱ་ཁྱོན་ནི་སོ་སོར་རྨི་གྲུ་བཞི་མ་དགུ་བརྒྱ་ཉེར་བཞི་དང་། ཞེང་ལ་རྨི་བཅུ་དགུ་དང་དཀྱུས་ལ་རྨི་བཅུ་དྲུག  དཔང་ལ་རྨི་བཅོ་ལྔ་བཅས་ཡོད་དོ།  །

ཐུབ་པ་ལྷ་ཁང་དང་རྗེ་ལྷ་ཁང་གཉིས་ཀྱི་གཡས་གཡོན་དུ་དེང་དུས་ཀྱི་ཨར་འདམ་ལས་གྲུབ་པའི་ཐོག་བརྩེགས་གསུམ་ཅན་གྱི་གྲྭ་ཤག་ཡོད་ལ་རྨི་གྲུ་བཞི་མ་བཞི་སྟོང་བཞི་བརྒྱ་དང་མཐོ་ཚད་ལ་རྨི་བཅུ་གཉིས་ཙམ་མཆིས། དེ་ཡང་ཁེར་ཐོག་ནི་ཇ་ཁང་།  ཉིས་ཐོག་ནི་གྲྭ་ཤག    སུམ་ཐོག་ནི་མི་སུམ་བརྒྱ་ཙམ་ཤོང་ཐུབ་པའི་ཚོགས་ཁང་ཡིན།

དེ་ཡང་གཞན་སྤྱན་རས་གཟིགས་ལྷ་ཁང་དང་དེའི་གཙོ་སྐུ་ནི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སུམ་ཐོག་གི་མཐོ་ཚད་ཅན་བཞུགས།  འཇམ་དབྱངས་ལྷ་ཁང་དུ་ཉིས་ཐོག་གི་མཐོ་ཚད་ཅན་གྱི་འཇམ་པའི་དབྱངས་དང་།   ཕྱག་རྡོར་ལྷ་ཁང་དུ་ཡང་ཉིས་ཐོག་གི་མཐོ་ཚད་ཅན་གྱི་ཕྱག་ན་རྡོ་རྗེ་སྟེ་ལྷ་ཁང་དེ་གསུམ་ནི་ཏག་ཏག་འདུ་ཁང་གི་ཁ་གཏད་དུ་ཡོད་།  འཛུགས་བསྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཉིས་སྟོང་ཡོད་ལ་ཕྱག་རྡོར་ལྷ་ཁང་དང་འཇམ་དབྱངས་ལྷ་ཁང་གཉིས་ཉིས་ཐོག་ཡིན། 

པཎ་ཆེན་རིན་པོ་ཆེའི་བླ་བྲང་དང་བཞག་པ་རིན་པོ་ཆེའི་བླ་བྲང་། ཚོགས་ཁང་།  སྲུང་མའི་ལྷ་ཁང་བཅས་དགོན་པའི་རྟེན་བཞེངས་ཀྱི་འཕྲོ་མ་ལུས་པར་མཇུག་ལེགས་པར་གྲུབ་ནས་ད་སྔ་ཏཱ་ཆེན་ཕུན་ཚོགས་རྣམ་དག་གླིང་ན་དགེ་འདུན་པ་སུམ་ཅུ་ལྷག་བཞུགས་ལ། བཞག་པ་སྐུ་ཕྲེང་བཞི་པ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་འཇམ་དབྱངས་མཁས་གྲུབ་བམ་མཚན་གཞན་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་ཁོང་ཁྲི་བར་བཞུགས་ཡོད། དགོན་པའི་ཕྱི་ནང་གི་བཀོད་པའི་འཛུགས་བསྐྲུན་ནི་བོད་བརྒྱུད་ནང་བསྟན་དགོན་པ་ཇི་བཞིན་དུ་གྲུབ། གཞན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་པ་ནི་རྒྱ་བོད་སོག་གསུམ་གྱི་དགེ་འདུན་པ་ཡིན་ལ་དམངས་གཙོ་ཡི་ལམ་ནས་བདག་གཉེར་དང་། དོ་དམ་ཨུ་ཡོན་ལྷན་ཁང་གི་མངའ་ཁོངས་སུ་སློབ་སྦྱོང་ཚན་ཁག  སྣེ་ལེན་ཁང་སོགས་བསྡོམས་པའི་ཚན་ཁག་བཅུ་གཅིག་གི་གྲུབ་ལ་ཆོས་ཚོགས་སོགས་དགོན་པའི་ཕྱོགས་ཡོངས་ལ་འགན་བཞེས་གནང་བཞིན་ཡོད། 

3 ཆོས་ལུགས་ཀྱི་ཆོ་ག

ཉིས་སྟོང་དྲུག་ནས་བཟུང་སྟེ་ལོ་རེའི་ཟླ་བཞི་པ་དང་དྲུག་པར་བཞག་པ་རིན་པོ་ཆེ་མཆོག་གིས་མངོན་རྟོགས་རྒྱན་རྩ་འགྲེལ་སྦྲགས་ནས་དགེ་འདུན་པ་ཉིས་བརྒྱ་ལྷག་དང་དགེ་བསྙེན་མང་པོར་རྒྱ་དཀར་ནག་གི་གཞུང་ལུགས་དང་འབྲེལ་ནས་འཆད་ཁྲིད་ཟབ་རྒྱས་གནང་བཞིན་ཡོད། ལོ་རེར་དད་ལྡན་སེར་སྐྱ་ཡོངས་ཀྱི་དགོས་མཁོ་ལ་དམིགས་ནས་ཆེད་དུ་མ་ཎི་བུམ་སྒྲུབ་དང་། ཚེ་འདས་ལ་དམིགས་ནས་གཤིན་པོའི་སྦྱོང་ཆོག  ཚེ་ལྡན་ལ་བགེགས་དང་བར་ཆད་སེལ་ཕྱིར་སྦྱིན་སྲེག་གི་ཆོ་ག   གཞོན་སྐྱེས་ལ་དམིགས་ནས་འཇམ་དབྱངས་ཆོས་ཚོགས།   ནད་པ་ལ་དམིགས་ནས་སྨན་བླའི་སྟོང་མཆོད་སོགས་ལོ་རེའི་ཆོས་ཚོགས་རྣམས་གཏན་འཇགས་སུ་ཚུགས་ཡོད།

ཆོས་ཚོགས་སོ་སོའི་སྐབས་སུ་སོག་རིགས་དང་། ཞི་པོ་རིགས། ཏ་ཝོར་རིགས་དང་། རྒྱ་རིགས་སོགས་རིགས་སོ་སོའི་དད་ལྡན་རྣམས་ཕྱོགས་ཀུན་ནས་འདུ་ཞིང་ཆོས་ཚོགས་ལ་ཞུགས་མཁན་ཧ་ཅང་མང་པོ་ཡིན། དུས་དེ་དང་བསྟུན་ནས་རིན་པོ་ཆེ་ཁོང་གིས་རིགས་སོའི་དད་ལྡན་པ་རྣམས་ཀྱི་བློ་ཁ་དང་འཚམས་པར་ལམ་གཙོ་རྣམ་གསུམ་དང་། ལམ་རིམ་ཆེན་མོ། སྤྱོད་འཇུག་སོགས་ཀྱི་དཔེ་ཁྲིད་གནང་དང་གནང་མུས་སུ་བཞུགས།      

རིན་པོ་ཆེ་མཆོག་གིས་སྨོན་ལམ་དང་ཐུགས་བསྐྱེད་ལས་ཏཱ་ཆེན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་ནི་རྒྱ་ནག་གི་ཡུལ་ཕྱོགས་འདིར་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་ལ་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པ་མཛད་པའི་དགོན་སྡེ་ཉག་གཅིག་ཏུ་གྱུར་ཡོད།  དད་ལྡན་མང་ཚོགས་ལ་ནང་བསྟན་རིག་པའི་བྱམས་སྙིང་རྗེ་དང་།  ཤེས་རབ། ལྟ་གྲུབ་སོགས་ཀྱི་ཐད་དུ་བགྲོ་གླེང་དང་བསམ་བློ་བརྗེ་རེས་གོ་སྐབས་སྤྲད་ཅིང་བསམ་བློའི་ཆུ་ཚད་དར་སྤེལ་ཏུ་བཏང་ནས་མང་ཚོགས་ཀྱི་ཀུན་སྤྱོད་དང་མི་གཞིའི་སྤུས་ཚད་སོགས་དབྱར་གྱི་ཆུ་བོ་བཞིན་གོང་ནས་གོང་དུ་འཕེལ་བཞིན་མཆིས། མ་ཟད་སྤྱིར་འགྲོ་བ་སེམས་ཅན་ཡོངས་ལ་བདེ་སྐྱིད་དང་སྒོས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་ཁྱབ་ཅིང་འགྲོ་བ་སེམས་ཅན་ཡོངས་ལ་ཕན་པའི་འདུ་ཤེས་བཟང་པོ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད།    


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།