ཞལ་གདམས་མགུར་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགུར་མ་འདིའི་ནང་རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེས་ཁྱབ་བདག་བླ་མ་དཀོན་མཆོག་མཚན་ཅན་གྱི་རྟོགས་པ་དང་། མཁས་བཙུན་བཟང་གསུམ་དང་། ལྟ་སྒོམ་སྤྱོད་གསུམ། སྐུ་གསུང་ཐུགས་གསུམ་ལ་བསྟོད་པ་རྒྱ་ཆེར་མཛད་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེ།
1 མ་ཡིག

ན་མོ་སྭ་ར་སྭསྟྱེེ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད1། ། ཐབས་སུ་མཁས་པའི་སྒྱུ་འཕྲུལ་དྲ་བ་ཆེ། ། གང་འདུལ་གཟུགས་སྐུའི་རྣམ་རོལ་འཇོ་སྒེག་གར། ། སྒྱུར་བའི་རྣམ་འདྲེན་ཁྱབ་བདག་བླ་མར་འདུད། ། མང་ཐོས་མཁས་པ་མཐོང་ཡང་དཀར་མི་འཛུམ། ། དམ་པའི་ལེགས་བཤད་དག་དང་རིང་ནས་འཁོན། ། སྡིག་པ་ནག་པོ་ཁོ་ནར་ཡིད་གཏད་མིག ། འདི་སྣང་ལ་ཞེན་སྒྲུབ་ངན་བོར་ནས་བདེ། ། འཇིག་རྟེན་རབ་དགའ(རྒྱུ་སྐར)རྒྱས་པའི་ཕྲེང་བ་དཀྲིགས། ། རྟག་ཏུ་རྣམ་པར་དཀར་བ་ཁོ་ན་འཛག ། ལྷག་པའི་བསམ་པ་བརྟན་པའི་རི་བོང་ཅན། ། ཐུབ་བསྟན་ས་མོས་གཉེན(ཟླ་བ)དེ་ཁྱོད་ལས་སུ། ། མཁས་དང་བཙུན་དང་བཟང་དང་གྲུབ་པ2བརྙེས། ། ཞི་དང་དུལ་དང་དེས་དང་ཤིན་ཏུ་དུལ། ། དམ་པ་དག་གི་མཛད་པ་མ་ལུས་ཀྱང་། ། རྒྱལ་བས་ཁྱོད་ཉིད་ཁོ་ནར་བྱིན་ནམ་ཅི། ། ཟབ་དང་བརླིང་དང་མ་ཟློས་མི་དམན་པའི། ། བརྗོད་བྱ་རྗོད་བྱེད་སྐྱོན་གྱིས་གོས་མིན་གསུང་། ། ཐུབ་པའི་མཚན་བཟང་མགུར་ལས་འོང་བ་དག ། མ་བསླབས་བརྩེ་བའི་འཛུམ་གྱིས་འགྲོ་ལ་འདོམས། ། མ་ཞུམ་མི་དམན་ཧ་ཅང་ང་མི་རྒྱལ། ། དལ་དང་བྲེལ་དང་ཕྲ་དང་ཞིབ་དང་ཟབ། ། རྣམ་དཔྱོད་སྲིད་སྒྲུབ་མདའ་ཡི་ནུས་ཅན་གྱིས། ། རྩོད་ལ་ཕྱོགས་ལས་རྣམ་རྒྱལ་ཆོས་གྲགས3བཞིན། ། སྙན་དང་འཇེབས་དང་ཟབ་དང་བརླིང་བའི་ངག ། དཔྱད་པ་གསུམ་གྱི་ལམ་ནས་འོང་བ་གང་། ། དག་བྱེད་གངྒཱའི་དཔལ་དེ་བདག་གིར་བྱས། ། ཚོགས་ཀྱི་མཆོག་གྱུར་དགེ་འདུན་འདུས་པའི་སྡེ། ། མཁས་བཙུན་བཟང་པོས་རྒྱུད་གང་སེར་པོའི་ཞྭས། ། གཙུག་ཏོར་མཛེས་ལྡན་ངུར་སྨྲིག་པའི་སྡེས། ། འཛིན་མའི་ཁྱོན་ཡོངས་མ་ལུས་འགེངས་པར་ཤོག ། སྟོན་པའི་ཞལ་སྐྱིན་བླ་མའི་ཞབས་བརྟན་ཤོག ། ཉི་བཞོན་ངལ་དུ་འཛིན་པའི་དང་པོའི་རི(ཆུ་འཛིན)། ། རིན་ཆེན་ལྟོ་བ་གྱེས་པའི་ཆུ་གཏེར་བཞིན། ། དམ་པའི་རིན་ཆེན(རང་བཞིན། ལྷན་སྐྱེས་བདེ་ཆེན་ལས་གྲུབ་ཟུང་འཇུག་སྐུའི)ཁོ་ན་ལས་གྲུབ་པའི། ། མངལ་ལྡན་མ་འདི་ལྷ་མོ་སྒྱུ་འཕྲུལ་མ། ། གང་ཞིག་བལྟམས་ཚེ་ལུས་ནི་རབ་གཞོན་ཀྱང་། ། བློ་ནི་རྒྱལ་བ་ཀུན་ལས་རབ་རྒན་པའི། ། རྒྱལ་སྲས་ཟླ་བ་རྣམ་དཔྱོད་འོད་སྟོང་གིས། ། མདོ་རྒྱུད་པད་ཚལ་རྒོད་པ་ཨེ་མ་རྨད། །

གསུང་གི་དབང་ཕྱུག་དཀར་དམར་རིག་བྱེད་མ། ། ཉི་ཟླ་ཟུང་གིས་ཁོ་བོའི་བློ་གྲོས་མཁའ། ། བཟུང་ནས་རྨོངས་པའི་དྲི་མ་བཅོམ་དང་ལྷན། ། རྩོད་པའི་པདྨ་རྩོམ་པའི་ཀུནྡ་ཕྱེ། ། འཇམ་མགོན་ཉིན་བྱེད་སྒྲ་དབྱངས་རི་བོང་ཅན། ། རིང་ནས་བོས་ཏེ་ཁོ་བོའི་བློ་མཁའ་ལ། ། ཞུགས་ཚེ་རྨོངས་པའི་མུན་བསལ་ཉིད་དང་ལྷན། ། བློ་ཡི་པད་མ་བརྩོན་པའི་ཀུ་མུད་རྒྱས། ། ཁོ་བོའི་བློ་དང་ཉིན་བྱེད་ལྡན་པའི་མཁའ། ། བརྩམ་པའི་ངག་དང་ནོར་བུ་འབྱུང་བའི་མཚོ། ། ཕན་ཚུན་མཚུངས་ལས་ཟབ་རྒྱས་ངང་ཚུལ་ལ། ། དཔྱོད་ཕྱིར་མེས་པོས་ཀྱང་ནི་གདོང་བཞི4སྤྲུལ། ། སྦྱངས་པའི་ས་འཛིན་སྤོར་ཕྱིན་དཔྱོད་པའི་སྤྱན། ། དཀྱུས་རིང་སྟོང་ཕྲག་བགྲད་དེ་བརྩོན་པ་ཡི། ། རྩེ་བརྒྱས་ཉེས་བཤད་རི་བོ་བགྲོད་བཅོམ་པས5། ། རྨོངས་པའི་ལྷ་མིན་མོ་ཡི་མངལ་ཀུན་ལྷུང་། ། བགྲང་བྲལ་རྡུལ་གྱི་གྲངས་ལ་ལྟ་བའི་མ། ། ལེགས་བྱས་འོད་སྣང་བཏང་སྟེ་སྡིག་མུན་དུ། ། གཅིག་ཏུ་རྨོངས་པར་མནལ་བ་འདི་དག་གིས། ། བདག་སེམས་ས་མཆོག6ཇི་བཞིན་སིལ་བར་བྱས། ། བསླབ་དང་སྦྱངས་ལ་སྲིན་བྱས་སྣང་གཏེར་དཔེ། ། སྐྱིད་དང་གྲགས་ལ་བསྐྲད་ནས་འབོད་པ་འགའི། ། ཐུགས་ཀྱི་ངོ་ན་རྣལ་མ་མཆིས་མ་མཆིས། ། ཟླ་བའི་འོད་ཀྱི་མུན་པ་འདི་ལ་མཐོང་། ། སྔོན་བསགས་མེས་པོས་བྱིན་པའི་སྙན་ངག་གི ། གངྒཱ་འདི་ཀོས་དྲི་མ་ཉེར་སེལ་ཀྱང་། ། ཁྱབ་འཇུག་རྐང་པ་བཀྲུས་མིན་རྣམ་དཔྱོད་ཀྱི། ། རལ་བ་ཁོ་ནས་འཛིན་འདི་ཕལ་དང་ཅི། ། བླ་མའི་གསུང་གི་ཉི་ཟེར་གྱིས་ཕྱེ་བའི། ། སྨྲ་བ་འདབ་བརྒྱར་རྫོགས་པའི་སྙན་ཚིག་དྲིས། ། ཕྱོགས་ཀྱི་བློ་གསལ་དྲུག་ལྡན7ཀུན་བསྡུས་ནས། ། ལེགས་བཤད་སྤྲང་རྩིས་ངོམས་པར་བྱས་པ་འདྲ། ། འགྲོ་བའི་བླ་མ་ཁོ་བོ་ལ་དགྱེས་པའི། ། ལེགས་བྱས་ཚོགས་གཉིས་བླ་ན་འབར་བའི་རྔ། ། དམན་མིན་དད་པའི་དབྱུ་གུས་བསྐུལ་པ་ལས། ། བྱུང་བའི་གྲགས་སྙན་རྣ་བའི་འདོད་བ་འཇོ། །

སངས་རྒྱས་ཀུན་གྱི་གསང་གསུམ་རྒྱ་མཚོ་ཆེ། ། དམ་པའི་གཟུགས་སུ་འཁྱིལ་བའི་ཟློས་གར་གྱི། ། ཞལ་ལུང་མ་ཉམས་ལེགས་པར་འོངས་པ་འདི། ། རྡོ་རྗེ་ཐེག་པའི8གསང་བ་ལས་ཆེས་གསང་། ། སྙན་བརྒྱུད་སྙིང་བོ་ཅན་གྱི་ཉམས་མྱོང་ཁྲིད། ། མ་ཐོབ་ཚིག་སྤྱི་ཙམ་གྱི་བཟླས་ལུང་ལ། ། བརྟེན་ནས་འཁྲིད་པའི་བླ་གཟུགས་འདི་དག་གིས། ། སྙན་བརྒྱུད་འདི་འདྲ་མཐོང་ཚེ་སྙིང་འགས་སམ། ། མཁའ་ཡི་མཐའ་ལ་བཅལ་བའི་ཡོན་ཏན་གྱིས། །  ཆེས་ཆེར་ལྕི་བའི་ཁུར་གྱིས་ས་འཛིན་མ། །  རབ་ནོན་མ་ཐེག་འཁུན་བུ་སྤྲིན་གྱི་སྒྲར། །  འབྱིན་པའི་རྔུལ་ཆུ་དབྱར་གྱི་ཆར་བཞིན་འབབ། །  མཚམས་སྤྲིན་གོས་ཅན་གཞོན་ནུའི་གདུང་སེམས་མཆུ། ། ན་སོས་རྒན་ཀྱང་ཉེ་མིན་གཅིག་ཤོས་ལ། ། བར་མ་དགའ་རབ་དགའ་བའི་ཕྲེང་བ་ཡིས། ། མི་འཛུམ་ནག་དང་དམར་བའི་འཛུམ་འདི་ཅི། ། གཞལ་དཀའི་གངྒཱ་སྐྱེས9ཀྱི་གོང་བུ་ཆེ། །  གདོང་རྩར་འོང་ཚེ་ཉེ་བར་སྤྱོད་མིན་པར། །  རྒྱུ་མ་ལེབ་མོའི་ནད་ཀྱི་འཇོམས་བྱེད་གཞན། །  བསྟེན་པར་བྱེད་གང་བློ་དང་ལྡན་ནམ་ཅི། ། གང་ཞིག་བསྟེན་ན་རང་གསལ་གཞན་གསལ་བ། ། ཡངས་པའི་མཁར་འགྲོ་བཅུ་གཉིས་བདག་བོར་ནས། ། བྲག་ཆའི་རྗེས་ཟློས་ཙམ་ལ་ཞེན་པ་ཡིས། ། མཚན་མོར་རྒྱུ་བའི10སྤུན་ཟླ་བྱེད་པ་ཅི། ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་མཐར་སོན། ། མཐའ་ཀླས་གྲུབ་མཐའི་ཆུ་གཏེར་ཆེ་དེ་བརྒལ། ། གནས་ལྔ11དཀའ་གནས་མཁའ་ལ་རྒྱུ་སྐར་ལྟར། ། མ་འདྲེས་ཡིད་ལ་གསལ་དེས་འདི་བརྩམས་སོ། ། ཁྱད་འཕགས་དོན་གྱི་བཞིན་ལྡན་མེ་ལོང་མ། ། ཀ་ཡེ་བྱིས་པའི་འཁྲུལ་སྤྱད་གོས་ཧྲུལ་བསྐྱུར། ། གསར་བཤད་སྙན་འཇེབས་དུ་ཀཱུ་ལ་ཡི་རས། ། གྱོན་ལ་རྨད་བྱུང་འཛུམ་པའི་དཔལ་ངོམ་ཞིག ། ཐུབ་བསྟན་མཁའ་དབྱིངས་གསལ་བྱེད་ཐ་སྙད་ཀྱི། ། རིག་གནས་བཅུ་གཉིས་བདག་པོས་གསལ་བྱས་པས། ། མང་ཐོས་འདབ་བརྒྱ་ལྡན་པས་ཕྱོགས་ཀུན་ཁྱབ། ། བློ་བཟང་བསྟན་པའི་འཛིན་མ་མཛེས་གྱུར་ཅིག ། ཤེས་བྱར་ཡོད་དོ་ཅོག་ཀུན་མང་ཐོས་ཀྱི། ། ཉ་ལྕིབས་ཁོག་པར་བསྒྲུབ་པའི་གནས་ལྔའི་བསྟན། ། འཁྲུལ་བྲལ་མུཀ་ཏི་ཀ12ཡི་དོ་ཤལ་གྱིས། ། བློ་གསལ་མགྲིན་མཛེས་བློ་བཟང་བསྟན་པའི་རྒྱན། །

བླ་མ་ཡི་དམ་གསོལ་བཏབ་བསགས་སྦྱངས་གཤིན་ས་ལས། ། ལེགས་འཁྲུངས་ལུང་གི་འབྲས་བུ་གཞོན་ནུ་སྨོན་ལམ་ཆུས། ། བརླན་བྱས་དགའ་བདེའི་མེ་ཏོག་གཡུར་དུ་ཟ་བ13དེར། ། ཡིད་ཀྱི་བུང་བ་སྤྲོ་བའི་འཕུར་ལྡིང་ཅི་ཡང་བྱེད། ། བརླིང་བརླིང་མཁས་གསུངས་གནམ་ལྕགས་སྤུན་ཟླ་དེས། ། ཟོབ་ཟོབ་ཚིག་སྦྱོར་དམའ་འབེབས་ཕ་རོལ་རིར། ། དྲག་དྲག་ཐལ་སྐད་འབྲུག་སྒྲ་དགོད་པ་དང་། ། བསམ་བསམ་བཞིན་དུ་ལྷན་ཅིག་མེད་པར་བཅོམ། ། འཁྲུལ་བའི་མ་དག་སྣང་བ་འཇའ་ལྟར་བཀྲ། ། མཐའ་མེད་འཁོར་བའི་གནས་འདི་མེ་ལོང་འདྲ། ། ངེས་འབྱུང་རྒྱུད་ལྡན་མཆེད་གྲོགས་ཉིན་སྐར་སོང་། ། ཀྱེ་བདག་སེམས་འདིར་ཅི་ཞིག་མི་འཆར་ཅི། ། ལས་རླུང་དྲག་པོས་མི་འདོད་ཕྱོགས་སུ་བསྐྱོད། ། འཁོར་བའི་རྒྱ་མཚོར་སྡུག་བསྔལ་ན་ཀྲའི་ཁར། ། ལུས་ཀྱི་རྫིང་བུ་འཆི་བདག་གིས་བོས་བཞིན། ། ཀྱེ་རྨོངས་ཁྱོད་ནི་སོས་དལ་འདུག་ཁོམ་མཚར། ། ལས་རླུང་གིས་བསྐྱོད་འཁོར་བ་ངེས་མེད་ནི། ། ཕ་མ་དག་ཀྱང་བུ་དང་ཆུང་མར་གྱུར། ། དགྲ་སོགས་དག་ཀྱང་གྲོགས་དང་དགྲ་རུ་གྱུར། ། ཀྱེ་བདག་ཕྱོགས་འཛིན་མི་འདོར་ཅི་ཞིག་བསམ། ། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། ། དགྲ་གྲོགས་ངེས་མེད་བྱ་སྤུ་རླུང་ཁྱེར་འདྲ། ། འཁོར་བའི་བདེ་བ་མཛེ་ཅན་མེས་བསྲེགས་འདྲ། ། ཚིག་འདི་ཚིག་ཏུ་མ་འཇོག་དོན་དུ་ཟུངས། ། ཀྱེ་ཁྱོད་དགེ་སྦྱོང་སྒྲ་སྤྱིར་སོང་མིན་ནམ། ། ཁྱོད་ནི་ཆུ་སྐྱར་བྱི་ལའི་སྤྱོད་པ་དེ། ། ཆོས་བརྒྱད་དོན་དང་ལྷན་ཅིག་ཆོམས་འཛོད་ལ། ། དབེན་པའི་ལྡིང་ཁང་དག་ཏུ་མི་རྒྱུ་ཅི། ། བསམ་དོན་གཅིག་ཆོད་མེད་ན་སྨྱོན་པ་རང་། ། ཁ་སྨྲས་སེམས་མི་ཟིན་ན་བཟི་བོ་ཡིན། ། ཚེ་འདི་གཙོ་བོར་འཛིན་ན་དུད་འགྲོ་ཡིན། ། བདེ་འདོད་དགེ་བ་མི་སྒྲུབ་བླུན་པོ་ཡིན། ། ད་ནི་ཚེ་འདིའི་བྱ་བ་ཆོས་བརྒྱད་སོགས། ། གཡང་སྐྱུར་དབེན་པར་ཚེ་ལྷག་སྣུམ་ཟད་ཀྱི། ། སྒྲོན་མེ་ཆོས་ཀྱི་སྣང་བས་སྐྱོང་བ་ལ། ། བླ་མ་ཡི་དམ་ཆོས་སྐྱོང་གྲོགས་མཛོད་ཀྱེ། ། མང་ཐོས་ཤར་རིའི་རྩེ་རུ་མ་ཕྱིན་པའི། ། ཐུབ་བསྟན་པད་མོའི་གཉེན་དུ་མ་གྱུར་ཀྱང་། ། ལེགས་བཤད་སྣང་བ་གཞོན་ནུ་བརྒྱ་སྤྲོ་བའི། ། བུམ་ནང་ཨ་ལོ་ཀེ་གཅིག་འདི་ན་འདུག ། མཁས་པའི་གསུང་རབ་ནགས་ཚལ་སྟུག་གཡོ་ན། ། རང་འདོད་ཆོས་ཀྱི་ལམ་འགྲོ་ལུང་རིགས་ཀྱི། ། གཤོག་ཟུང་གཞོན་ནུ་འཛིན་ཅིང་ཆོས་བརྒྱད་ཀྱི། ། མི་གཙང་སྤངས་ཙ་གོ་ར14གཅིག་ཡང་ཡིན། ། རྒྱལ་གསུང་དབྱར་རྔའི་བདེ་ཁུར་མངལ་འཛིན་ཅིང་། ། ཚུལ་འཆོས་གཤོག་ཟུང་ནག་པོ་རབ་སྤངས་ཤིང་། ། སྙན་ཚིག་སྒྲོ་འདོངས་མཁས་ཀུན་དགའ་བྱེད་གར། ། བསྒྱུར་མཁས་སྔོན་མེད་མགྲིན་མཛེས་གཅིག་ཀྱང་འདུག ། མང་མང་ཚིག་གི་སྦྱོར་བ་རབ་སྤངས་ཀྱང་། ། སྙན་སྙན་ལེགས་བཤད་ཚིག་འགའ་དྲན་པའི་ཚེ། ། དཀར་དཀར་ཤོག་བུའི་ཐང་ལ་ཚིག་གི་རྗེས། ། ཡང་ཡང་འགོད་འདི་སྤྲང་བཙུན་ངག་དབང་ཡིན། ། མཁས་ནས་འདི་འདྲ་བྱས་པ་མིན་མོད་ཀྱང་། ། བླ་མའི་བཀའ་དྲིན་དྲན་དང་སྣང་ཚུལ་འགའ། ། ཡིད་ལ་ཤར་ཚེ་རང་སེམས་གསོལ་འདེབས་རྔ། ། ཡིད་ཀྱི་དབྱུ་གུས་བསྐུལ་ནས་འདི་སྐད་བསྒྲགས། །

2 མཆན་འགྲེལ།

1.གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གནས་གསུམ་གྱི་མཛེས་བྱེད་ཀྱི་རྒྱན་ལྟ་བུ་ཡིན་པས་ན་རྒྱན་ཞེས་བྱ་ཞིང་། འཁོར་ལོ་ནི་རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་སྟེ་རིགས་གསུམ་གྱི་ལྷའི་དཀྱིལ་འཁོར་རམ་འཁོར་ལོ་ལ་བྱེད་པ་ཡིན་ཏེ། དེ་ལྟ་བུ་སྐུ་རྡོ་རྗེ་རྣམ་སྣང་། གསུང་རྡོ་རྗེ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པ་གསུམ་གྱི་བདག་ཉིད་དུ་གྱུར་བའི་ཡི་དམ་ལྷའི་འཁོར་ལོ་བརྒྱ་ཕྲག་འདུས་པའི་མཛོད་ལྟ་བུ་ནི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ཡིན་པས་ན་མཛོད་ཅེས་པའོ་ཞེས་ཁྲི་ཆེན་གྱིས་མཛད་པའི《རྗེ་བླ་མའི་བསྟོད་འགྲེལ》ལས་གསུངས།

2.མཁས་དང་བཙུན་དང་བཟང་དང་གྲུབ་པ། ཤེས་བྱ་རིག་པའི་གནས་ལ་མ་རྨོངས་པས་ན་མཁས་པ་ཡིན་ལ་དེའི་ཡོན་ཏན་འཆད་རྩོད་རྩོམ་གསུམ། སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གཙང་བས་ན་བཙུན་པ་དང་བཙུན་པའི་ཡོན་ཏན་སྡོམ་པ་གསུམ་གྱི་བཅས་པའི་མཚམས་ལས་མི་འདའ་བ། གཞན་ཕན་གྱི་ལྷག་བསམ་རྣམ་པར་དག་པས་ན་བཟང་བ་ཡིན་ཞིང་དེའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་མཛད་པ། གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་པའོ། །

3.ཆོས་གྲགས། འཛམ་གླིང་རྒྱན་དྲུག་གི་ཡ་གྱལ། དེ་ཡང་སློབ་དཔོན་འདི་ནི་དུས་རབས་དྲུག་པར་རྒྱ་གར་གྱི་ལྷོ་ཕྱོགས་ཡུལ་ཀཱཉྩི་ན་ག་ར་ཞེས་པའི་ཕྱོགས་སུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་དུས་ནས་རིག་གནས་ལྔ་དང་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངས་ནས་ལོ་བཅོ་བརྒྱད་སོན་ཚེ་མུ་སྟེགས་ཀྱི་ལྟ་བ་ལ་མཁས་པར་གྱུར། རྗེས་སུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་གཟིགས་ནས་མུ་སྟེགས་ཀྱི་གྲུབ་མཐའ་དོར་བས། ཕ་མ་ཞང་པོ་དང་བཅས་པས་ཁྱིམ་ནས་བསྐྲད། རྒྱ་གར་ཡུལ་དབུས་སུ་བྱོན་ནས་དེའི་སློབ་དཔོན་ཆོས་སྐྱོང་གི་དྲུང་དུ་རབ་ཏུ་བྱུང་ནས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས། སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ《ཚད་མ་ཀུན་འདུས》ཚར་གསུམ་གསན། ནཱ་ལེན་དྲར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་པོ་རིམ་གྱིས་ཚར་བཅད། རྒྱ་གར་ཤར་ལྷོ་ཕྱོགས་ཀུན་ཏུ་ཕེབས་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་ནང་པའི་བསྟན་པ་རྒྱ་ཆེར་སྤེལ།  ལྷ་ཁང་དང་ཆོས་གཞི་བརྒྱ་ཕྲག་ལྷག་གསར་དུ་བཙུགས། གསུང་གི་བདུད་རྩིས་སློབ་བུ་ཁྲི་ཕྲག་མང་པོ་བསྐྱངས། སྐུ་ཚེའི་མཐར་ལྷོ་ཕྱོགས་རྒྱུད་དུ་བཞུགས་ནས་ཡུལ་ཀ་ལིང་ཀར་མྱ་ངན་ལས་འདས། བརྩམས་ཆོས《ཚད་མ་རྣམ་འགྲེལ》དང་།《ཚད་མ་རྣམ་ངེས》《རིགས་པའི་ཐིགས་པ》《གཏན་ཚིགས་ཐིགས་པ》《རྒྱུད་གཞན་སྒྲུབ་པ》《རྩོད་པའི་རིགས་པ》བཅས་ཚད་མ་སྡེ་བདུན་གྱིས་གཙོས་པ་ཧ་ཅང་མང་བས་ཚད་མ་རིག་པའི་རྒྱན་དུ་གྱུར།

4.གདོང་བཞི། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི《རྟག་ངུའི་རྟོགས་བརྗོད》ཅེས་པའི་མཆན་རྟགས་30ལ་གཟིགས།

5.རྩེ་བརྒྱས་ཉེས་བཤད་རི་བོ་བགྲོད་བཅོམ་པ། རྩེ་བརྒྱ་ནི་ལྷ་དབང་བརྒྱ་བྱིན་གྱི་ལག་ཆ་དྲང་སྲོང་ཞོ་འཐུང་གི་རུས་པ་ལས་གྲུབ་པའི་རྡོ་རྗེ་རྩེ་བརྒྱ་བ་དང་། ཉེས་བཤད་རི་བོའི་གཟུགས་སུ་བཀོད་པ་ཡིན། དེ་ཡང་སྔོན་རི་བོ་རྣམས་འགྲོ་འདུག་བྱེད་པས་སྐྱེ་བོ་མང་པོ་ལ་གནོད་པ་ན་བརྒྱ་བྱིན་གྱིས་རྡོ་རྗེ་བསྣུན་ནས་རིའི་རྐང་བ་བཅག་པས་འགྲོ་མ་ཤེས་ལ། མྔི་ན་ཞེས་པའི་རི་རྒྱ་མཚོར་གྲོས་ནས་ཡོད་ཅེས་གྲགས་པས་ན། བརྒྱ་བྱིན་གྱི་མཚོན་ཆ་རྡོ་རྗེའི་མིང་ལ་རི་འཇོམས་ཞེས་ཀྱང་བྱའོ། །

6.ས་མཆོག ཙན་དན་དཀར་པོའི་མིང་།

7.དྲུག་ལྡན། རྐང་བ་དྲུག་ལྡན་ཏེ་བུང་བའི་མིང་།

8.རྡོ་རྗེ་ཐེག་པ། ལྕང་སྐྱ་ངག་དབང་ཆོས་ལྡན་པས་མཛད་པའི《ལུགས་གཉིས་ཀྱི་བསླབ་བྱ་རབ་གསལ》ཞེས་བྱ་བའི་མཆན་རྟགས་ཨང10ལ་གཟིགས།

9.གངྒཱ་སྐྱེས། གསེར་གྱི་མིང་།

10.མཚན་མོར་རྒྱུ་བ། ཉིན་མོ་ལོང་བ་སྟེ་བྱ་འུག་པའི་མིང་།

11.གནས་ལྔ། རིག་པའི་གནས་ལྔ་སྟེ། ཚིག་དོན་ལ་འཁྲུལ་བ་ཚར་གཅོད་བྱེད་སྒྲ་རིག་པ་དང་ཚད་མ་རིག་པ། གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན་བྱེད་བཟོ་རིག་དང་གསོ་རིག བདག་ཉིད་ཀུན་མཁྱེན་སྒྲུབ་པའི་ལམ་གྱི་རྣམ་པ་ཀུན་ཤེས་བྱེད་ནང་དོན་རིག་པ་སྟེ་ལྔའོ། །

12.མུཀ་ཏི་ཀ  མུ་ཏིག་གི་མིང་།

13.གཡར་དུ་ཟ་བ། འབྲས་བུ་ཤིན་ཏུ་སྨིན་པར་གྱུར་བའམ་ལེགས་པར་སྨིན་ཟིན་པའི་དོན་ཏེ། དབྱངས་ཅན་དགའ་བློས། གཡུར་ཟ་བ་ནི་ལེགས་པར་སྨིན་པའམ་ལོ་འབྲས་རྒྱས་པའོ་ཞེས་གསུངས།

14.ཙ་གོ་ར། ཙ་ཀོ་ར་ཞེས་ཀྱང་བྱ་སྟེ་ཁུ་བྱུག་དང་བྱ་གོང་མོ་སྲེག་པ་སོགས་ལ་ངོས་འཛིན་པ་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-12

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།