ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་བྱ་བ་འདིའི་ནང་ཕོ་མོའི་བར་གྱི་བརྩེ་དུང་དང་། ཆབ་སྲིད་ཀྱི་སྐབས་དོན། ནང་ཆོས་ཀྱི་དགོངས་དོན་སོགས་བརྗོད་བྱ་ལ་སྦྱར་ནས་བསྟན་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།
1 ​མ་ཡིག

ཚངས་དབྱངས་རྒྱ་མཚོའི་མགུར་གླུ།

༡.ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། ། མ་སྐྱེས་ཨ་མའི1ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང་། ། ༢.ན་ནིང་བཏབ་པའི་ལྗང་གཞོན། ། ད་ལོ་སོག་མའི་ཕོན་ལྕོག ། ཕོ་གཞོན་རྒས་པའི་ལུས་པོ། །  ལྷོ་གཞུ་ལས་ཀྱང་གྱོང་བ། ། ༣.རང་སེམས་སོང་བའི་མི་དེ། །  གཏན་གྱི་འདུན་མར2བྱུང་ན། །  རྒྱ་མཚོའི་གཏིང་ནས་ནོར་བུ། ། ལོན་པ་དེ་དང་འདྲ་བྱུང་། ། ༤.འགྲོ་ཞོར་ལམ་བུའི་སྙིང་ཐུབ3། ། ལུས་དྲི་ཞིམ་པའི་བུ་མོ། ། གཡུ་ཆུང་དྲུག་དཀར4རྙེད་ནས། ། བསྐྱུར་བ་དེ་དང་འདྲ་བྱུང་། ། ༥.མི་ཆེན་དཔོན་པོའི་སྲས་མོ། ། ཁམ་འབྲས་མཚར་ལུགས་བལྟས་ན། ། ཁམ་སྡོང་མཐོན་པོའི་རྩེ་ནས། ། འབྲས་བུ་སྨིན་དང་འདྲ་བྱུང་། ། ༦.སེམས་པ་ཕར་ལ་ཤོར་ནས། ། མཚན་མོའི་གཉིད་ཐེབས་གཅོག་གི ། ཉིན་མོ་ལག་ཏུ་མ་ལོན། ། ཡིད་ཐང་ཆད་རོགས་ཡིན་པས། ། ༧.མེ་ཏོག་ནམ་ཟླ་ཡལ་སོང་། ། གཡུ་སྦྲང་སེམས་པ་མ་སྐྱོ། ། བྱམས་པའི་ལས་འཕྲོ་ཟད་པར། ། ང་ནི་སྐྱོ་རྒྱུ་མི་འདུག ། ༨.རྩི་ཐོག་བ་མོའི་ཁ་ལ། ། སྐྱི་བསེར་རླུང་གི་ཕོ་ཉ། ། མེ་ཏོག་སྦྲང་བུ་གཉིས་ཀྱི། ། འབྲེལ་མཚམས་གཅོད་མཁན་ལོས་ཡིན། ། ༩.ངང་བ་འདམ་ལ་ཆགས་ནས། ། རེ་ཞིག་སྡོད་དགོས་བསམས་ཀྱང་། ། མཚོ་མོ་དར་ཁ་འགྲིགས་ནས། ། རང་སེམས་ཁོ་ཐག་ཆོད་སོང་། ། ༡༠.གྲུ་ཤན་སེམས་པ་མེད་ཀྱང་། ། རྟ་མགོས5ཕྱི་མིག་བལྟས་བྱུང་། ། ཁྲེལ་གཞུང་མེད་པའི་བྱམས་པས། ། ང་ལ་ཕྱི་མིག་མི་ལྟ། ། ༡༡. ང་དང་ཚོང་འདུས་བུ་མོའི། ། ཚིག་གསུམ་དམ་བཅའི་མདུད་པ། ། ཁྲ་བོ་སྤྲུལ་ལ་མ་བརྒྱབ། ། རང་རང་ས་ལ་གྲོལ་སོང་། ། ༡༢. ཆུང་འདྲིས་བྱམས་པའི་རླུང་བསྐྱེད། ། ལྕང་མའི་ལོགས་ལ་བཙུགས་ཡོད། ། ལྕང་སྲུང་ཨ་ཇོ་ཞལ་ངོས། ། རྡོ་ཀ་རྒྱག་པ་མ་གནང་། ། ༡༣. བྲིས་པའི་ཡི་གེ་ནག་ཆུང་། ། ཆུ་དང་ཐིགས་པས་འཇིགས་སོང་། ། མ་བྲིས་སེམས་ཀྱི་རི་མོ། ། བསུབས་ཀྱང་བསུབ་རྒྱུ་མི་འདུག ། ༡༤. བརྒྱབ་པའི་ནག་ཆུང་ཐེའུས། ། གསུང་སྐད་འབྱོན་ནི་མི་ཤེས། ། ཁྲེལ་དང་གཞུང་གི་ཐེའུ། ། སོ་སོའི་སེམས་ལ་སྐྱོན་དང་། ། ༡༥. སྟོབས་ལྡན་ཧ་ལོའི་མེ་ཏོག ། མཆོད་པའི་རྫས་ལ་ཕེབས་ན། ། གཡུ་སྦྲང་གཞོན་ནུ་ང་ཡང་། ། ལྷ་ཁང་ནང་ལ་ཁྲིད་དང་། ། ༡༦.སེམས་སོང་བུ་མོ་མི་བཞུགས། ། དམ་པའི་ཆོས6ལ་ཕེབས་ན། ། ཕོ་གཞོན་ང་ཡང་མི་སྡོད། ། རི་ཁྲོད་འགྲིམ་ལ་ཐལ་འགྲོ། ། ༡༧. མཚན་ལྡན་བླ་མའི7དྲུང་དུ། ། སེམས་ཁྲིད་ཞུ་བར་ཕྱིན་པས། ། སེམས་པ་བསྐོར་ཀྱང་མི་ཐུབ། ། བྱམས་པའི་ཕྱོགས་ལ་ཤོར་སོང་། ། ༡༨.སྒོམ་པ་བླ་མའི་ཞལ་རས། ། ཡིད་ལ་འཆར་རྒྱུ་མི་འདུག ། མ་བསྒོམས་བྱམས་པའི་ཞལ་རས། ། ཡིད་ལ་ཝ་ལེ་ཝ་ལེ8། ། ༡༩.སེམས་པ་འདི་ལ་འགྲོ་འགྲོ། ། དམ་པའི་ཆོས་ལ་ཕྱིན་ན། ། ཚེ་གཅིག་ལུས་གཅིག་ཉིད་ལ། ། སངས་རྒྱས་ཐོབ་པར་འདུག་གོ ། ༢༠.དག་པ་ཤེལ་རིའི་གངས་ཆུ། ། ཀླུ་བདུད་རྡོ་རྗེའི9ཟིལ་བ། ། བདུད་རྩི་སྨན་གྱི་ཕབ་རྒྱུན། ། ཆང་མ་ཡེ་ཤེས་མཁའ་འགྲོ། ། དམ་ཚིག་གཙང་མས་བཏུང་ན། ། ངན་སོང་མྱོང་དགོས་མི་འདུག ། ༢༡.རླུང་རྟ་ཡར་འགྲོའི་དུས་ལ། ། རླུང་བསྐྱེད་དར་ལྕོག་བཙུགས་པས། ། མཛངས་མ་མ་བཟང་བུ་མོས། ། ང་རང་མགྲོན་པོ་བོས་བྱུང་། ། ༢༢. སོ་དཀར་པགས་པའི་འཛུམ་མདངས། ། བཞུགས་གྲལ་སྤྱི་ལ་བསྟན་ཀྱང༌། ། མིག་ཟུར་ཁྲ་མོའི་སྒྲིལ་མཚམས། ། གཞོན་པའི་གདོང་ལ་བལྟས་བྱུང༌། ། ༢༣.ཧ་ཅང་སེམས་ལ་སོང་ནས། །འགྲོགས་འདྲིས་ཨེ་ཡོང་དྲིས་པས། །འཆི་བྲལ་བྱེད་ན་མིན་པ། །གསོན་བྲལ་མི་བྱེད་གསུངས་བྱུང༌། ། ༢༤.མཛངས་མའི་ཐུགས་དང་བསྟུན་ན། །ཚེ་འདིའི་ཆོས་སྐལ་ཆད་འགྲོ། །དབེན་པའི་རི་ཁྲོད་འགྲིམས་ན། །བུ་མོའི་ཐུགས་དང་འགལ་འགྲོ། །  ༢༥.ཀོང་ཕྲུག10གཞོན་པའི་བློ་སྣ། །སྦྲང་བུ་རྒྱ་ལ་བཅུག་འདྲ། །ཞག་གསུམ་ཉལ་རོགས་བྱས་པས། །ཕུགས་ཡུལ་ལྷ་ཆོས་དྲན་བྱུང༌། ། ༢༦.གཏན་གྲོགས་ཁྱོད་ལ་སེམས་པའི། །ཁྲེལ་དང་ངོ་ཚ་མེད་ན། །མགོ་ལ་བརྒྱབ་པའི་གཙུག་གཡུས། །སྐད་ཆ་སྨྲ་ནི་མི་ཤེས། ། ༢༧.འཛུམ་དང་སོ་དཀར་སྟོན་ཕྱོགས། །གཞོན་པའི་བློ་བྲིད་ཡིན་འདུག །སྙིང་ན་ཤ་ཚ་ཡོད་མེད། །དབུ་མནའ11བཞེས་རོགས་གནང་དང༌། ། ༢༨.སྙིང་ཐུབ་བྱ་རྡོ་ལམ་འཕྲད། །ཨ་མ་ཆང་མས་སྦྱར་བྱུང༌། །ལན་ཆགས་བུ་ལོན་བྱུང་ན། །འཚོ་སྐྱོང་ཁྱོད་རས་གནང་ཞུ། ། ༢༩.སྙིང་གཏམ་ཕ་མར་མ་བཤད། །ཆུང་འདྲིས་བྱམས་པར་བཤད་པས། །བྱམས་པ་ཤ་ཕོ12མང་ནས། །གསང་གཏམ་དགྲ་བོས་གོ་སོང༌། ། ༣༠.སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །རྔོན་པ་ང་རས་ཟིན་ཀྱང༌། །དབང་ཆེན་མི་ཡི་དཔོན་པོ། །ནོར་བཟང་རྒྱལ་པོས13ཕྲོགས་སོང༌། ། ༣༡.ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་བྱུང༌། ། ༣༢.རང་ལ་དགའ་བའི་བྱམས་པ། །གཞན་གྱི་འདུན་མར་བླངས་སོང༌། །ཁོག་ནད་སེམས་པའི་གཅོང14གིས། །ལུས་པོའི་ཤ་ཡང་བསྐམས་སོང༌། ། ༣༣.སྙིང་ཐུབ་རྐུ་ལ་ཤོར་སོང༌། །མོ་ཕྱཱ་རྩིས་འབུལ་རན་སོང༌། །བུ་མོ་དུང་སེམས་ཅན་མ། །རྨི་ལམ་ལ་ཡང་འཁོར་བྱུང༌། ། ༣༤.བུ་མོར་འཆི་བ་མེད་ན། །ཆང་ལ་འཛད་པ་མི་འདུག །གཞོན་པའི་གཏན་གྱི་སྐྱབས་གནས། །འདི་ལ་བཅོལ་བས་ལོས་ཆོག ། ༣༥.བུ་མོ་ཨ་མར་མ་སྐྱེས། །ཁམ་བུའི་ཤིང་ལ་སྐྱེས་སམ། །ཨ་གསར་ཟད་པ་ཁམ་བུའི། །མེ་ཏོག་དེ་ལས་མགྱོགས་པ། ། ༣༦.བུ་མོ་ཆུང་འདྲིས་བྱམས་པ། །སྤྱང་ཀིའི་རིགས་རྒྱུད་མིན་ནམ། །ཤ་འདྲེས་ལྤགས་འདྲེས་བྱུང་ཡང༌། །རི་ལ་ཤོར་གྲབས་མཛད་ཀྱིས། ། ༣༧.རྟ་རྒོད་རི་ཡར་བརྒྱབ་པ། །རྙི་དང་ཞགས་པས་ཟིན་གྱི། །བྱམས་པས་ངོ་ལོག་བརྒྱབ་པས། །ཐུགས་ངོ་ཟིན་པ་མི་འདུག ། ༣༨.བྲག་དང་རླུང་པོ་བསྡེབས་ནས། །རྒོད་པོའི་སྒྲོ་ལ་གཟན་བྱུང༌། །གཡོ་ཅན་རྫུ་བག་ཅན་གྱིས། །ང་ལ་གཟན་པོ་བྱས་བྱུང༌། ། ༣༩.སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། ། ༤༠.ས་དེ་ཁ་ཞུར་གཏིང་འཁྱགས། །རྟ་ཕོ་གཏོང་ས་མ་རེད། །གསང་གྲོགས་བྱམས་པའི་ཕྱོགས་ལ། །སྙིང་གཏམ་བཤད་ས་མ་རེད། ། ༤༡.ཚེས་ཆེན་བཅོ་ལྔའི15ཟླ་བ། །ཡིན་པ་འདྲ་བ་འདུག་སྟེ། །ཟླ་བའི་དཀྱིལ་གྱི་རི་བོང༌། །ཚེ་ཟད་ཚང་ནས་འདུག་གོ། ༤༢.ཟླ་བ་འདི་ལ་ཕར་འགྲོ། །རྟིང་མའི་ཟླ་ལ་ཚུར་ཡོང༌། །བཀྲ་ཤིས་ཟླ་བ་དཀར་བོ། །ཟླ་སྟོད་ཕྱོགས་ལ་མཇལ་ཡོང༌། ། ༤༣.དབུས་ཀྱི་རི་རྒྱལ་ལྷུན་པོ། །མི་འགྱུར་བརྟན་པོར་བཞུགས་དང༌། །ཉི་མ་ཟླ་བའི་འཁོར་ཕྱོགས། །ནོར་ཡོང་བསམ་པ་མི་འདུག ། ༤༤.ཚེས་གསུམ་ཟླ་བ་དཀར་པོ། །དཀར་གོས་ནང་ནས་ཆོད་སོང༌། །བཅོ་ལྔའི་ནམ་དང་མཉམ་པའི། །ཞལ་བཞེས་གཅིག་ཀྱང་གནང་ཞུ། ། ༤༥.ས་བཅུའི་དབྱིངས16སུ་བཞུགས་པའི། །དམ་ཅན་རྡོ་རྗེ་ཆོས་སྐྱོང༌། །མཐུ་དང་ནུས་པ་ཡོད་ན། །བསྟན་པའི་དགྲ་བོ་སྒྲོལ་དང༌། ། ༤༦.ཁུ་བྱུག་མོན་ནས་ཡོང་བས། །ནམ་ཟླའི་ས་བཅུད་འཕེལ་སོང༌། །ང་དང་བྱམས་པ་ཕྲད་ནས། །ལུས་སེམས་ལྷོད་པོར་ལངས་སོང༌། ། ༤༧.ཁྱི་དེ་སྟག་ཁྱི་གཟིག་ཁྱི། །གདག་ག་བྱིན་ནས་འདྲིས་སོང༌། །ནང་གི་སྟག་མོ་རིས་འཛོམས། ། འདྲིས་ནས་ཐུ་རུ་ལངས17སོང༌། །  ༤༨.ཤ་འཇམ་ལུས་པོ་འདྲེས་ཀྱང༌། ། བྱམས་པའི་གདེང་ཚོད་མི་ལོན། །ས་ལ་རི་མོ་བྲིས་པས། །ནམ་མཁའི་སྐར་ཚོད་ཐིག་བྱུང༌། །  ༤༩.ང་དང་བྱམས་པའི་སྡེབ་ས། །ལྷོ་རོང་མོན་པའི་ནགས་གསེབ། །སྨྲ་མཁན་ནེ་ཙོ་མ་གཏོགས། །སུ་དང་གང་གིས་མི་ཤེས། །སྨྲ་མཁན་ནེ་ཙོས་ཨོ་ཤེས། །གསང་ཁ་སྟོན་པ་མ་གནང༌། ། ༥༠.ལྷ་ས་མི་ཚོགས་འཐུག་ལ། །འཕྱོངས་རྒྱས་མི་སྤུས་དག་པ། །ང་ལ་ཡོད་པའི་ཆུང་འདྲིས། །འཕྱོངས་རྒྱས་གཞུང་ལ་ཡོད་དོ། །  ༥༡.ཁྱི་རྒན་རྒྱ་བོ་ཟེར་བ། ། རྣམ་ཤེས་མི་ལས་སྤྱང་པ། ། སྲོད་ལ་ཕྱིན་སོང་མ་ཟེར། ། ཐོ་རངས་ལོག་བྱུང་མ་ཟེར། ། ༥༢.སྲོད་ལ་བྱམས་པ་བཙལ་བས། །ཐོ་རངས་ཁ་བ་བབས་བྱུང༌། །གསང་དང་མ་གསང་མི་འདུག །ཞབས་རྗེས་གངས་ལ་བཞག་འདུག ། ༥༣.པོ་ཏ་ལ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ། །ལྷ་ས་ཞོལ་ལ་སྡོད་དུས། །འཆལ་པོ་དང་བཟང་དབང་པོ། ། ༥༤.ཤ་འཇམ་མལ་སའི་ནང་གི །སྙིང་ཐུབ་དུང་སེམས་ཅན་མས། །ཨོ་ལོའི་རྒྱུ་ནོར་འཕྲོག་པའི། །གཡོ་སྒྱུ་བཤད་པ་མིན་འགྲོ། ། ༥༥.དབུ་ཞྭ་དབུ་ལ་བཞེས་སོང༌། །དབུ་ལྕང་རྒྱབ་ལ་དབྱུགས་སོང༌། །ག་ལེ་ཕེབས་དང་བྱས་པས། །ག་ལེ་བཞུགས་ཤིག་གསུངས་བྱུང༌། །ཐུགས་སེམས་སྐྱོ་ཡོང་བྱས་པས། །མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌། ། ༥༦.བྱ་དེ་ཁྲུང་ཁྲུང་དཀར་པོ། །གཤོག་རྩལ་ང་ལ་གཡོར་དང༌། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་བསྐོར་ནས་བསླེབ་ཡོང༌། ། ༥༧.ཤི་དེ་དམྱལ་བའི་ཡུལ་གྱི། །ཆོས་རྒྱལ་ལས་ཀྱི་མེ་ལོང༌། །འདི་ནས་ཁྲིག་ཁྲིག་མི་འདུག །འདི་ནས་ཁྲིག་ཁྲིག་གནང་ཞུ། །  ༥༨.མདའ་མོ་འབེན་ལ་ཕོག་སོང༌། །མདེའུ་ས་ལ་འཛུལ་སོང༌། །ཆུང་འདྲིས་བྱམས་པ་ཕྲད་བྱུང༌། །སེམས་ཉིད་རྗེས་ལ་འབྲངས་སོང༌། །  ༥༩.རྒྱ་གར་ཤར་གྱི་རྨ་བྱ། ། ཀོང་ཡུལ་མཐིལ་གྱི་ནེ་ཙོ། ། འཁྲུངས་ས་འཁྲུངས་ཡུལ་མི་གཅིག ། འཛོམས་པ་ཆོས་འཁོར་ལྷ་ས18། །  ༦༠.མི་ཚོས་ང་ལ་ལབ་པ། །དགོངས་དག་ཡིན་པ་ཁག་ཐེག །ཨོ་ལོའི་གོམ་གསུམ་ཕྲ་མོ། །གནས་མོའི་ནང་ལ་ཐལ་སོང༌། །  ༦༡.ལྕང་མ་བྱེའུར་སེམས་ཤོར། །བྱེའུ་ལྕང་མར་སེམས་ཤོར། །སེམས་ཤོར་མཐུན་པ་བྱུང་ན། །བྱ་ཁྲ་ཧོར་པས19མི་ཐུབ། ། ༦༢.ད་ལྟའི་ཚེ་ཐུང་འདི་ལ། །དེ་ཁ་ཙམ་ཞིག་ཞུས་ནས། །རྟིང་མ་བྱིས་པའི་ལོ་ལ། །མཇལ་འཛོམ་ཨེ་ཡོང་བལྟའོ། །  ༦༣.བྱ་དེ་སྨྲ་མཁན་ནེ་ཙོ། །ཁ་རོག་བཞུགས་རོགས་མཛོད་དང༌། །ལྕང་གླིང་ཨ་ལྕེ་འཇོལ་མོ། །གསུང་སྙན་སྒྱུར་དགོས་བྱུང་སོང༌། ། ༦༤.རྒྱབ་ཀྱི་ཀླུ་བདུད་བཙན་པོ། །འཇིགས་དང་མི་འཇིགས་མི་འདུག །མདུན་གྱི་ཀ་ར་ཀུ་ཤུ ། འཐོགས་སུ་དགོས་པ་བྱས་སོང༌། ། ༦༥.དང་པོ་མ་མཐོང་ཆོག་ཀ །སེམས་པ་འཆོར་དོན་མི་འདུག །གཉིས་པ་མ་འདྲིས་ཆོག་ཀ ། སེམས་གཅོང་ཞུགས་དོན་མི་འདུག

2 མཆན་འགྲེལ།

1.མ་སྐྱེས་ཨ་མ། རང་ལུས་སྐྱེད་པའི་མ་མིན་ཀྱང་མ་ལྟར་བརྩེ་བའི་བུ་མོ།

2.གཏན་གྱི་འདུན་མ། གཏན་གྱི་འདུན་མ་ནི་ཡུན་རིང་བའི་ཐབས་ཇུས་ཀྱི་དོན་ཡིན་ལ། འདིར་ནམ་ཡང་ཡིད་ལ་འབབ་པའི་བུ་མོར་གོ

3.སྙིང་ཐུབ། བློ་ཐུབ་པའམ་བློ་འཁེལ་ཆོག་པ། ཡང་ན་སྙིང་གཏམ་བཤད་ཆོག་པའི་གྲོགས་པོར་གོ

4.གཡུ་ཆུང་དྲུག་དཀར། རིན་ཆེན་གཡུའི་བྱེ་བྲག་ཅིག

5.རྟ་མགོ  གྲུ་ཤན་སྟེང་གི་རྟ་མགོ་ཅན་གྱི་རྒྱན་ཞིག

6.དམ་པའི་ཆོས། དམ་པ་སངས་རྒྱས་ཀྱི་བསྟན་པའི་ཆོས་ཡིན་པས་ན་དམ་པའི་ཆོས། ཡང་ན་སྐྱེས་བུ་དམ་པས་སྤྱད་བྱའི་ཆོས་ཡིན་པས་ན་དམ་པའི་ཆོས། ཡང་ན་དམ་པ་མཆོག་དང་ཆོས་གཉིས་ཀའི་གཞི་མཐུན་ཡིན་པས་ན་དམ་པའི་ཆོས་ཞེས་བྱ། ཉམས་སུ་བླངས་ནས་སྤྱད་ན་སྡུག་བསྔལ་དང་སྒྲིབ་པ་ཟད་པའི་ཐབས་སུ་འགྱུར་བ་དམ་པའི་ཆོས་ཀྱི་གནད་ཡིན་ཏེ། དེ་ལ་དབྱེ་ན་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས། དམ་པའི་ཆོས་ལ་འབྲས་བུའི་ཆོས་དང་། སྒྲུབ་པའི་ཆོས། བཤད་པའི་ཆོས་གསུམ་དུའང་དབྱེ་རུང་ཞེས་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུངས།

7.མཚན་ལྡན་བླ་མ། མཚན་ཉིད་དང་ལྡན་པའི་བླ་མ་སྟེ། 《སུམ་བརྒྱ་བ》ལས། ཚུལ་ཁྲིམས་ལྡན་ཅིང་འདུལ་བའི་ཆོ་ག་ཤེས། ནད་པར་སྙིང་བརྩེ་འཁོར་བ་ནི་དག་པ་དང་། ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། ། ཞེས་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ཅིང་སྐྱོན་མ་བྱུང་བས་ཚུལ་ཁྲིམས་དང་ལྡན་པ་ནི་བརྟན་པའི་ཡན་ལག  སྡེ་སྣོད་འདུལ་བའི་ཆོ་ག་མ་འཁྲུལ་བར་བློ་ནས་ཤེས་པ་མཁས་པའི་ཡན་ལག  སློབ་མ་ནད་པ་ལ་སྙིང་བརྩེ་ཞིང་རང་གི་འཁོར་ཚུལ་ཁྲིམས་དང་ལྡན་པས་དག་པ།  ཆོས་དང་ཟང་ཟིང་སྟེ་ཕན་འདོགས་གཉིས་ཀྱིས་ཕན་གདགས་པ་ལ་བརྩོན་པ། བསླབ་བྱ་རྣམས་དུས་དང་དུས་སུ་གདམས་པ་རྣམས་ནི་ཕན་འདོགས་པའི་ཡན་ལག་སྟེ་དེ་ལྟ་བུ་ནི་སོ་སོར་ཐར་པའི་བླ་མར་བསྔགས་པའོ། །

8.ཝ་ལེ་ཝ་ལེ། གསལ་ལམ་ལམ།

9.ཀླུ་བདུད་རྡོ་རྗེ། སྔོ་སྨན་གྱི་རིགས་ཤིག་སྟེ། མེ་ཏོག་དཀར་ནག་རིགས་གཉིས་ཡོད་པ། རོ་མངར་ལ་བསྐ་བ། ཞུ་རྗེས་བསིལ་བ། ནུས་པས་གཟའ་དང་། མཛེ། འབམ་གྲུམ་བུ། ཆུ་སེར་བཅས་ལ་ཕན།

10.ཀོང་ཕྲུག  ཀོང་ཡུལ་གྱི་བུ་ཕྲུག

11.དབུ་མནའ། དམ་བཅའ་འམ་མནའི་ཞེ་ཚིག

12.ཤ་ཕོ། ཞེ་འཁོན་ཡོད་པའི་མི།

13.ནོར་བཟང་རྒྱལ་པོ། འདིར་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་དང་སྦྱར་ནས་བརྗོད་པ་ཡིན།

14.གཅོང་། བཅོས་དཀའ་བའི་ནད།

15.ཚེས་ཆེན་བཅོ་ལྔ། ཚེས་བཅོ་ལྔར་ཟླ་བའི་ཚེས་ཆ་ཡོངས་སུ་རྫོགས་པས་ན་ཚེས་ཆེན་བཅོ་ལྔ་ཞེས་པའོ། །

16.ས་བཅུའི་དབྱིངས། བྱང་ཆུབ་སེམས་དཔའི་ས་བཅུ་བའི་གོ་འཕང་།

17.ཐུ་རུ་ལངས་པ། གཤིས་རྒྱུད་དམ་རང་བཞིན་ཇེ་ངན་དུ་འགྲོ་བ།

18.ཆོས་འཁོར་ལྷ་ས། དམ་པའི་ཆོས་དར་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་པའི་ལྷ་ས།

19.ཧོར་པ། བྱ་ཁྲའི་མིང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-12

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།