དཔེ་ཆོས་སྒྱུར་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

​དཔེ་ཆོས་ཞེས་པ་ནི་རྒྱའི་སྐད་དུ“成语”ཟེར་བ་དེ་ཡིན་ཞིང་། དེ་ནི་སྤྱིར་བཏང་དཔེའི་སྒོ་ནས་བརྗོད་བྱའི་ཆོས་ཀྱི་དོན་སྟོན་པའི་ཚིག་ཐུང་ངུ(短语)གཏན་ཆགས་པ་ཞིག་ཡིན། ཚིག་ཐུང་ངུ་དེའི་རིགས་ཕལ་ཆེར་དོན་ཁྱད་པར་ཙམ་མཚོན་པའི་ཚེག་བར་བཞི་ཅན་གཙོར་བྱས་པའི་མིང་འདུས་མའམ་མིང་གི་ཚོགས་པ་དམིགས་གསལ་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དཔེ་ཆོས།
རྒྱ་ཡིག་གི་མིང་།
成语
1 དོ་མཉམ་པར་སྒྱུར་བ།

དེ་ནི་རྒྱ་བོད་སྐད་གཉིས་ལས་དཔེ་ཆོས་སྐོར་ཞིག་ནང་དོན་དང་རྣམ་པ། ཚིག་རྒྱན་སོགས་ཕྱོགས་གང་ཐད་ནས་བརྟགས་ན་ཡོངས་སུ་འདྲ་བའམ་ཧ་ལམ་འདྲ་བས། ལོ་ཙཱ་བྱེད་དུས་གཅིག་ཁ་གཏད་པའི་ཚུལ་ལམ་ཡང་ན་དྲང་ཐད་དུ་བསྒྱུར་ཆོག་པ་ཞིག་ཡིན། དཔེར་ན། “四面八方”ལ་ཕྱོགས་བཞི་མཚམས་བརྒྱད་ལྟ་བུ་དང“表里如一”ལ་ཁ་ཞེ་གཉིས་མེད།  “同甘共苦”ལ་སྐྱིད་སྡུག་མཉམ་མྱོང་།  “软硬兼施”ལ་འཇམ་རྩུབ་གཉིས་སྤྱོད།   “青黄不接”“一心一意”“家破人亡”སོགས་ནི་རིམ་བཞིན་སྐྱ་ཟད་སྔོ་ཐུག་དང་། བློ་གཅིག་སེམས་གཅིག  མི་ཤི་ཁྱིམ་སྟོངས་སོགས་སུ་བསྒྱུར་ལ། དེ་ལྟར་བསྒྱུར་ན་དེ་གཟོད་རྒྱ་བོད་སྐད་གཉིས་ཀྱི་དཔེ་ཆོས་དེ་དག་གི་བསྟན་བྱའི་ནང་དོན་དང་གྲུབ་ཚུལ་གྱི་རྣམ་པ། ཚིག་རྒྱན་གྱི་ནུས་པ་སོགས་གང་ཐད་ནས་ཡོངས་སུ་འདྲ་བའམ་ཕལ་ཆེར་དོ་མཉམ་ཡིན། ཡིན་ནའང་། དེ་ལྟར་བསྒྱུར་རྒྱུ་ནི་ལས་སླ་བ་ཞིག་མིན་ཏེ་བསྒྱུར་མཁན་གྱིས་མི་རིགས་དེ་གཉིས་ཀའི་དཔེ་ཆོས་ལས་གང་དག་དོ་མཉམ་ཡིན་པ་ཐོག་མར་བློ་ལ་ཇི་བཞིན་དུ་ངེས་དགོས་སོ།།

2 སྣང་གཟུགས་གཞན་དུ་སྒྱུར་བ།

རྒྱ་བོད་སྐད་གཉིས་ལས་དཔེ་ཆོས་སྐོར་ཞིག་ཕན་ཚུན་ཞིབ་ཏུ་བསྡུར་ནས་དཔྱད་ཚེ། ནང་དོན་དང་ཚིག་རྒྱན་གཉིས་ཀྱི་ཆ་ནས་འདྲ་ཡང་། ཕྱིའི་རྣམ་པའི་ཆ་ནས་ཁྱད་པར་ཆེ་བས། ལོ་ཙཱའི་སྐབས་སུ་ང་ཚོས་ཅིས་ཀྱང་སྣང་གཟུགས་གཞན་དུ་སྒྱུར་བའི་ཐབས་སྤྱད་དེ་བསྒྱུར་དགོས་པ་ཡིན། དཔེར་ན། “班门弄斧”ལ་ཉི་མ་ལ་སྒྲོན་མེ་དང་།  “鱼目混珠”ལ་ཉ་ཉུང་མཉམ་བསྲེས།  “杀鸡儆猴”ལ་ལུག་བསད་ན་ར་འདར།  “雨后春笋”ལ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ།  “口蜜腹剑”ལ་ཁ་འོ་མ། ཁོག་ཚེར་མ།  “杀鸡焉用牛刀”ལ་ཤིག་གི་ཐོག་ལ་སྟ་རེ་ཞེས་པ་ལྟ་བུ་དང་འདི་ནི་གཙོ་བོ་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་སོགས་མི་འདྲ་བའི་རྐྱེན་ལ།  “班门弄斧”ནི་རྒྱའི་སྤྱི་ཚོགས་ལོ་རྒྱུས་ཁྱད་པར་བ་ལས་བྱུང་བ་དང་།  “雨后春笋”ནི་རྒྱའི་ཁོར་ཡུག་ཐུན་མོང་མིན་པ་ལས་བྱུང་བ།  དེ་བཞིན་དུ་ཆོས་ལུགས་དང་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བ་ལས་བྱུང་བ་སོགས་སྣ་ཚོགས་ཤིག་ཡོད་པས། སྐབས་འདིར་ང་ཚོས་ངེས་པར་དུ་མི་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་ཤེས་རྒྱུ་དེ་ཧ་ཅང་གལ་ཆེའོ།།

3 གསར་དུ་སྒྱུར་བ།

དེ་ནི་རྒྱ་ཡིག་ཏུ་སྔོན་ཆད་མེད་པར་གསར་དུ་བྱུང་བའི་དཔེ་ཆོས་སྐོར་ཞིག་བོད་ཡིག་ཏུ་སྒྱུར་དུས་སྒྱུར་བྱེད་ཀྱི་བརྡ་སྤྲོད་ལུགས་ལྟར་བསྒྱུར་ཀྱང་། མ་ཡིག་གི་རྣམ་པ་དང་དཔེའི་ནུས་པ། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་སོགས་ཇི་བཞིན་དུ་ཐོན་ཐུབ་པ་ཞིག་གོ །  དཔེར་ན། “德才兼备”ལ་སྤྱོད་ཡོན་གཉིས་ལྡན་དང་།  “拨乱反正”ལ་ཟིང་བཅོས་ཡོ་བསྲང་།  “百年大计”ལ་ལོ་བརྒྱའི་ཇུས་ཆེན།  “推陈出新”ལ་རྙིང་འབུད་གསར་འདོན།  “义正词严”ལ་དོན་དྲང་ཚིག་ནན།  “安定团结 ”ལ་བདེ་འཇགས་མཐུན་སྒྲིལ་ཞེས་པ་ལྟ་བུའོ། འདི་དང་སྒྱུར་ཐབས་དང་པོ་གཉིས་ཀྱི་མི་འདྲ་ས་ནི། དོ་མཉམ་པར་སྒྱུརབའི་སྐབས་སུ་བསྒྱུར་བྱ་དང་སྒྱུར་བྱེད་སྐད་ཀྱི་དཔེ་ཆོས་གང་ཡིན་རུང་སྔར་ཡོད་པ་རྐྱང་ཡིན་ལ། གསར་དུ་བསྒྱུར་བ་འདིའི་སྐབས་དེ་བཞིན་མཛོད་ནས་ནོར་ལེན་པ་ལྟར་མིན་པར་རྒྱའི་སྐད་ཀྱི་དཔེ་ཆོས་ཀྱི་མཚོན་དོན་དང་གྲུབ་ཚུལ་གྱི་ཁྱད་ཆོས། དཔེ་འཇོག་ཚུལ་སོགས་བོད་ཡིག་ཏུ་ཇི་བཞིན་ཐོན་པར་གང་བསྙེགས་བྱས་ནས་གསར་དུ་བསྒྱུར་བ་ཞིག་གོ །

4 འགྲེལ་སྒྱུར།

རྒྱའི་དཔེ་ཆོས་ལས་སྐོར་ཞིག་ལ་གོང་དུ་བཤད་པའི་སྒྱུར་ཐབས་གསུམ་གང་སྤྱད་ཀྱང་མི་འཚམ་པས་འགྲེལ་སྒྱུར་བྱེད་པ་ལས་ཐབས་གཞན་མེད་ཅིང་། དེ་དུས་མ་ཡིག་གི་ཕྱི་ཤུན་སོགས་ཡོངས་སུ་དོར་ནས་དོན་གྱི་སྙིང་བོ་རྡོག་རྡོག་གམ་བསྟན་དོན་གཙོ་བོ་གང་ཡིན་པ་དེ་གཞིར་བཟུང་ནས་མིང་སྤྱིར་བཏང་བ་ཞིག་ཏུ་འགྲེལ་བཤད་ཀྱི་ཚུལ་དུ་བསྒྱུར་དགོས་པའོ།།  དཔེར་ན། “胸有成竹”ལ་གདེང་ཚོད་ཡོད་པ་དང་།  “初出茅庐”ལ་ལས་དང་པོ་བ།  “含沙射影”ལ་ལྐོག་གནོད་སྐྱེལ་བ་སོགས་རྒྱའི་དཔེ་ཆོས་དངོས་གནས་པ་དག་བོད་ཡིག་ཏུ་ཁ་གཏད་པ་ཞིག་ཏུ་གཏན་ནས་བསྒྱུར་མེད་ཅིང་། སྒྱུར་ཐབས་བྲལ་བས་མིང་འདུས་མ་སྤྱིར་བཏང་བ་དག་གིས་མཚོན་ཡོད་ལ། དེ་ནི་མཐར་གཏུགས་ན་རྒྱ་བོད་རིག་གནས་ཀྱི་རྩ་བའི་མི་འདྲ་སར་ཐུག་ཡོད། དེ་བས།  སྒྱུར་ཚུལ་འདི་ཉིད་ལོ་ཙཱའི་གཞུང་ལུགས་ལས་ནུས་མཚུངས་སྨྲ་བ་ལྟར་གཞལ་ན་ལོ་ཙཱའི་ཚད་གཞི་ལ་ཡེ་ནས་ཐོན་མེད་དོ།

གཞན་རྒྱ་ཡིག་གི་དཔེ་ཆོས་བོད་ཡིག་ཏུ་བསྒྱུར་བ་ལ་སྒྱུར་ཚུལ་དམིགས་གསལ་ཅན་ཡང་ཡོད་དེ། མ་གཞི་རྒྱ་ཡིག་ཏུ་མཐའ་གཅིག་ཏུ་དཔེ་ཆོས་གཅིག་གིས་དོན་མཚོན་ཡོད་པ་བོད་ཡིག་ཏུ་བརྗོད་བྱའི་དགོས་དབང་དང་ཚིག་སྦྱོར་བདེ་མིན་སོགས་ལ་དམིགས་ནས་སྐབས་འགར་མིང་སྤྱིར་བཏང་བ་དང་སྐབས་འགར་དཔེ་ཆོས་དངོས་གནས་པ། དེ་ཡང་དོན་ཅུང་མི་འདྲ་བའི་དཔེ་ཆོས་གཉིས་སམ་གསུམ་སོགས་སུ་བསྒྱུར་དགོས་པ་སྟེ། དཔེར་ན“粗枝大叶”ལྟ་བུའི་རྒྱ་ཡིག་གི་ཆོས་དཔེ་ནི་བོད་ཡིག་ཏུ་རིམ་པར་རགས་ཙམ་དང་རང་བེ་རོབ་བེ།  ཧ་རེ་ཧུ་རེ་ཞེས་པ་སོགས་སུ་སྐབས་བསྟུན་མཐུན་སྒྱུར་བྱས་པ་བཞིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-18

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།