གངྒའི་རྒྱུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གངྒའི་རྒྱུན།
ཁ་འབབ་བཞིའི་ཡ་གྱལ་ཆུ་བོ་གངྒཱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恒河  恒河流
ཁོངས་གཏོགས།
ཁ་འབབ་བཞིའི་ཡ་གྱལ།
མིང་གཞན།
སྐལ་ལྡན་ཤིང་རྟའི་བུ་མོ།    ཁྱབ་འཇུག་རྐང་པ།
1 ​རྒྱས་འགྲེལ།

《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས། ཁ་འབབ་བཞིའི་ཡ་གྱལ་ཆུ་བོ་གངྒཱ་སྟེ། དེ་ཡང་མཚོ་མ་དྲོས་པའི་ཤར་ཕྱོགས་ན་བྲག་གླང་པོ་ཆེའི་གདོང་འདྲ་བ་ནས་ཆུ་ཀླུང་གངྒཱ་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་པར་གྲགས་ཤིང་། རིག་བྱེད་གཏམ་རྒྱུད་ལས། རྒྱལ་པོ་མྱུར་བ་ཕ་བུ་དང་བཅས་པས་ཆུ་བོ་གངྒཱ་མི་ཡུལ་དུ་དབབ་པར་བྱ་བའི་ཕྱིར་སྔ་ཕྱིར་དཀའ་ཐུབ་ལྷའི་ལོ་ཁྲི་ཕྲག་དུ་མར་སྤྱད་ཀྱང་མ་ནུས་པས། མཐར་རྒྱལ་བུ་བྷ་གོ་ར་ཐས་དཀའ་ཐུབ་ཆེན་པོས་ཚངས་པ་མགུ་བར་བྱས་པ་དང་། དེས་དེ་ལ་མཆོག་བྱིན་པ། ཅི་ནས་ཀྱང་ངས་མིའི་འཇིག་རྟེན་དུ་གངྒཱ་དབབ་པར་བྱའོ་ཞེས་སྨྲས་ནས། ཚངས་པས་ཀྱང་གངྒཱ་ལ་མིའི་ཡུལ་དུ་འབབ་པར་གྱིས་ཤིག་ཅེས་སྨྲས་པ་ལ། དེ་ཤིན་ཏུ་སྨྲེ་སྔགས་བཏོན་ཏེ། ཇི་ལྟར་ང་དེར་སོང་ནས་ཐུན་མོང་དུ་འགྱུར་ཞིང་རིགས་ངན་ལ་སོགས་པ་རྣམས་ཀྱིས་ཀྱང་བསྟེན་པར་འགྱུར་ན། གནས་སྐབས་འདི་ལྟ་བུ་ཇི་ལྟར་སྤྱད་པར་བྱ། མེས་པོའི་བཀའ་ལས་འདའ་བར་བྱ་བ་ཡང་རིགས་མ་ཡིན་ནོ། ། འོན་ཀྱང་ཤུགས་ཆེན་པོས་སོང་ལ། ས་འོག་ཉིད་དུ་ཞུགས་པར་བྱའོ་སྙམ་པ་ན། ཅི་ཁྱོད་ཀྱིས་མིའི་འཇིག་རྟེན་དུ་དག་བྱེད་མ་བྱས་པར་ས་འོག་ཏུ་འབབ་པར་བྱེད་དམ་ཞེས་ཚར་བཅད་ནས། ལྷ་ཆེན་པོས་རང་གི་རལ་བའི་ཚོགས་ཀྱི་ནང་དུ་བཞག དེ་ནི་དེ་ནས་འབྱུང་བ་ལ་ལྷའི་ལོ་སྟོང་གི་བར་དུ་འཁོར་ཞིང་འབབ་ཀྱང་རལ་བ་དེའི་མཐའ་རྙེད་པར་མ་གྱུར། དེ་ནས་ཡང་བྷ་གོ་ར་ཐས་དཀའ་ཐུབ་ཀྱི་ཁྱད་པར་ཆེན་པོས་ལྷ་ཆེན་པོས་དགའ་བར་བྱས་ནས། རལ་བ་བཙིར་བ་དང་། རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་འབབ་པར་གྱུར་པ་ལས་སྐད་ཅིག་མ་གཅིག་ལས་དེར་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། དེང་སང་ན་ཡང་ཐིགས་པ་བདུན་དུ་གྱུར་ནས། སི་ཏ་སིན་ངྷུ་པཀྵུ་དང་། ། གངྒཱ་དེ་བཞིན་འཇིག་རྟེན་རྒྱན། ། རྒལ་དང་ཚིམ་པ་ཉིད་དང་ནི། ། ན་ལི་ནི་ནི་བདུན་པར་བཤད། ། ཅེས་བྱ་བ་ཡིན། རྒྱལ་པོ་བྷ་གོ་ར་ཐར་སྐལ་ལྡན་ཤིང་རྟ་ཡང་ཟེར་ལ། དེས་ཆུ་བོ་གངྒཱ་ཁྱབ་འཇུག་གི་རྐང་པ་ལ་མཆོད་ཡོན་དུ་ཕུལ་བས་ན། གངྒཱའི་མིང་གཞན་སྐལ་ལྡན་ཤིང་རྟའི་བུ་མོ་དང་ཁྱབ་འཇུག་རྐང་པ་ཡང་ཟེར་རོ། །

《དུང་དཀར་ཚིག་མཛོད་ཆེན་མོ》ལས། ཆུ་བོ་འདི་གངས་རི་ཏི་སེའི་ལྷོ་ངོས་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཐོན་པ་དང༌། 《མངོན་པ་མཛོད》ལས་ཤར་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཐོན་པ་ཆུ་འགོའི་ཕྱོགས་མཚམས་བཤད་ཚུལ་མི་འདྲ་ཡང་དོན་སྙིང་ཆུ་བོ་གངྒཱའི་ཆུ་མགོ་གངས་རི་ཏི་སེའི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཐོན་པར་བཤད་ཚུལ་གཅིག་མཚུངས་སུ་སྣང༌། ཆུ་བོ་འདི་ཇི་ལྟར་འབབ་ཚུལ་ཐད《ལྷོ་རོང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས736ཡིག་ཆུང་ལས། ཏི་སེའི་ལྷོ་ངོས་བྲག་གླང་པོའི་སྣ་འདྲ་བ་ནས་གངྒཱའི་ཆུ་འགོ་བཙུགས་ཏེ་ནུབ་ཏུ་ཁ་བལྟས་ནས་མ་ཕམ་གྱི་མཚོའི་ནང་གི་དཀྱིལ་གཤགས་ནས་མཚོ་དང་གཙང་པོ་མ་འདྲེས་པར་ལ་དྭགས་ལ་བརྒྱུད་དེ། ཞང་ཞུང་དང་གུ་གེའི་ཡུལ་བར་ནུབ་ཕྱོགས་སུ་འབབ། དེ་ནས་སོ་ཏི་སྦིལ་ལྕོག་དང་གར་ཞའི་ཆུ་རྣམས་བསྡུས་ནས་ལྷོར་འགྲོ། དེ་ནས་རྒྱ་གར་གཞུང་བཞིན་ཤར་དུ་འབབ་སྟེ་ཤར་ཕྱོགས་རྒྱ་མཚོར་འགྲོ་ཞེས་གསལ་ཞིང༌། དེ་དང་དེང་སང་རང་རྒྱལ་གྱིས་དཔར་བསྐྲུན་བྱས་པའི་འཛམ་གླིང་ས་བཀྲ་དང་ཀྲུང་གོའི་ས་བཀྲའི་ནང་བཀོད་པ་གཉིས་ཡོངས་སུ་མཐུན་པར་སྣང་བས་འདིར་དེ་བཞིན་དུ་བཀོད་ཅིང༌། སེན་བླ་མས་མཛད་པའི་རང་རྣམ《རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག》རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་བྲིས་མའི་ཤོག་གྲངས49ལས་ཆུ་བོ་ཡ་མུ་ན་ལས་ཤར་དུ་རྒྱང་གྲགས་བརྒྱད་བརྒྱ་ཙམ་སོང་བ་ན། ཆུ་ཀླུང་གངྒཱ་སྟེ་ཞེང་ལ་ལེ་བར་བཞི་ལྔ་ཙམ། མཐར་རྒྱ་མཚོར་འབབ་པ་དང་ཉེ་བ་ན་ཞེང་ལ་རྒྱང་གྲགས་བཅུ་ལྷག་པ། མདོག་སྔོ་ཞིང་ནག་པ། རྦ་ཀློང་དང་ཀླུ་རིགས་ཀྱི་ཆོ་འཕྲུལ་ཆེ་ཡང་གནོད་པ་མེད་པ། རོ་མངར་ལ་བསིལ་བ། རྡུལ་དང་འདྲེས་མར་རྒྱུ་བས་ཅུང་ཟད་རྙོག་པ། གཏམ་རྒྱུད་རྙིང་པ་ན་ཆུ་བོ་འདིར་ལུས་དང་ཡན་ལག་བཀྲུས་པས་སྡིག་སྒྲིབ་དག་པ་དང༌། ལྕེབ་ཏེ་མཆོངས་ན་ལྷའི་བདེ་བ་མྱོང་བར་འགྱུར་བའི་སྐྱེ་བ་ལེན་པར་གྲགས་པས་སྐྱེ་བོ་བླུན་རྨོངས་འགའ་གངྒཱར་མཆོངས་ཏེ་ལྕེབས་བྱེད་པ་མང་པོ་བྱུང་ངོ༌། ། ཞེས་གསལ། ཆུ་བོ་འདི་ལ་མངོན་བརྗོད་ཀྱི་གཞུང་མང་པོར་མིང་གི་རྣམ་གྲངས་མང་པོ་བཤད་པ་གཞུང་སོ་སོའི་ནང་གསལ་ཞིང༌། རི་གླང་ཆེན་གྱི་ཁ་འདྲ་བ་ནས་འབབ་པའི་དབང་གིས་གླང་ཆེན་ཁ་འབབ་ཅེས་མིང་དུ་བཏགས་པ་དང༌། འདི་ལ་ནང་གསེས་ཀྱིས་ཕྱེ་ན་རིགས་གཉིས་ཡོད། གཅིག་ནི་ཛ་ཧཱ་ནུའི་གངྒཱ་སྟེ། དང་པོར་གངས་རི་ཏི་སེའི་སྟེང་དུ་འབབ་པའི་ཆུ་བོ་སྐལ་ལྡན་ཤིང་རྟའམ(བྷ་གི་ར་ཐ)ཟེར་བས་སྤྱན་དྲངས་པའི་གངྒཱ་ནི་གླང་ཆེན་ཁ་འབབ་ལ་ངོས་འཛིན་དགོས་ལ། དེ་ནི་དེང་སང་སར་ཇེ་ལིས་ཞེས་ཀྱང་འབོད་པ་གུ་གེ་ཡུལ་གྱི་སྟོད་རི་གླང་ཆེན་འདྲ་བ་ནས་ཐོན་ཏེ། ཁྱུང་ལུང༌། མཐོ་ལྡིང༌། རོང་ཆུང་བཅས་བརྒྱུད་དེ་རི་བོ་ཧི་མ་ལ་ཡའི་རི་སུལ་ནས། ཁུ་ནུ་རམ་པུར། སིམ་ལ། ཧི་མ་ཅལ། པན་འཇབ། ཅན་གྷི་གྷཀྲ་བཅས་ནས་ར་ཇེ་སེ་ཐན་བརྒལ་ཏེ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོར་འབབ་པ་དེ་ཡིན་ཟེར། གཞན་གཅིག་ཤོས་ནི་དྲང་སྲོང་ཛ་ཧ་ནུའི་རྣ་བ་ལས་སྐྱུགས་པའི་དབང་གིས་ཛ་ཧུའི་བུ་མོར་འབོད་པའི་གངྒཱ་སྟེ་ཡོངས་གྲགས་སུ་ཆུ་བོ་གངྒཱར་འབོད་པ་དེ་ཡིན་ཅིང༌། དེ་ནི་ཧི་མ་ལ་ཡི་རི་སུལ་གང་གོ་ཏི་རི་ནས། བྷར་ཝལ། ཧ་གྷ་ཝར། ཝ་ར་ཎ་སི་བཅས་ནས་བི་ཧར་དང༌། བྷེ་གོལ་གྱི་གཞུང་གཤགས་ཏེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱ་མཚོར་འབབ་པ་དེ་ཡིན། འདིའི་ཆུ་འགོ་གང་ནས་འབྱུང་བའི་སྐོར་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་རྣམ་ཐར་ལོ་ཆེན་བསོད་ནམས་འོད་ཟེར་གྱིས་མཛད་པ་ཤོག་གྲངས104ཡོད་པ་དེ་དང《ལྷོ་རོང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས736ནང་གསལ་བ་དེ་གཉིས་བཞེད་པ་གཅིག་མཐུན་དུ་སྣང༌།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-09

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།