ཐང་ཏེ་ཙུང་གི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཐང་ཏེ་ཙུང་གི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས་ཁག་ཅིག
དཀར་ཆག
1   འགྱུར་ཡིག
1.1 ཅན་ཀྲུང་ཁྲི་ལོ་དང་པོ་།(སྤྱི་ལོ7870པ)
1.2 ཅན་ཀྲུང་ཁྲི་ལོ་གཉིས་པ། (སྤྱི་ལོ781པ)
1.3 ཅན་ཀྲུང་ཁྲི་ལོ་གསུམ་པ།(སྤྱི་ལོ782པ)
1.4 ཅན་ཀྲུང་ཁྲི་ལོ་བཞི་པ།(སྤྱི་ལོ783པ)
1.5 ཞིང་ཡོན་ཁྲི་ལོ་དང་པོ།(སྤྱི་ལོ784)
1.6 ཀྲེན་ཡོན་ཁྲི་ལོ་གཉིས་པ། (སྤྱི་ལོ786)
1.7 ཀྲེན་ཡོན་ཁྲི་ལོ་གསུམ་པ། (སྤྱི་ལོ787པ)
1.8 ཀྲེན་ཡོན་ཁྲི་ལོ་བཞི་པ། (སྤྱི་ལོ788པ)
1.9 ཀྲེན་ཡོན་ཁྲི་ལོ་ལྔ་པ། (སྤྱི་ལོ789པ)
1.10 ཀྲེན་ཡོན་ཁྲི་ལོ་དྲུག་པ།(སྤྱི་ལོ790པ།)
1.11 ཀྲེན་ཡོན་ཁྲི་ལོ་བདུན་པ། (སྤྱི་ལོ791པ )
1.12 ཀྲེན་ཡོན་ཁྲི་ལོ་བརྒྱད་པ།(སྤྱི་ལོ792པ)
1.13 ཀྲེན་ཡོན་ཁྲི་ལོ་དགུ་པ། (སྤྱི་ལོ793པ)
1.14 ཀྲེན་ཡོན་ཁྲི་ལོ་བཅུ་པ། (སྤྱི་ལོ794པ)
1.15 ཀྲེན་ཡོན་ཁྲི་ལོ་བཅུ་གཅིག་པ། (སྤྱི་ལོ795པ)
1.16 ཀྲེན་ཡོན་ཁྲི་ལོ་བཅུ་གཉིས་པ། (སྤྱི་ལོ796པ)
1.17 ཀྲེན་ཡོན་ཁྲི་ལོ་བཅུ་གསུམ་པ། (སྤྱི་ལོ797)
1.18 ཀྲེན་ཡོན་ཁྲི་ལོ་བཅུ་བཞི་པ། (སྤྱི་ལོ798པ)
1.19 ཀྲེན་ཡོན་ཁྲི་ལོ་བཅོ་ལྔ་པ། (སྤྱི་ལོ799པ)
1.20 ཀྲེན་ཡོན་ཁྲི་ལོ་བཅུ་དྲུག་པ། (སྤྱི་ལོ800པ)
1.21 ཀྲེན་ཡོན་ཁྲི་ལོ་བཅུ་བདུན་པ། (སྤྱི་ལོ801པ)
1.22 ཀྲེན་ཡོན་ཁྲི་ལོ་བཅོ་བརྒྱད་པ། (སྤྱི་ལོ802པ)
1.23 ཀྲེན་ཡོན་ཁྲི་ལོ་བཅུ་དགུ་པ། (སྤྱི་ལོ803པ)
1.24 ཀྲེན་ཡོན་ཁྲི་ལོ་ཉི་ཤུ་བ། (སྤྱི་ལོ804པ)
2   མཆན་འགྲེལ།
1 འགྱུར་ཡིག
1_1 ཅན་ཀྲུང་ཁྲི་ལོ་དང་པོ་།(སྤྱི་ལོ7870པ)

(ཟླ་གསུམ་པ།)ལིའུ་ཝུན་ཞིས་གོང་མའི་བཀའ་དང་དུ་མི་ལེན་ཞིང་རང་ཉིད་ཀྱིས་ཅེ་ཏུའུ་ཧྲིའི་གོ་གནས་འཁུར་བར་འདོད་པས། དབྱར་ཟླ་བཞི་པའི་ཚེས་གཅིག་གི་ཉིན་ཅིང་ཀྲོའུ་བཟུང་ནས་ངོ་ལོག་པ་དང་། རང་གི་བུ་བོད་དུ་མངགས་ནས་མི་གཏར་སྡོད་དུ་བཅུག་ཅིང་བོད་ཀྱིས་དམག་རོགས་བྱེད་པར་རེ། གོང་མས་ཀྲུའུ་ཚི་དང་ལི་ཧོའེ་ཀོང་གཉིས་དེ་འདུལ་དུ་མངགས་པ་དང་། དེའི་ཁར་ཧྲེན་ཚེ་ཅུན་གྱི་ཅུན་ཧྲིའི་གོ་ཐོབ་ཅན་ཀྲང་ཅུས་ཅི་ལ་སྐུ་སྲུང་དམག་ཉིས་སྟོང་འཁྲིད་དུ་བཅུག་ནས་རྒྱབ་རོགས་སུ་མངགས།

(བམ་པོ226པའི་ཤོག་ངོས13པ། 7279)

ཝེ་ལུན་གྱིས་བོད་ཀྱི་བཟུང་དམག་རྣམས་བསྐྱལ་ནས་ཡོང་བཞིན་ཡོད་པ་བོད་ཀྱིས་ཐོས་རྗེས་ཐོག་མར་ཡིད་མ་ཆེས། བཟུང་དམག་རྣམས་བོད་ཀྱི་ས་ཁོངས་སུ་སླེབས་པ་དང་སོ་སོའི་ཚོ་བར་ལོག་སྟེ“གནམ་གྱི་སྲས་གསར་པས་ཕོ་བྲང་ནང་གི་ཞལ་ཏ་མ་རྣམས་ཕྱིར་བསློགས་པ་དང་རི་དྭགས་དང་གཅན་གཟན་བཀག་སྐྱིལ་བྱས་པ་རྣམས་ཀྱང་གློད། གང་དེའི་མཛངས་ཁྱད་དང་ཟིལ་ཤུགས་དང་དམ་པའི་མཛད་སྤྱོད་ཀྲུང་གོ་ཡོངས་ལ་ཁྱབ་འདུག”ཅེས་སྨྲས་པས། བོད་རྣམས་ཤིན་ཏུ་དགའ་ཞིང་ལམ་བཤངས་ནས་ཝེ་ལུན་བསུས། བཙན་པོས་དེ་མུར་ཝེ་ལུན་དང་ལྷན་དུ་ཐང་ལ་སྐྱེས་འདེགས་མཁན་ཕོ་ཉ་མངགས་པ་དང་། གོང་མ་སྔོན་མར་འདས་མཆོད་བྱེད་པའི་ཉེར་སྤྱད་ཕུལ། ཚེས་དགུའི་ཉིན་རྒྱལ་སར་འབྱོར་ཅིང་གོང་མས་གུས་ལུགས་དང་བཅས་ལེགས་སྐྱེས་བཞེས། དེར་ཧྲུའུ་ཡི་དམག་དཔོན་ན་རེ། “བོད་ནི་སྤྱང་ཀི་དང་འདྲ་བས་བཟུང་དམག་རྣམས་ཕྱིར་སློག་མི་འོས”ཞུས། གོང་མས“རོང་ཏི་ས་མཚམས་ལ་རྒོལ་དུ་བྱུང་ན་དྲག་པོའི་སྦྱོར་བས་གདུལ་དགོས་ཤིང་། བཀའ་རྩི་ན་ནི་ཕྱིར་ལོག་ཏུ་འཇུག་དགོས། དྲག་པོའི་སྦྱོར་བ་སྤྱོད་པ་ནི་འཇིགས་ཟིལ་སྟོན་པའི་ཕྱིར་དང་། ཕྱིར་གཏོང་བ་ནི་ཡིད་རྟོན་འཐོབ་པའི་ཆེད་དུ་ཡིན། ཟིལ་ཤུགས་དང་ཡིད་རྟོན་གཉིས་ཀ་མེད་ཚེ་རྒྱང་ཐག་རིང་བའི་ཡུལ་གྲུ་རྣམས་ཇི་ལྟར་སྐྱོང”གསུངས་ནས་ཚང་མ་ཕྱིར་གཏོང་དུ་བཅུག

(བམ་པོ226པའི་ཤོག་ངོས13པ། 7279-7280)

ཟླ་ལྔ་པའི་ཚེས་གཅིག་གི་ཉིན། ཝེ་ལུན་ལ་ཐའེ་ཁྲང་ཆིང(གུས་ལུགས་གསོལ་མཆོད་དཔོན)གི་ཆོ་ལོ་བསྩལ། ཚེས་ཉེར་གཉིས་ཀྱི་ཉིན། ཝེ་ལུན་ཡང་བསྐྱར་བོད་དུ་ཕོ་ཉར་མངགས། ཝེ་ལུན་གྱིས་བོད་དང་མཇལ་དུམ་བྱེད་པའི་མནའ་གཙིགས་ཡི་གེའི་ཐོག་གོང་མའི་མཚན་བཀོད་ནས་འཁྱེར་རྒྱུ་གོང་མར་ཞུས་པར། བློན་པོ་དབྱང་ཡན་གྱིས་དེ་ལྟར་བྱས་ན་རྒྱལ་ཁབ་ཀྱི་ལ་རྒྱར་གནོད་པས། ཀོ་ཙི་དབྱི་ལྟ་བུ་ཞིག་ལ་མིང་འགོད་དུ་འཇུག་པ་དང་དེ་ནས་གོང་མས་མཆོག་མཆན་བཀོད་པ་ཙམ་གྱིས་ཆོག་པར་བརྗོད་པས་དེ་ལྟར་གནང་།

(བམ་པོ226པའི་ཤོག་ངོས14པ། 7280)

(ཟླ་བཅུ་གཅིག་པ)བོད་ཀྱིས་ཝེ་ལུན་སླར་ཡང་ཕོ་ཉར་སླེབས་པ་མཐོང་ནས་ལྷག་པར་དགའ། ཟླ་བཅུ་གཉིས་པའི་ཚེས་གཅིག་གི་ཉིན་ཝེ་ལུན་ཕྱིར་ལོག བོད་ཀྱིས་ཙའེ་ཞང་བློན་པོ་ཆིན་མིང་སི1སོགས་སྐྱེས་འདེགས་པའི་ཕོ་ཉར་མངགས།

(བམ་པོ226པའི་ཤོག་ངོས24པ། 7291)

1_2 ཅན་ཀྲུང་ཁྲི་ལོ་གཉིས་པ། (སྤྱི་ལོ781པ)

(ཟླ་གསུམ་པ)ཏེན་ཀྲུང་ཧྲའོ་ཅན(ཕོ་བྲང་སྤྱི་གཉེར་གཞོན་པ)གྱི་གོ་ཐོབ་ཅན་ཚུའེ་ཧེང་བོད་དུ་ཕོ་ཉར་མངགས།

(བམ་པོ226པའི་ཤོག་ངོས32པ། 7298)

(ཟླ་དྲུག་པ)བོད་ཀྱིས་ཧོ་ཞི་དང་ལུང་ཡིའུ་གཉིས་བཟུང་བ་ནས་པེ་ཐིང་དང་ཨན་ཞི་གཉིས་གོང་མའི་སྲིད་གཞུང་དང་འབྲེལ་ལམ་ཆད་ནས་འགྲོ་འོང་མི་ཐུབ་པར་གྱུར། དབྱི་ཞི་དང་པེ་ཐིང་གི་ཅེ་ཏུའུ་ཧྲི་ལི་ཡོན་ཀྲུང་དང་། དམག་སྡེ་བཞིའི་ལིའུ་ཧོའུ་ཡི་གོ་ཐོབ་ཅན་ཀོ་ཞིན་གཉིས་ཀྱིས་དཔོན་དམག་དང་བཅས་མཐའ་མཚམས་དམ་པོར་བསྲུངས། ཐེངས་དུ་མར་རྒྱལ་སར་ཞུ་ཡིག་འབུལ་མཁན་མངགས་ཀྱང་ལམ་དུ་མ་ལྷོངས། དེ་ལྟར་ཕན་ཚུན་སྐད་བརྡ་མ་གོ་བར་ལོ་ངོ་བཅུ་ལྷག་འདས། དུས་འདིར་ད་གཟོད་བང་ཆེན་མངགས་པ་ཧོར་པའི་ཚོ་བ་ཁག་དང་ཡུ་གུར་བརྒྱུད་ནས་རྒྱལ་སར་འབྱོར་བས་གོང་མས་གཟེངས་བསྟོད་གནང་། སྟོན་ཟླ་བདུན་པའི་ཚེས་གཅིག་གི་ཉིན། ལི་ཡོན་ཀྲུང་པེ་ཐིང་གི་ཏུའུ་ཧུའུ་ཆེན་མོར(སྤྱི་ཁྱབ་ཆེན་མོ)བསྐོས་པ་དང་ཉིང་སའེ་ཀྱུན་ཝང་ཞེས་པའི་ཆོ་ལོ་བསྩལ། ཀོ་ཞིན་ཞེས་པ་ཨན་ཞིའི་ཏུའུ་ཧུའུ་ཆེན་མོ(སྤྱི་ཁྱབ་ཆེན་མོ)དང་དམག་སྡེ་བཞིའི་ཅེ་ཏུའུ་ཧྲིར་བསྐོས་པ་དང་། ཝུའུ་ཝེ་ཀྱུན་ཝང་ཞེས་པའི་ཆོ་ལོ་བསྩལ། དེ་གའི་དམག་དཔོན་ཚང་མའི་གོ་གནས་རིམ་པ་བདུན་སྤར། ལི་ཡོན་ཀྲུང་གི་རུས་མིང་ནི་གོང་མས་བསྩལ་བ་ཡིན། མ་གཞིའི་ཁོའི་རུས་ཚའོ་དང་མིང་ལིང་ཀྲུང་ཡིན། ཀོ་ཞིན་ནི་ཀོ་ཙི་དབྱིའི་ནུ་བོ(ཡི་བུ)ཡིན།

(བམ་པོ227པའི་ཤོག་ངོས3པ། 7303)

ཚེས་བཅུ་དགུའི་ཉིན། དབྱི་ཀྲོའུ་ཡི་ཚི་ཧྲི་དཔོན་འདས་པོ་ཡོན་ཀོང་ཐིང་ལ་ཀུང་པུའུ་ཧྲང་ཧྲུའུ(བཟོ་སྡེའི་ཁུར་འཛིན་བློན་ཆེན)ཡི་མཚན་བཏགས་གནང་། ཁོ་ཐེན་པའོ་ཁྲི་ལོའི་མཇུག་ཏུ་དབྱི་ཀྲོའུ་ཡི་ཚི་ཧྲི་དཔོན་བྱས་མྱོང་། ཧོ་ཞི་དང་ལུང་ཡིའུ་བོད་ལ་ཤོར་རྗེས་ཡོན་ཀོང་ཐིང་གིས་ལོ་མང་པོར་རང་ས་བརྟན་པོར་བསྲུངས། བོད་ཀྱིས་འབྲིད་ཐབས་ཐེངས་མང་བྱས་ཀྱང་མགོ་མ་བཏགས། མཐར་དམག་རྒྱགས་རྫོགས་ཤིང་དམག་མི་ཚར་བ་དང་། མཁར་ཡང་ཤོར་བས་ཁོས་སྔོན་ལ་ཆུང་མ་བསད་རྗེས་རང་ཉིད་མེ་རུ་སྦར། ཀོ་ཞིན་གྱིས་མངགས་པའི་ཕོ་ཉ་འབྱོར་རྗེས་གོང་མའི་སྲིད་གཞུང་གིས་གཞི་ནས་ཚུལ་དེ་རྟོགས་ནས་དཔོན་ཐོབ་དེ་གནང་བ་རེད།

(བམ་པོ227པའི་ཤོག་ངོས4པ། 7305)

(ཟླ་བཅུ་གཉིས་པ། )ཚུའེ་ཧན་ཧེང་བོད་དུ་འབྱོར། བཙན་པོས་གོང་མའི་བཀའ་ཡིག་ནང་དུ་ཕུལ་དང་གནང་ཞེས་ཚང་མ་རྒྱལ་བློན་གྱི་གུས་ལུགས་ལྟར་བྲིས་འདུག་པ་འཆོས་དགོས་ཚུལ་དང་། དེ་བཞིན་ཡུན་ཀྲོའུ2ཡི་ནུབ་ཕྱོགས་སུ་རི་བོ་ཧོ་ལན་ཧྲན3ས་མཚམས་སུ་བྱ་དགོས་ཚུལ་བཅས་གོང་མར་ཞུ་རྒྱུ་ཚུའི་ཧན་ཧེང་ལ་གདམས། ཚེས་ཉེར་གསུམ་གྱི་ཉིན། ཚུའེ་ཧན་ཧེང་གིས་བོད་ཀྱི་ཕོ་ཉ་དང་ལྷན་དུ་ཕན་ཀོན(ལག་བསྟར་དཔོན་པོ)ཞིག་དེ་ལུགས་ཞུ་རུ་མངགས། གོང་མས་བཀའ་ཡིག་དེ་བཞིན་བཅོས་ཤིང་ས་མཚམས་ཀྱང་བོད་ཀྱིས་རེ་བ་ཞུས་པ་ལྟར་བྱས།

(བམ་པོ་227པའི་ཤོག་ངོས11པ། 7312)

1_3 ཅན་ཀྲུང་ཁྲི་ལོ་གསུམ་པ།(སྤྱི་ལོ782པ)

(ཟླ་བཞི་པ)ཚེས་བརྒྱད་ཀྱི་ཉིན། བོད་ཀྱིས་སྔོན་དུས་འཕྲོག་པའི་རྒྱའི་འབངས་མི་དང་དམག་མི་བརྒྱད་བརྒྱ་ཕྱིར་བསློགས།

(བམ་པོ227པའི་ཤོག་ངོས21པ། 7321)

ཟླ་དགུ་པའི་ཚེས་ཉེར་གསུམ་གྱི་ཉིན། ཏེན་ཀྲུང་ཧྲའོ་ཅན(ཕོ་བྲང་སྤྱི་གཉེར་གཞོན་པ)གྱི་གོ་ཐོབ་ཅན་ཚུའེ་ཧན་ཧེང་བོད་ནས་ཕྱིར་ལོག བཙན་པོས་བློན་པོ་རྔེགས་རྒྱལ་བཙན་ཚུའེ་ཧན་ཧེ་དང་ལྷན་དུ་ཐང་ལ་ཕོ་ཉར་མངགས།

(བམ་པོ227པའི་ཤོག་ངོས32པ། 7334)

(ཟླ་བཅུ་པ)ཚེས་བཅུ་དགུའི་ཉིན་ཏུའུ་ཀོན་ཡོན་ཝའེ་ལང(ཁྲིམས་སྡེའི་བཙོན་ལས་དཔོན་གཞོན)གི་གོ་ཐོབ་ཅན་ཧྥན་ཙེ་མཇལ་དུམ་གྱི་དུས་ཚོད་བརྗོད་དུ་བོད་ལ་མངགས།

(བམ་པོ227པའི་ཤོག་ངོས33པ། 7335)

1_4 ཅན་ཀྲུང་ཁྲི་ལོ་བཞི་པ།(སྤྱི་ལོ783པ)

དཔྱིད་ཟླ་དང་པོའི་ཚེས་བཅུའི་ཉིན། ལུང་ཡིའུ་ཡི་ཅེ་ཏུའུ་ཧྲི་ཀྲང་དབྱི་དང་བོད་ཀྱི་བློན་པོ་ཞང་རྒྱལ་བཙན་གཉིས་ཀྱིས་ཆེང་ཧྲུའེ4རུ་གནའ་གཙིགས་བཅས།

(བམ་པོ228པའི་ཤོག་ངོས་དང་པོ། 7338)

ཟླ་གཉིས་པའི་ཚེས་གཅིག་གི་ཉིན། རྔེགས་རྒྱལ་བཙན་སྐྱེལ་དུ་ཧུང་ལུའུ་ཆིང(མགྲོན་གཉེར་དཔོན་པོ)གི་གོ་ཐོབ་ཅན་ཚུའེ་ཧན་ཧེང་བོད་དུ་མངགས།

(བམ་པོ228པའི་ཤོག་ངོས་དང་པོ། 7338)

(ཟླ་བཞི་པ)གོང་མས་ཙའེ་ཞང་བློན་པོ་དང་སྡེ་ཁག་སོ་སོའི་ཧྲང་ཧྲུའུ(ཁུར་འཛིན་བློན་ཆེན)རྣམས་ལ་བོད་ཀྱི་རྔེགས་རྒྱལ་བཙན་དང་མཉམ་དུ་ཧྥིང་དབྱི་ལི་ཞེས་པའི་སར་མཇལ་དུམ་བྱེད་རྒྱུའི་བཀའ་ཕབ་མོད། རྔེགས་རྒྱལ་བཙན་གྱིས་ཆིང་ཧྲུའེ་རུ་མཇལ་དུམ་བྱེད་སྐབས་ས་མཚམས་ཐག་མ་ཆོད་པར་བརྗོད་དེ་མནའ་གཙིགས་བཅའ་རྒྱུ་ལམ་ལྷོང་མ་བྱུང་། ཚེས་བཅུ་བཞིའི་ཉིན་བཙན་པོར་ཞུས་ནས་ཐག་གཅོད་དུ་འཇུག་པའི་ཆེད་དུ་གོང་མས་ཚུའེ་ཧེང་བོད་དུ་མངགས།

(བམ་པོ228པའི་ཤོག་ངོས6པ། 7343-7344)

(ཟླ་དྲུག་པ)ཚེས་ཉེར་ལྔའི་ཉིན། བོད་སྐྱོད་ལག་བསྟར་དཔོན་ནམ་ཅན་ཁྲ་ཡུས་ཧྲི(ཞིབ་དཔྱོད་དཔོན་པོ)ཡི་གོ་ཐོབ་ཅན་ཡུས་ཏི་བོད་ཀྱི་ཕོ་ཉ་བློན་ལ་མོ་གཙང་དང་མཉམ་དུ་མཚོ་སྔོན་པོའི་རྒྱུད་ནས་འབྱོར། ས་མཚམས་ཕྱེ་ཟིན་ཚུལ་བསྙད་ཅིང་རྔེགས་རྒྱལ་བཙན་བོད་དུ་ཕྱིར་མངག་རྒྱུ་ཞུས། སྟོན་ཟླ་བདུན་པའི་ཚེས་དགུའི་ཉིན། ལི་པུའུ་ཧྲང་ཧྲུའུ(ལུགས་སྡེའི་ཁུར་འཛིན་བློན་ཆེན)ལི་ཁུའེ་བོད་སྐྱོད་མཇལ་དུམ་དཔོན་པོར་བསྐོས། ཚེས་བཅུ་བདུན་གྱི་ཉིན། དམག་དཔོན་དང་ཙའེ་ཞང་བློན་པོ་རྣམས་བསྐངས་ཏེ་ཁྲང་ཨན་མཁར་གྱི་ནུབ་ཏུ་རྔེགས་རྒྱལ་བཙན་དང་ལྷན་དུ་མནའ་གཙིགས་བཅས། ལི་ཁུའེ་འཇོན་ཐང་དང་སྙན་གྲགས་ཆེ་བས་ལུའུ་ཆི་ཞེས་པ་མ་དགའ་བར་ཁོ་རང་བོད་དུ་ཕོ་ཉར་མངགས་པ་རེད།  ལི་ཁུའེ་ཡིས“གོང་མར་བློན་པོ་ང་རྒྱང་རིང་དུ་བསྐྱོད་རྒྱུར་འཇིགས་པ་མེད་མོད། ལམ་དུ་ཚེ་ལས་འདས་ནས་གོང་མའི་བཀའ་འགྲུབ་མི་ཐུབ་པར་དོགས”ཞེས་ཞུས་པར། གོང་མ་ཡང་དེར་སྙིང་རྗེ་སྐྱེས་ནས་ལུའུ་ཆི་ལ“ལི་ཁུའེ་ལོ་ན་མཐོ་བས་བྱ་ཐབས་ཟད”གསུངས་པར་ལུའུ་ཆི་ན་རེ“རྒྱང་ཐག་རིང་བའི་མཐའ་འཁོབ་ཏུ་ཕོ་ཉར་སྐྱོད་མཁན་དེ་སྲིད་གཞུང་གི་ལས་ཀར་བྱང་ཆུབ་པ་ཞིག་མིན་ཚེ་མི་ཡོང་། ད་ལམ་ལི་ཁུའེ་ཕོ་ཉར་ཕྱིན་ཚེ་སླད་ཕྱིན་ལི་ཁུའེ་ལས་ལོ་གཞོན་པ་ཞིག་ཡིན་ཕྱིན། རྒྱང་རིང་དུ་ཕོ་ཉར་མི་འགྲོ་ཟེར་ཕོད་མཁན་མེད་པར་འགྱུར”ཞེས་ཞུས།

(བམ་པོ228པའི་ཤོག་ངོས9པ། 7347)

1_5 ཞིང་ཡོན་ཁྲི་ལོ་དང་པོ།(སྤྱི་ལོ784)

(ཟླ་དང་པོ)བོད་ཀྱི་བློན་པོ་ཞང་རྒྱལ་བཙན་གྱིས་ཐང་ལ་དམག་རོགས་བགྱིས་ནས་རྒྱལ་ས་ཕྱིར་ལེན་རྒྱུ་གོང་མར་ཞུས།ཚེས་ཉེར་བརྒྱད་ཀྱི་ཉིན། གོང་མས་སི་ཧྲུའུ་ཅན(ཡིག་ཚང་དཔོན་པོ)གྱི་གོ་ཐོབ་ཅན་ཚུའེ་ཧན་ཧེང་བོད་དུ་ཕོ་ཉར་མངགས་ཏེ་བོད་ཀྱི་དམག་དཔུང་གཏོང་དུ་བཅུག

(བམ་པོ229པའི་ཤོག་ངོས30པ། 7399)       

(ཟླ་གཉིས་པ)དུས་དེར་གོང་མས་ཚུའེ་ཧན་ཧེང་བོད་དུ་མངགས་ནས་བོད་དམག་གིས་དཔུང་རོགས་བྱེད་དགོས་ཚུལ་གསུངས་པར། བོད་ཀྱི་བློན་ཆེན་པོ་ཞང་རྒྱལ་བཙན་གྱིས“བོད་ཀྱིས་དམག་རོགས་བྱེད་པའི་ལུགས་སྲོལ་ལྟར་ན། ཕ་རོལ་པོའི་དམག་དོན་གཙོ་བོར་སྐྱོང་མཁན་བློན་ཆེན་ཡིད་མཐུན་ཡོད་ཚེ་ད་གཟོད་དམག་རོགས་བྱས་ཆོག་ད་ལམ་ཁྱོད་ཚོའི་བཀའ་ཡིག་ཏུ་ལི་ཧོའེ་ཀོང་གི་མིང་བཀོད་མི་འདུག་པས་དམག་རོགས་གཏོང་མི་ཕོད”ཟེར། དེར་གོང་མས་ལུའུ་ཀྲི་ལ་བཀའ་བསྒོས་ཏེ་ལི་ཧོའེ་ཀོང་ལ་དེ་ལུགས་བརྗོད་པ་ན། ལི་ཧོའེ་ཀོང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་དེ་འདྲ་བྱེད་མི་རུང་བར་བརྗོད། ཁོ་ན་རེ“གལ་སྲིད་རྒྱལ་ས་ཕྱིར་ལེན་མ་ཐུབ་པ་བྱུང་ཚེ། བོད་ཀྱིས་དམག་མིར་མེ་རྒྱག་པ་དང་འཕྲོག་བཅོམ་བྱེད་དུ་འཇུག་ངེས་ཡིན། དེ་དུས་སུས་འགོག་ཐུབ་བམ། དེ་གནོད་སྐྱོན་དང་པོ་ཡིན། སྔོན་དམག་མི་སྡུད་དུས། རྒྱལ་ས་ལེན་ཐུབ་མཁན་བྱུང་ཚེ་དམག་མི་རེར་དོང་ཙེ་ཕྲེང་ཤལ་བརྒྱ་རེ་སྟེར་རྒྱུ་བཀའ་ཡིག་ཏུ་བྲིས་ནས་བསྒྲགས། བོད་ཀྱིས་དམག་ལྔ་ཁྲི་དྲངས་ཏེ་བཀའ་ཡིག་ཏུ་འཁོད་པ་ཇི་བཞིན་རྔན་པ་བསླངས་ཚེ། དོང་ཙེ་ཕྲེང་ཤལ་ས་ཡ་ལྔ་གང་ནས་འཁྱེར་ཡོང་དགོས་སམ། དེ་གནོད་སྐྱོན་གཉིས་པ་ཡིན། བོད་ཀྱི་རྟ་དམག་ཡོང་ནི་ཡོང་མོད་ཀྱང་གཡུལ་འཐབ་ཏུ་མི་སྐྱོད་པར་རང་དཔུང་རང་སྲུང་གིས་རང་རེའི་དམག་དཔུང་གི་རྒྱལ་ཕམ་ལ་བརྟག་ངེས་ཤིང་། རང་རེར་རྒྱལ་ཁ་ཐོབ་ཚེ་ཁོ་ཚོའི་བྱས་རྗེས་སུའང་འགྲོ་བ་དང་། རང་རེ་ཕམ་ཚེ་བོད་དམག་གི་བློ་སྣ་འགྱུར་ངེས་ཡིན། ཁོ་ཚོ་གཡོ་སྒྱུ་ཆེ་ལ་དྲན་འཕྲུལ་མང་བས་ཡིད་རྟོན་མི་རུང་། དེ་གནོད་སྐྱོན་གསུམ་པ་ཡིན”ཞེས་སྨྲས་ཏེ་བཀའ་ཡིག་ཐོག་མིང་མ་བཀོད། དེ་བས་ཞང་རྒྱལ་བཙན་གྱིས་ཀྱང་དམག་དཔུང་མ་བཏང་།

(བམ་པོ230པའི་ཤོག་ངོས3པ། 7403)

(ཟླ་གསུམ་པ)ལི་ཧོའེ་ཀོང་གིས་པིན་ཀྲོའུ་རུ་བང་ཆེན་མངགས་ཏེ་ཅེ་ཏུའུ་ཧྲི་ཚབ་མ་ཀྲན་ཞིན་ལ་དེར་ཡོད་དམག་མི་ཆིག་ཁྲི་ལྷག་དང་། དམག་སྒར་དུ་ཡོད་པའི་དམག་དཔོན་ཁྱིམ་མི་དང་བཅས་པ་ཅིང་དབྱང་དུ་འཛོམ་དགོས་པའི་བཀའ་ཕབ་པ་དང་སྦྲགས།རང་འོག་དམག་དཔོན་ལིའུ་ལི་སོགས་དམག་སུམ་སྟོང་དང་བཅས་དེར་མངགས་ནས་བཙན་ཤེད་ཀྱིས་སྤོ་རུ་བཅུག ཧན་ཡིའུ་ཀུའེ་ཞེས་པ་དེས་ཀྲང་ཞིན་ལ“ཐའེ་ཝེ(དྲག་དཔོན་ཆེན་མོ)ལི་ལགས6བྱས་རྗེས་ཡང་ད་ནི་རང་ཉིད་བྱུར་གྱི་ཀློང་ལ་མཆོང་འདོད་པ་རེད། ད་ཀྲུང་ཁྲེན(ཞིབ་དཔྱོད་གཞོགས་འདེགས་དཔོན་པོ)ཁྱེད་རང་ཐོབ་གོ་ས་དང་རྒྱུ་འབྱོར་བར་བརྩོན་པའི་དུས་ལ་བབས། ཁོ་བོས་མངའ་འོག་གི་དམག་དཔུང་ཁྲིད་ནས་ཁྱེད་ལ་དཔུང་རོགས་བྱས་ཆོག”ཅེས་སྨྲས་པར། ཀྲན་ཞིན་ན་རེ“ཀྲང་ཞིན་ང་རང་རིགས་རྒྱུད་དམན་ཡང་ཐའེ་ཝེ(དྲག་དཔོན་ཆེན་མོ)ལི་ལགས་ཀྱི་དྲིན་གྱིས་ད་ལྟའི་ཚད་འདིར་སོན་པ་ཡིན་པས་ཁོར་རྒྱབ་གཏོད་པར་སེམས་ཀྱིས་མི་བཟོད”ཅེས་མ་མཉན། དེར་ཧན་ཡིའུ་ཀུའེ་ཡིས་ནད་བྱུང་བར་ཁ་གཡར་ནས་ཕྱིར་མ་བུད་ཅིང་།མངོན་ཆུང་ངང་དམག་དཔོན་ཀུའོ་ཡིས་ནད་བྱུང་བར་ཁ་གཡར་ནས་ཕྱིར་མ་བུད་ཅིང་། མངོན་ཆུང་ངང་དམག་དཔོན་ཀའོ་ཀུའུ་དང་དབྱང་ཧོའེ་པིན་སོགས་དང་ལྐོག་འབྲེལ་བགྱིས། སྐབས་དེར་ཚུའེ་ཧན་ཧེང་གིས་བོད་དམག་ཁྲིད་ནས་པིན་ཀྲོའུ་མཁར་གྱི་ནུབ་ཕྱོགས་སུ་སྒར་འདེབས་སུ་བཅུག ཀའོ་ཀུའུ་ན་རེ། “ཀྲང་ཞིན་དཔུང་ཚོགས་དང་བཅས་ཕྱིན་པས་པིན་ཀྲོའུ་མཁར་སྟོང་པར་ལུས་ཡོད”ཅེས་ཧུན་ཅན་གྱིས་བྲིས་ཁུལ་བྱས་པའི་འཕྲིན་ཡིག་རྫུན་མ་ཞིག་སྤྲིངས་ཏེ་བོད་དམག་པིན་ཀྲོའུ་མཁར་གྱི་ཉེ་སར་བཅར་དུ་བཅུག་པས། ཀྲང་ཞིག་སོགས་སྐྲག་སྟེ་ཕྱིར་འཐོན་མ་ཐུབ།  དེར་ཀྲང་ཞིན་སོགས་ཀྱིས་དམག་དཔོན་བཀའ་མི་རྩི་མཁན་རྣམས་གསོད་རྒྱུའི་གྲོས་བྱས། ཚུལ་དེ་ཧན་ཡིའུ་ཀུའེ་ཡིས་རྟོགས་ཏེ་སྔོན་ལ་ཀའོ་ཀུའུ་སོགས་དང་ལྷན་དུ་དམག་བཏང་ནས་ཀྲུང་ཞིན་བསད། དེ་ནས་དབྱང་ཧོའེ་པིན་གོང་མར་ཞུ་ཡིག་སྐྱེལ་མ་བཏང་བ་དང་སྦྲགས། མི་མངགས་ནས་ཚུའེ་ཧན་ཧེང་ལའང་ཞུས། ཚུའེ་ཧན་ཧེང་གིས་གོང་མའི་བཀའ་ཡིག་རྫུན་མ་བཟོས་ནས་ཧན་ཡིའུ་ཀུའེ་དེ་གའི་དམག་སྲིད་ལས་ཁུངས་ཀྱི་ཅེ་ཏུའུ་ཧྲི་ཚབ་མར་བསྐོས་པས་དམག་དཔུང་གི་མི་རྣམས་དགའ་སྤྲོ་ཆེན་པོ་སྐྱེས།

(བམ་པོ230པའི་ཤོག་ངོས16པ། 7415-7416)

(ཟླ་བཞི་པ)ཧུན་ཅན་གྱིས་དམག་དཔུང་རྣམས་ཁྲིད་ནས་ཞེ་ཀུའུ7རུ་བསྐྱོད། ཚུའེ་ཧན་ཧེང་གིས་བོད་དམག་ལ་དམག་རོགས་བྱེད་པར་བསྐུལ་བ་ན། ཞང་རྒྱལ་བཙན་ན་རེ“པིན་ཀྲོའུ་ཡི་དམག་ཕྱིར་མ་ཐོན་པས་དེ་ཁོ་བོའི་དཔུང་གི་རྒྱབ་ནས་རྒོལ་བར་དོགས”ཞེས་བརྗོད། ཧན་ཡིའུ་ཀུའེ་ཡིས་དེ་ཐོས་རྗེས་མངའ་འོག་གི་དམག་དཔོན་ཚའོ་ཙི་ཏ་ལ་དམག་མི་སུམ་སྟོང་འཁྲིད་དུ་བཅུག་ནས་ཧུན་ཅན་གྱི་དམག་དཔུང་དང་འདུ་འཛོམ་བྱེད་པར་མངགས། བོད་ཀྱིས་དམག་དཔོན་བློན་མང་ལོད་དམག་མི་ཉིས་ཁྲི་དང་བཅས་དེའི་རྗེས་སུ་མངགས། ལི་ཁྲུའུ་ལིན་ཞེས་པས་ཀྱང་མངའ་འོག་དམག་དཔོན་ཧྲི་ཧོང་ལ་དམག་བདུན་བརྒྱ་འཁྲིད་དུ་བཅུག་ནས་ཧུན་ཅན་ལ་དཔུང་རོགས་བྱས་ཏེ་ཝུའུ་ཀུང8བླངས། ཚེས་བཅུའི་ཉིན། ཀྲུའུ་ཚི་ཡིས་རང་གི་མངའ་འོག་དམག་དཔོན་ཧན་རྨིན་ཞེས་པ་ཝུའུ་ཀུང་རྫོང་ལེན་དུ་བཏང་བས། ཧྲི་ཧོང་དམག་དཔུང་དང་བཅས་མགོ་བཏགས། ཧུན་ཅན་གྱིས་འཐབ་ནས་རྒྱལ་ཁ་མ་ཐོབ་པས་དམག་དཔུང་ཕྱིར་འཐེན་གྱིས་ཞི་ཡོན9དུ་འཛེགས། ཏག་ཏག་ཚའོ་ཙི་ཏས་བོད་དམག་ཁྲིད་ནས་འོངས་པ་དང་ཕྲད་ནས་ཝུའུ་ཐིང་ཁྲོན་དུ་ཧན་རྨིན་དང་འཐབ་སྟེ་ཕམ་པར་བྱས། མི་ཁྲི་ལྷག་གི་མགོ་བཅད། ཧན་རྨིན་གཅིག་པུ་ཐར། དེར་ཧུན་ཅན་གྱིས་དམག་དཔུང་ཁྲིད་དེ་ཧྥེང་ཐེན་དུ་སྒར་བཏབ། ལི་ཁྲེང་དང་ཤར་ནུབ་གཉིས་ནས་ཕན་ཚུན་གཞོགས་འདེགས་ཀྱིས་ཁྲང་ཨན་མཁར་གྱི་ཉེ་སར་བཅར།

(བམ་པོ230པའི་ཤོག་ངོས23པ། 7422)

ཀྲུའུ་ཚི་དང་ཡའོ་ལིང་ཡོན་གཉིས་ཀྱིས་ཐེངས་དུ་མར་མི་མངགས་ཏེ་ཅིང་ཡོན་གྱི་ཅེ་ཏུའུ་ཧྲི་ཧྥེང་ཧོ་ཆིང་འབྲིད་ཐབས་བྱས་མོད། ཧྥེང་ཧོ་ཆིང་གིས་བང་ཆེན་ཡོང་ཐེངས་བཞིན་བསད། དེའི་དམག་དཔོན་ཆེན་པོ་ཐེན་ཞི་ཅན་གྱིས་ཀྲུའུ་ཚི་དང་ལྐོག་འབྲེལ་བྱས་བགྱིས་ཏེ་ཧྥེང་ཧོ་ཆིང་བསད་ཅིང་། དམག་སྲིད་ལས་ཁུངས་དང་བཅས་ཕུལ་ནས་ཀྲུའུ་ཚིར་སྐྱབས་བཅོལ་བས་ཀྲུའུ་ཚིས་ཁོ་རང་ཅིང་ཡོན་གྱི་ཅེ་ཏུའུ་ཧྲིར་བསྐོས།

(བམ་པོ230པའི་ཤོག་ངོས25པ། 7424)

གཡོན་གྲལ་ཕུའུ་ཡེ་བློན་ཆེན་ལི་ཁུའེ་བོད་ནས་ཕྱིར་ལོག་ཅིང་། ཚེས་ཉེར་བཞིའི་ཉིན་ཧྥེང་ཀྲོའུ་རུ་ཚེ་ལས་འདས།

(བམ་པོ230པའི་ཤོག་ངོས28པ། 7426)

(ཟླ་ལྔ་པ)བོད་ཀྱིས་ཧན་རྨིན་སོགས་བཏུལ་རྗེས་འཕྲོག་བཅོམ་ཆེན་པོ་བྱས་ནས་ལོག  ཀྲུའུ་ཚིས་ཐེན་ཞི་ཅན་ལ་གསེར་དང་དར་གོས་གྱ་ནོམ་པ་བསྐུར་ནས་བོད་ལ་རྔན་པ་བརྫངས་པ་བོད་ཀྱིས་ཀྱང་བླངས། ཚུལ་དེ་ཧན་ཡིའུ་ཀུའེ་ཡིས་གོང་མར“ཞང་རྒྱལ་བཙན་གྱིས་བང་ཆེན་ཡང་ཡང་མངགས་ཏེ་མཉམ་འབྲེལ་གྱིས་ཁྲང་ཨན་མྱུར་དུ་ལེན་རྒྱུའི་ཁ་དན་བཞག་མོད་ད་དུང་འབྱོར་མ་བྱུང་། ཐོས་ཚུལ་ལྟར་ན་ཁོའི་དམག་དཔུང་ནང་ད་ལོའི་དཔྱིད་ཀར་རིམས་ནད་ཆེན་པོ་བྱུང་བས་ཉེ་ལམ་དམག་དཔུང་ཁྲིད་དེ་ལོག་ཚར་ཟེར”ཞེས་སྙན་སེང་ཞུས། གོང་མས་ལི་ཁྲེང་དང་ཧུན་ཅན་ལ་དམག་གྲངས་ཉུང་བས། བོད་དམག་ལ་བརྟེན་ནས་རྒྱལ་ས་ལེན་པར་དགོངས་ཀྱང་ད་ལྟ་བོད་དམག་ཕྱིར་ལོག་པ་གསན་ནས་ཐུགས་ཁྲལ་ཆེན་པོ་བྱུང་། ལུའུ་ཀྲི་ལ་བློ་དྲིས་པར། ལུའུ་ཀྲིས་བོད་བརྐམ་སྲེད་དང་གཡོ་སྒྱུ་ཆེ་བས་གནོད་སྐྱེལ་རྒྱུ་ལས་ཕན་མི་ཐོགས། ད་ལྟ་ཕྱིར་ལོག་པ་ནི་དངོས་འབྲེལ་དགའ་འོས་པའི་དོན་ཞིག་རེད་སྙམ་སྟེ་གོང་མར་ཞུ་ཡིག་ཕུལ་བའི་ནང་དོན་ཕལ་ཆེར་འདི་ལྟར། “བོད་ཀྱིས་དུས་ཚོད་ཕྱི་འགྱང་གིས་གནས་ཚུལ་ཅི་འབྱུང་བརྟགས་ནས་སྡོད་པ་དང་། གྱང་ཁའི་རྩྭ་ལྟར་འགྱུར་ལྡོག་མང་། རྒྱལ་ས་དང་ཉེ་སར་སླེབས་ན་ཡང་ལྐོག་ཏུ་ངོ་ལོག་པའི་བཀོད་འདོམས་དང་དུ་བླངས། དེར་བརྟེན་ནས་རང་རེའི་དམག་དཔོན་རྣམས་མདུན་སྐྱོད་དང་ཕྱིར་འཐེན་གང་བྱེད་ཀྱང་སེམས་ཁྲལ་སྐྱེ་དགོས་པའི་གནས་སུ་གྱར་ཡོད་པ་སྟེ། བོད་དམག་བསྐྱུར་ནས་རང་གི་དམག་དཔུང་འདྲེན་བསམ་ན་བོད་ཀྱིས་ཞེ་འཁོན་བཅངས་ནས་བབ་སྟུན་གྱིས་རྗེས་བསྙེག་པར་དོགས་པ་དང་། ཡང་བོད་དམག་དང་ཟླ་བསྒྲིལ་བའི་ཆེད་དུ་བསྒུག་བསམ་ན། དེ་ཚོས་ཁ་དན་ཚིག་ལ་མི་གནས་པར་དུས་འགྱང་བར་དོགས། དེ་བས་བོད་དམག་ཕྱིར་མ་ལོག་ཚེ་ངོ་ལོག་ཇག་པ་གཞར་ཡང་རྩ་མེད་གཏོང་ཐབས་བྲལ”ཞེས་དང་། ཡང“དམག་དཔོན་རྣམས་ཀྱིས་སེམས་སུ་གོང་མར་རང་ལ་ཐུགས་མི་རྟོན་ཞིང་བོད་དམག་གིས་བྱས་རྗེས་འཕྲོག་པར་དོགས་ཀྱི་ཡོད། དམག་མི་རྣམས་ཀྱིས་གོང་མས་ཁོ་ཚོའི་སྔོན་ཆད་ཀྱི་བྱས་རྗེས་ལ་ཐུགས་སྣང་མི་གནང་བར་དོགས་ཤིང་བོད་དམག་ཁོ་ནར་ཁེ་བཟང་རག་པར་སྐྲག  ངོ་ལོག་ཇག་པས་བོད་དམག་ལ་རྒྱལ་ཁ་ཐོབ་ཚེ་ཡང་ན་རང་སྲོག་འཆོར་བའམ་ཡང་ན་ཚང་མ་འཇུ་བཟུང་ཐེབས་ནས་བྲན་གཡོག་ཏུ་འགྱུར་བར་འཇིགས། འབངས་མི་སེར་རྣམས་ནི་བོད་དམག་སླེབས་ཚེ་རྒྱུ་ནོར་མཐའ་དག་འཕྲོག་འགྲོ་བར་སྐྲག དེར་བརྟེན་གོང་མའི་བཀའ་ལུང་གི་འོག་ཏུ་ཡོད་མཁན་རྣམས་ཀྱི་སེམས་ཕམ་ཞིང་། ངོ་ལོག་ཇག་པའི་མངའ་ཁོངས་སུ་ལུས་པ་རྣམས་ཀྱི་སེམས་ཤུགས་ཆེ་རུ་སོང་བ་ཡིན་ཞེས་དང་། ཡང་ད་ལྟ་ལི་ཧོའེ་ཀོང་གིས་ལོགས་སུ་ཕུའུ་ཀྲོའུ་དང་ཞང་ཀྲོའུ་བསྲུངས་པ་དང་། བོད་དམག་ཀྱང་ས་ཚམས་དང་རྒྱང་ཐག་རིང་པོས་ཆོད་པའི་སར་ཕྱིར་པས་འཇིགས་པ་རང་ས་ནས་སེལ་ཚར་ཅིང་མདུན་རྒྱབ་གཉིས་ས་གནོད་མཁན་མེད་པར་གྱུར་པས། ཧུན་ཅན་དང་ལི་ཁྲེང་སོགས་དམག་དཔོན་རྣམས་ཀྱི་སྟོབས་ཤུགས་གཞི་ནས་བསྐྱེད་ཐུབ”ཅེས་དང་། “གོང་མ་མཆོག་གིས་ཐུགས་གཟབ་མོའི་ངང་ནས་འབངས་ལ་བྱམས་སྐྱོང་དང་སྐྱབས་འོག་ཏུ་སྡུད་པ་དང་། སྲིད་དོན་ལ་བརྩོན་པ་ཆེན་པོ་གནང་ཚེ། རྒྱལ་སྲིད་ཡང་བསྐྱར་སྤེལ་བའི་འཕྲིན་ལས་ཆེན་པོ་ཉིན་བཅུའི་ནང་འགྲུབ་ཐུབ། དེ་བས་ཁྱི་དང་ལུག་ལྟ་བུའི་དཔུང་དམག10ལ་འཁྲེན་ནས་དམག་དཔོན་དང་དམག་མིའི་སེམས་འཆོར་དུ་འཇུག་མི་འོས”ཞེས་ཞུས།

གོང་མས་སླར་ཡང་བང་ཆེན་མངགས་ཏེ་ལུའུ་ཀྲི་ལ“བློན་ཁྱོད་ཀྱིས་བོད་དམག་གི་གནས་ཚུལ་སྐོར་བརྗོད་པ་ངེས་པར་བདེན། ཡིན་ཡང་ཧུན་ཅན་དང་ལི་ཁྲེང་སོགས་དམག་དཔོན་རྣམས་ཀྱིས་གཅིག་གྱུར་གྱི་གྲོས་འཆར་ཞིག་གི་ཐོག་ནས་དཔུང་འདེགས་འོས། ཁོ་བོས་དམག་དཔུང་ནས་སེམས་གསོ་བྱེད་མཁན་གྱི་ཕོ་ཉ་མངག་རྩིས་ཡོད་པས། བློན་པོ་ཁྱོད་ཀྱིས་ཐབས་ཇུས་ཞིབ་ཕྲ་བཀོད་ནས་འདིར་ཞུས་ཤིག”གསུངས།

(ཟླ་དྲུག་པ)ཀྲུའུ་ཚི་བོད་དམག་ལ་སྐྱབས་འཆོལ་དུ་འགྲོ་རྩིས་བྱས་པར། ལམ་སྐེད་དུ་མངའ་འོག་གི་དམག་མི་རྣམས་བྲོས་ཤིང་ཐོར་ཏེ་ཅིང་ཀྲོའུ་རུ་སླེབས་དུས་རྟ་དམག་བརྒྱ་ལྷག་ལས་མེད། ཐེན་ཞི་ཅན་གྱིས་མཁར་སྒོ་བཀག་ནས་ནང་དུ་མ་བཏང་བ་ལ། ཀྲུའུ་ཚི་ན་རེ། “ཁྱོད་ཀྱི་ཅེ་ཏུའུ་ཧྲིའི་གོ་གནས་དེ་ཁོ་བོས་བསྐོས་པ་ཡིན། ཉེན་ཁའི་སྐབས་སུ་ང་ལ་རྒྱབ་གཏོད་དོན་ཅི”ཞེས་སྨྲས་ཏེ་མཁར་སྒོ་མེར་བསྲེག་ཏུ་བཅུག ཐེན་ཞི་ཅན་གྱིས་གོ་གནས་བསྐོ་འཇོག་ཡི་གེ་མེར་འཕངས་ཏེ་ན་རེ། “ཁྱོད་ཀྱི་གོ་གནས་བསྐོ་འཇོག་ཡི་གེ་ཁྱོད་ལ་སྟེར”ཟེར་བས་ཀྲུའུ་ཚིའི་དམག་མི་རྣམས་ངུ་ཤོར། ཅིང་ཀྲོའུ་ཡི་དམག་མིས་ཡའོ་ལིང་ཡན་བསད་དེ་ཐེན་ཞི་ཅན་ལ་མགོ་བཏགས། དེར་ཀྲུའུ་ཚི་གཅིག་པུ་རང་ལ་གློ་བ་ཉེ་བའི་ཧྥན་དབྱང་གི་དམག་མི་དང་། ཁྱིམ་རྒྱུད་ཀྱི་མི། མགྲོན་པོ་དང་བཅས་བྱང་ཕྱོགས་ཀྱི་དབྱི་མ་འགག་སྒོར་བསྐྱོད་ཀྱང་ཉིང་ཀྲོའུ་ཡི་ཚི་ཧྲི་དཔོན་པོ་ཞ་ཧོ་ཡིང་གིས་འགག་སྒོར་ཞུགས་སུ་མ་བཅུག་པར་བཀག ཕེང་ཡོན་གྱི་ཞི་ཁྲེང་ཐུན11ཞེས་པར་སླེབས་པ་ན། དེ་གའི་དམག་དཔོན་ལིའང་ཐིང་ཧྥིན་གྱིས་ཀྲུའུ་ཚིར་མདའ་འཕངས་ནས་དོང་ནང་དུ་ལྷུང་བ་ཧན་རྨིན་སོགས་ཀྱིས་བསད་རྗེས་ཅིང་ཀྲོའུ་རུ་ཡོང་ནས་མགོ་བཏགས། ཡོན་ཞིའུ་དང་ཅི་ཙི་ཕིང་གཉིས་ཧྥེང་ཞང་དུ་བྲོས་པ་ལི་ཁྲུའུ་ལིན་གྱིས་བསད། དེ་དག་ཚང་མའི་མགོ་བོ་བཅད་ནས་གོང་མ་བཞུགས་སར་བསྐྱལ།

(བམ་པོ213པའི་ཤོག་ངོས10པ། 7437)

(ཟླ་བདུན་པ)གོང་མས་བོད་དམག་བཏང་ནས་ཀྲུའུ་ཚི་ལ་རྒོལ་སྐབས། ཀྲུའུ་ཚི་བཏུལ་རྗེས་དབྱི་ཞི་དང་པེ་ཐིང་ས་ཆ་བོད་ལ་སྟེར་རྒྱུ་ཞལ་གྱིས་བཞེས། ཀྲུའུ་ཚི་བསད་རྗེས་བོད་ཀྱིས་མི་མངགས་ནས་ས་ལེན་དུ་འོངས། གོང་མས་དེ་གཉིས་ཀྱི་ཅེ་ཏུའུ་ཧྲི་ཀོ་ཞིན་དང་ལི་ཡོན་ཀྲུང་གཉིས་ཕོ་བྲང་དུ་བཀུག་སྟེ་ས་དེ་གཉིས་བོད་ལ་སྟེར་རྩིས་གནང་བར། ལི་པི་ན་རེ། “ཨན་ཞི་དང་པེ་ཐིང་གི་མི་རྣམས་དཔའ་ཞིང་རྟུལ་ཕོད་ཆེ་བས་ནུབ་ཡུལ་གྱི་རྒྱལ་ཁག་ང་བདུན་དང་གྲུ་གུ་ཚོ་བ་བཅུ་གཅུན་གྱི་ཡོད་ལ། བོད་དམག་གི་དཔུང་ཤུགས་ཀྱང་ཁ་བཀྲམ་སྟེ་བོད་དམག་རྣམས་དཔུང་ཤུགས་མཉམ་སྒྲིལ་གྱིས་ཤར་རྒྱུད་ལ་དཔུང་འདྲེན་མི་ཐུབ་པ་བཟོས་ཡོད་ན། དོན་མེད་དུ་ས་སྟེར་དགོས་དོན་ཅི་ཡོད་དམ། དེར་མ་ཟད་ས་དེ་གཉིས་ཀྱི་མི་རྣམས་རྒྱང་ཐག་རིང་བའི་ཡུལ་དུ་ཁེར་ཧྲེང་དུ་ཡོད་མོད། གོང་མའི་སྲིད་གཞུང་ལ་བློ་དཀར་ཞིང་རང་ནུས་ཅི་ཡོད་བཏོན་ནས་རྒྱལ་ཁབ་ཀྱི་ཆེད་དུ་ལོ་ཉི་ཤུར་ཉེ་བའི་རིང་ས་ཆ་བརྟན་པོར་བསྲུངས་པས་དངོས་འབྲེལ་སྙིང་རྗེ་བ་འདུག  བརྒྱ་ལ་དགོས་མེད་དུ་དོར་ཏེ་བོད་ལ་བྱོན་ཚེ། ཁོ་ཚོས་ཀྲུང་གོར་ཞེ་ནས་སྡང་ངེས་ཡིན་པས་ཕྱིས་འབྱུང་བོད་དམག་དང་མཉམ་དུ་དམག་དཔུང་དྲངས་ཚེ་དེ་ནི་སྒེར་གྱི་ཞེ་འཁོན་རྩོད་པ་ལྟ་བུར་འགྱུར་སྲིད། དེ་ཙམ་དུ་མ་ཟད་སྔར་བོད་ཀྱིས་གནས་བབ་ལ་བརྟགས་ནས་དམག་དཔུང་མི་འདྲེན་ཞིང་ལྐོག་ཏུ་ངོ་གཉིས་མའི་སྤྱོད་ཚུལ་བཟུང་ནས་ཝུའུ་ཀུང་རྫོང་ལ་འཕྲོག་བཅོམ་ཆེན་པོ་བྱས་པ་དང་། ལྐོག་རྔན་བླངས་རྗེས་དམག་དཔུང་ཕྱིར་འཐེན་པས་ཁོ་ཚོར་བྱས་རྗེས་གང་ཞིག་ཡོད་དམ”ཞུས། ཚང་མས་གྲོས་བྱས་ནས་ཀྱང་དེ་བདེན་པར་བརྗོད་པས་གོང་མས་ཀྱང་མ་གནང་།

(བམ་པོ231པའི་ཤོག་ངོས14པ། 7442)

(ཟླ་བརྒྱད་པ)ཅིང་ཀྲོའུ་མཐའ་མཚམས་སུ་ཡོད་པར་བརྟེན་ཅུན་གྱི་དམག་སྤྱི་ཐེངས་དུ་མར་བསད་ཅིང་དེ་ཉིད་རྟག་པར་ཟིང་ཆའི་ཁུངས་རྩར་གྱུར་ཡོད་པས། ཅིང་ཀྲོའུ་རུ་དཔོན་རིགས་མངགས་ནས་བཀའ་མི་རྩི་བ་རྣམས་བརྩད་བཤེར་དང་། སོ་ནམ་ལ་བརྩོན་ཞིང་འབྲུ་རིགས་བསགས་ནས་བོད་དམག་ཕྱིར་སྐྲོད་དགོས་ཚུལ་ལི་ཁྲེང་གིས་གོང་མར་ཞུས། ཚེས་བཞིའི་ཉིན་ལེ་ཁྲེང་ཧྥེང་ཞང་དང་ལུང་ཡིའུ་ཅི་ཏུའུ་ཧྲི་དང་། དམག་སྡེ་བཞི་དང་པེ་ཐིང་། ཅིང་ཡོན་བཅས་ཀྱི་རུ་འདེགས་དམག་སྤྱི་ཆེན་མོ་གཞོན་པར་བསྐོས། ཞི་ཕིང་ཝང་ཞེས་པའི་ཆོ་ལོ་གནང་། སྐབས་དེར་ལི་ཁྲུའུ་ལིན་ཡང་གོང་མའི་ཕོ་བྲང་དུ་སླེབས་པ་ལ། ལི་ཁྲེང་གིས་གོང་མར་ལི་ཁྲུའུ་ལིན་ཡང་ཧྥེང་ཞང་དུ་མཉམ་དུ་ཁྲིད་ཐོག་དེ་གར་བསད་ནས་ཁོས་ཟིང་ཆ་བསླངས་པར་ཉེས་ཆད་གཅོད་རྒྱུའི་འདུན་པ་ཞུས་ཀྱང་། གོང་མས་རྒྱལ་ས་ཕྱིར་བླངས་མ་ཐག་ཡིན་ཞིང་མི་སེམས་བདེ་ལ་འགོད་རྒྱུ་གཙོ་གལ་ཆེ་བར་དགོངས་ནས་ཞལ་གྱིས་མ་བཞེས།

(བམ་པོ231པའི་ཤོག་ངོས15པ། 7443)

1_6 ཀྲེན་ཡོན་ཁྲི་ལོ་གཉིས་པ། (སྤྱི་ལོ786)

(ཟླ་བརྒྱད་པ)ཚེས་སུམ་ཅུའི་ཉིན། བོད་ཀྱི་དམག་དཔོན་ཞང་རྒྱལ་བཙན་གྱིས་ཅིང་ཀྲོའུ། ལུང་ཀྲོའུ། པིན་ཀྲོའུ། ཉིང་ཀྲོའུ་བཅས་ལ་དཔུང་ཆེན་དྲངས། མི་ཕྱུགས་འཕྲོག ལོ་ཏོག་བྲེགས། ནུབ་རྒྱུད་མཐའ་མཚམས་ཟིང་ཟིང་དུ་གྱུར་པས་ཀྲོའུ་དང་རྫོང་ཁག་གིས་རང་ས་ནས་མཁར་བསྲུངས། ཧུན་ཅན་དམག་ཁྲི་གཅིག་དང་། ལོ་ཡོན་ཀོང་དམག་བརྒྱད་སྟོང་དང་བཅས་ཞན་དབྱང་དུ་དམག་སྒར་བཏབ་ནས་དམག་གྲབས་བྱེད་པའི་བཀའ་ཕབ།

(བམ་པོ231པའི་ཤོག་ངོས11པ། 7470)

(ཟླ་དགུ་པ)བོད་ཀྱི་སྐོར་ཞིབ་རྟ་དམག་ཧའོ་ཀྲི་རྫོང12དུ་འབྱོར། ཚེས་བཅུ་དགུའི་ཉིན། རྒྱལ་སར་ཉེན་ཟོན་དམ་བསྒྲགས་བྱས། ཡང་བསྐྱར་གཡོན་རུའི་ཅིན་ཝུའུ་དམག་དཔོན་ཀྲང་ཞན་ཧྥུ་ཞན་དབྱང་བསྲུང་བར་མངགས་ནས་དེར་དམག་སྒར་བཏབ། འབངས་མིའི་ཁྲོད་དུ་ཞན་ཧྥུ་ཞན་དབྱང་བསྲུང་བར་མངགས་ནས་དེར་དམག་སྒར་བཏབ། འབངས་མིའི་ཁྲོད་དུ་བོད་དམག་ལ་གཡོལ་ཆེད་གོང་མ་ཡང་བསྐྱར་རྒྱལ་ས་ལས་འཐོན་རྩིས་འདུག་ཅེས་གཏམ་འཁྱར་བྱས། བློན་ཆེན་ཆི་ཡིང་གོང་མར་མཇལ་དུ་ཡོང་ནས“ཕྱི་རུ་སྐྱེ་བོ་ཚང་མས་གོང་མ་མཆོག་གིས་ཆས་གོས་དང་ལམ་རྒྱགས་གྲ་སྒྲིག་གནང་འདུག་ཅེས་བརྗོད་ཅིང་དངངས་སྐྲག་ཆེན་པོ་སྐྱེ་བཞིན་འདུག ལས་བསོད་ཆེན་པོ་ནི་ཐེངས་གཅིག་ལ་མ་གཏོགས་འབྱུང་མི་སྲིད་པས།13 གོང་མ་མཆོག་གིས་བློན་པོ་ངེད་ཅག་ལ་གྲོལ་མོལ་ཞིབ་གསལ་མི་གནང་དོན་ཅི་ཡིན་ནམ”ཞེས་ཞུས་ཤིང་ལུས་པོ་སར་ཕབ་ནས་མཆི་མ་བཏོན། དེར་གོང་མ་ཡང་ཐུགས་གཡོས་ཏེ་ཞལ་གཡོས་ཏེ་ཞལ་མདངས་ཀྱང་འགྱུར།

ལི་ཁྲང་གིས་རང་འོག་དམག་དཔོན་ཝང་པི་ལ་དཔའ་དམག་སུམ་སྟོང་དང་བཅས་ཆན་ཁྲེང་མཁར14དུ་གབ་མངགས། “དགྲ་དཔུང་མཁར་འདབས་ནས་སྐྱོ་དུས་སུ་དགྲ་བོའི་དཔུང་སྣེར་རྡེག་མི་རུང་། དཔུང་སྣེའི་དམག་ཕམ་ཡང་ཁོ་ཚོའི་དམག་དཔུང་ཚང་མ་འབྱོར་རྗེས་ཁྱོད་ཀྱིས་འགོག་མི་ཐུབ། དེ་ལས་དཔུང་སྔོན་མ་བཤར་རྗེས་སུ་ཚོན་མདངས་སྣ་ལྔའི་དར་ཆ་འཕྱར་ཅིང་སྟག་ལྤགས་དང་གཟིགས་ལྤགས་སྤྲས་པ་དེ་ནི་བོད་དམག་གི་དབུས་རུ་ཡིན། བསམ་དབང་དྲན་དབང་མེད་པར་དེའི་ཐོག་ཏུ་བརྒྱུགས་ཚེ་རྒྱལ་ཁ་ཆེན་པོ་ལོན་ངེས་ཅན་ཡིན”ཞེས་གདམས།  ཝང་པི་ཡིས་དེའི་ངག་ལྟར་བགྱིས་པས་ཞང་རྒྱལ་བཙན་ཕམ་སྟེ་ཕྱིར་འཐེན། དམག་མི་རྣམས་ཀྱིས་ཞང་རྒྱལ་བཙན་ཡིན་པར་ངོ་མ་ཤེས་པས་ཁོ་བྲོས་ནས་ཐར་ཙམ་བྱུང་།

ཞང་རྒྱལ་བཙན་གྱིས་ཁོའི་ལག་འོག་གི་མིར“ཐང་ལ་དམག་དཔོན་བཟང་པོ་ལི་ཁྲེང་དང་། མ་སུའེ། ཧུན་ཅན་ཙམ་ལས་མེད། ད་ལམ་ཐབས་ལ་བརྟེན་ནས་ཁོ་ཚོ་མེད་པར་བཟོ་བར་བྱ”ཞེས་སྨྲས་ཏེ་ཧྥེང་ཞང་གི་ས་ཁོངས་སུ་ཕྱིན། དེར་འཕྲོག་བཅོམ་ཅི་ཡང་མ་བྱས་པར་དམག་ཉིས་ཁྲི་དང་བཅས་མཁར་འབབས་སུ་སོང་སྟེ“གཙོ་སྐྱོང་སྐུ་ཞབས་ལི་ལགས15ཀྱིས་ཁོ་བོ་སྦྲན་ནས་འོངས་པ་ཡིན་པས་ཕྱིར་ཐོན་ནས་ངེད་ལ་སྣེ་ལེན་མི་ཞུ་བ་གང་ཡིན”ཞེས་སྨྲས། མཚན་མོ་དེར་ཞག་མལ་ཚུགས་རྗེས་དམག་དཔུང་ཕྱིར་འཐེན།

དགུན་ཟླ་བཅུ་པའི་ཚེས་བདུན་གྱི་ཉིན། ལི་ཁྲེང་གིས་པོད་ལོ་ཧྲི(ཕྱི་སྡེའི་དམག་དཔུང་འགོ་འདོམས)ཡི་གོ་ཐོབ་ཅན་ཡེ་ཧྲི་ལིང་ཧྥུ16དང་ཝང་པི་གཉིས་ལ་རྟ་དམག་དང་རྐང་དམག་ལྔ་སྟོང་ཁྲིད་དེ་མཉམ་དུ་བོད་ཀྱི་ཚུའེ་ཧྲ་མཁར་རྫོང་ལ་རྒོལ་དུ་བཏང་། ཚེས་བཅུ་དྲུག་གི་ཉིན། བོད་དམག་ཉིས་ཁྲི་དང་ཕྲད་པ་དང་འཐབ་སྟེ་དགྲ་ཟླ་ཕམ། རྒྱལ་ཁ་ཐོབ་པ་དང་བསྟུན་ནས་བོད་དམག་བྱང་ཕྱོགས་སུ་བདས་ཏེ་མཁར་རྫོང་གི་འདབས་སུ་སླེབས་ཤིང་། དཔུང་འཇུག་བྱས་ནས་མཁར་རྫོང་བླངས་པ་དང་དེའི་དམག་དཔོན་ཧུའུ་ཆུས་ལུའེ་ཞི་མེང་བསད། བསགས་པའི་རྒྱུ་ནོར་མེར་བསྲེགས་ཏེ་ཕྱིར་ལོག ཞང་རྒྱལ་བཙན་གྱིས་དམག་དཔུང་ཁྲིད་དེ་ཉིང་ཀྲོའུ་དང་ཆིང་ཀྲོའུ་ནས་བྱང་ཕྱོགས་སུ་ཕྱིན། ཚེས་བཅུ་བདུན་གྱི་ཉིན་ཧོ་ཧྲུའེ17ཡི་བྱང་ཕྱོགས་སུ་དམག་སྒར་བཏབ པིན་ཉིང་གི་ཅེ་ཏུའུ་ཧྲི་ཧན་ཡིའུ་ཀུའེ་ཡིས་རང་འོག་དམག་དཔོན་ཧྲི་ལུའེ་ཁྲེང་ཞེས་པ་དགྲ་བོའི་དམག་སྒར་ལ་མཚན་འགེབས་བྱེད་དུ་བཅུག་ནས་མི་བརྒྱ་ཕྲག་འགའ་བསད། བོད་དམག་ར་མདར་བརྒྱུགས་པ་ན། ཧན་ཡིའུ་ཀུའེ་ཡིས་ཕིང་ཁྲོན18ས་ཆར་འཐབ་རུ་བསྒྲིགས་པ་དང་། ལྐོག་ཏུ་མི་མངགས་ཏེ་ནུབ་རིར་རྔ་རྡུང་དུ་བཅུག་པས་དགྲ་བོ་སྐྲག་ནས་འཕྲོག་པའི་རྒྱུ་ནོར་དོར་ཏེ་སོང་།

(བམ་པོ232པའི་ཤོག་ངོས13པ། 7472-7473)

(ཟླ་བཅུ་གཅིག་པ)ཚེས་བཅོ་ལྔའི་ཉིན་ཚེས་བཅོ་ལྔའི་ཉིན་བོད་དམག་ཡན་ཀྲོའུ་ལ་དྲངས། དེ་གའི་ཚི་ཧྲི་དཔོན་པོ་ཏུའུ་ཡན་ཀོང་ལ“ངེད་ལ་མཁར་འཐོབ་པར་འདོད་པས་ཁྱོད་ཀྱིས་རང་འོག་དམག་དཔུང་ཁྲིད་དེ་གང་དགར་བསྐྱོད་ཆོག”ཅེས་སྨྲས་པས། ཏུའུ་ཡན་ཀོང་གིས་དམག་དཔུང་ཁྲིད་དེ་ཧྥུའ་ཀྲོའུ་རུ་བྲོས། བོད་དམག་མཁར་དུ་འཛུལ་ནས་མཁར་དེ་བཟུང་།

(བམ་པོ323པའི་ཤོག་ངོས14པ། 7474)

(ཟླ་བཅུ་གཉིས་པ)བོད་ཀྱིས་ཡང་བསྐྱར་ཞ་ཀྲོའུ་ལ་དམག་དྲངས། དེར་ཡང་དེ་གའི་ཚི་ཧྲི་དཔོན་པོ་ཐོ་པ་ཆན་ཧུའེ་ལ་རང་འོག་དམག་དཔུང་ཁྲིད་ནས་འཐོན་དུ་བཅུག་ཅིང་མཁར་བོད་ཀྱིས་བཟུང་། དེ་ནས་ཡང་དབྱིན་ཀྲོའུ་རུ་དམག་དྲངས། ཀྲོའུ་དེར་མ་གཞི་ནས་མཁར་མེད་པས་དཔོན་རིགས་དང་འབངས་མི་ཚང་མ་གང་སར་བྱེར། བོད་ཀྱིས་ཀྱང་དེ་དོར་ནས་ལིངས་ཀྲོའུ་ལ་དམག་དྲངས་ནས་ཕབ།

(བམ་པོ232པའི་ཤོག་ངོས15པ། 7475)

ཧན་ཡིའུ་ཀུའེ་ཡིས་གོང་མར་ཞུ་ཡིག་ཕུལ་ཏེ་སྔོན་ལ་ཡན་ཀྲོའུ་ལ་རྒོལ་བ་དང་། གལ་ཏེ་བོད་ཀྱིས་ཡན་ཀྲོའུ་སྐྱོབ་པའི་དམག་བཏང་ཚེ། ཧོ་ཏུང་གི་དམག་དཔུང་ལ་བོད་དམག་གི་རྒྱབ་རོལ་ནས་རྒོལ་དུ་བཅུག་ཆོག་ཅེས་ཞུས། ཚེས་བཅུ་གཅིག་གི་ཉིན། གོང་མས་ལོ་ཡོན་ཀོང་དང་། ཁྲེན་ཞུས་ཀྱི་དམག་རྟའི་འགོ་འདོམས་པ་ཧན་ཆོན་དབྱི་གཉིས་ལ་རྟ་དམག་དང་རྐང་དམག་ཆིག་ཁྲི་ཉིས་སྟོང་ཁྲིད་དེ་པིན་ཉིང་ཅུན་གྱི་དམག་དང་ལྷན་འཛོམ་དང་། དེ་ནས་ཡན་ཀྲོའུ་ལ་དཔུང་འདེགས་པའི་བཀའ་ཕབ། ཡང་མ་སུའེ་ལ་ཧོ་ཏུང་གི་དམག་ཁྲིད་དེ་བོད་དམག་དང་འཐབ་ཏུ་བསྐྱོད་རྒྱུའི་བཀའ་ཕབ། མ་སུའེ་ལ་ཧོ་ཏུང་གི་དམག་ཁྲིད་དེ་བོད་དམག་དང་འཐབ་ཏུ་བསྐྱོད་རྒྱུའི་བཀའ་ཕབ། མ་སུའེ་ཡི་དམག་དཔུང་ཧྲི་ཀྲོའུ19རུ་སླེབས་པ་དང་ཧོ་ཆུས་ས་ཆའི་ཧོར་པའི་ཚོ་བ་དྲུག་གི་ཀྲོའུ་ཁག་ཚང་མས་མགོ་བཏགས། དེ་དག་ཡུན་ཀྲོའུ་དང་ཧྲོ་ཀྲོའུ20བར་དུ་སྤོ་རུ་བཅུག

(བམ་པོ232པའི་ཤོག་ངོས16པ། 7477)

ཀུང་པུའུ་ཧྲི་ལང(བཟོ་སྡེའི་ཁུར་འཛིན་བློན་གཞོན)ཀྲང་ཡུས་ནི་ཁྲེང་གི་བུ་མོའི་མག་པ་ཡིན། ལི་ཁྲེང་ཧྥང་ཞང་དུ་སྡོད་དུས་བུ་མོ་གཞན་ཞིག་ཁོའི་ལག་འོག་གི་མི་ཚུའེ་ཧྲུའུ་ཞེས་པའི་བག་མར་སྦྱིན། བག་མའི་སྐལ་རྫོངས་ཀྲང་ཡུས་ལ་བྱིན་པ་ལས་མང་ཞིང་ཀྲང་ཡུས་ལས་གཙིགས་མཐོང་ཆེན་ཆེ་བས་ཀྲང་ཡུས་ཁྲོས་ཏེ་ཀྲང་ཡན་ཧྲང་ཞེས་པའི་ངོར་བལྟས། བཀའི་ཕྲིན་བློན་ཀྲེང་ཀྲུང་ཁུའེ་སྔོན་དུས་སུ་ལི་ཁྲེང་གི་རུ་འདེགས་སི་མ་བྱས་མྱོང་ཡང་། ལི་ཁྲེང་ཁོར་མི་དགའ་བར་གྱུར་པས་ཁོས་ཀྱང་ཀྲང་ཡན་ཧྲང་གི་ངོར་བལྟས། དེའི་ཐོག་ལི་ཁྲེང་གོ་གནས་མཐོ་ཞིང་སྙན་གྲགས་ཆེ་བར་གོང་མ་ཡང་ཐུགས་མ་བདེ་། ཏག་ཏག་སྐབས་དེར་བོད་ཀྱིས་ཕྲ་མའི་ཚིག་སྨྲས་པས། ཀྲང་ཡན་ཧྲང་སོགས་ཀྱིས་གོང་མའི་སྲིད་གཞུང་དུ་མ་ཉེས་ཁག་གཡོག་གི་ངག་ཚིག་གང་ཐོན་བརྗོད། ལི་ཁྲེང་གིས་ཚུལ་དེ་ཐོས་རྗེས་ཉིན་མཚན་མེད་པར་ངུས་ཏེ་མིག་ཀྱང་སྐྲངས། བུ་དང་གཅུང་པོ་ཚང་མ་ཁྲང་ཨན་དུ་མངགས་ཏེ་རང་ཉིད་རབ་ཏུ་འབྱུང་འདོད་ཡོད་ཚུལ་གོང་མར་ཞུས་ཀྱང་། གོང་མས་སེམས་གསོའི་བཀའ་ཡིག་སྤྲིངས་ཏེ་དགོངས་འཁྲོལ་མ་གནང་། ཚེས་བཅུ་དྲུག་གི་ཉིན། ཕོ་བྲང་དུ་བཅར་ནས་གོང་མར་མཇལ། རང་གི་རྐང་པར་ནད་བྱུང་ཚུལ་ཞུས་ནས་ཞེ་ཐག་པ་ནས་ཅེ་ཏུའུ་ཧྲིའི་གོ་གནས་དགོངས་པ་ཞུས་ཀྱང་གོང་མས་དགོངས་པ་མ་འཁྲོལ། ཧན་ཧོང་ཞེས་པ་དེ་ལར་ནས་ལི་ཁྲེང་དང་འབྲེལ་ལམ་བཟང་བས་གོང་མས་ཧན་ཧོང་དང་ལིའུ་ཞོན་ཙོ་ཞེས་པར་གོང་མའི་དགོངས་བཞེད་ལི་ཁྲེང་ལ་བརྗོད་དུ་བཅུག་སྟེ། ཁོ་དང་ཀྲང་ཡན་ཧྲང་བར་གྱི་ཞེ་འཁོན་བསལ་དགོས་པའི་བཀའ་ཕབ་པར་ལི་ཁྲེང་གིས་ཀྱང་གོང་མའི་བཀའ་བཞིན་བརྩིས། ཧན་ཧོང་སོགས་ཀྱིས་ཀྲང་ཡན་ཧྲང་ལི་ཁྲང་གི་ཁྱིམ་ལ་ཁྲིད་དེ་དགོངས་དག་ཞུས་ཤིང་གཉིས་ཀས་སྤུན་མཆེད་བསྒྲིགས། གསོལ་སྟོན་བཤམས་ནས་ཚང་མ་དགའ་བར་གྱུར། དེ་ནས་ཡང་ཧན་ཧོང་དང་ལི་ཞོན་ཙོ་ཡི་ཤག་ཏུ་གསོལ་སྟོན་བཤམས་ཏེ་སྔོན་མ་ནང་བཞིན་བྱུང་། དེ་ནས་ཧན་ཧོང་གིས་ལི་ཁྲེང་ལ་ཀྲན་ཡན་ཧྲང་ཙའེ་ཞང་བློན་པོར་བསྐོ་བའི་ཞུ་ཡིག་འབུལ་དུ་བཅུག

(བམ་པོ232པའི་ཤོག་ངོས17པ། 7477)

1_7 ཀྲེན་ཡོན་ཁྲི་ལོ་གསུམ་པ། (སྤྱི་ལོ787པ)

སྔར་ཡུན་ནན་གྱི་རྒྱལ་པོ་ཀག་ལ་བོང་གིས་སོས་ཀྲོའུ་ཕབ་རྗེས། ཞི་ལུའུ་རྫོང21གི་རྫོང་དཔོན་ཀྲེང་ཧུའེ་འཇུ་བཟུང་བྱས། ཀྲེང་ཧུའེ་ནི་ཞང་ཀྲོའུ་ཡི་མི་ཡིན་ཞིང་རུའུ་ལུགས་ཀྱི་གཞུང་རྣམས་བྱང་ཆུབ་པས་ཀག་ལ་བོང་གིས་གཙིགས་མཐོང་ཆེན་པོ་བྱེད། ཁོའི་བུ་བོང་ཅ་དབྱི་དང་། ཚ་བོ་དབྱི་མུའུ་ཞུན། ཡང་ཚ་ཞུན་མེང་ཚོའུ་ཚང་མས་ཁོ་བཤེས་གཉེན་དུ་བཀུར། དཔེ་ཆ་སློབ་ཐེངས་རེར་ཁོས་དེ་དག་ལ་གཅར་རྡུང་གཏོང་གི་ཡོད། དབྱི་མུའུ་ཞུན་རྒྱལ་ཁྲིར་འཁོད་རྗེས་ཀྲེང་ཧྭའེ་ཆིང་ཕིང་དཔོན་དུ་བསྐོས། ཆིང་ཕིང་དཔོན་ཞེས་པ་ནི་མཐའ་འཁོབ་པའི་ཙའེ་ཞང་བློན་པོའི་དོན་ཡིན། ཁྱོན་བསྡོམས་ཙའེ་ཞང་བློན་པོ་དྲུག་ཡོད་མོད་རྒྱལ་ཁབ་ཀྱི་དོན་ཆེན་རྣམས་ཀྲེང་ཧུའེ་གཅིག་པུས་ཐག་གཅོད་པ་དང་། གཞན་ལྔ་ཡིས་ཀྲེང་ཧུའེ་ལ་གུས་འདུད་ཆེན་པོ་བྱེད། དེ་དག་ལ་ནོར་འཛོལ་བྱུང་དུས་ཀྲེང་ཧུའེ་ཡིས་སྐབས་རེར་གཅར་རྡུང་བྱེད་ཀྱི་ཡོད།

ཡུན་ནན་ལ་དམག་མི་འབུམ་ཕྲག་དུ་མ་ཡོད་པས། བོད་ཀྱིས་དམག་འདྲེན་ཐེངས་བཞིན་རྟག་པར་ཡུན་ནན་གྱི་དམག་མིས་གདོང་ལེན་དམག་དཔུང་བྱ་དགོས་པ་དང་། དཔྱ་ཁྲལ་ལྗིད་མོ་འགེལ་བའི་ཐོག་ད་དུང་དེ་གའི་ས་བབ་བཙན་པོ་རྣམས་སུ་མཁར་རྫོང་རྩིག་པ་དང་ཞ་ལོ་ལྟར་དེ་གའི་དམག་བསྡུས་ནས་མཁར་རྫོང་དེ་དག་སྲུང་རོགས་བྱེད་དུ་འཇུག་པས། ཡུན་ནན་པ་རྣམས་ཀྱིས་དཀའ་སྡུག་ཆེན་པོ་མྱོང་དགོས། དེར་ཀྲེང་ཧུའེ་ཡིས་དབྱི་མུའུ་ཞུན་བསྐྱར་དུ་ཐང་ལ་མགོ་འདོགས་པར་བསྐུལ་ཏེ་ཀྲུང་གོ་གུས་ལུགས་དང་ལ་རྒྱར་དང་དོད་ཆེ་ཞིང་མངའ་འོག་དྲིན་གྱིས་སྐྱོང་ལ་ཁྲལ་དང་འུ་ལག་ཀྱང་མི་སྐུལ་ཞེས་བརྗོད་པར། དབྱི་མུའུ་ཞུན་གྱིས་དེ་ལེགས་པར་བསམས་ཀྱང་ཐབས་ལམ་གཞན་མེད་པར་བརྟེན་ལོ་བཅུ་ལྷག་ལ་དེ་མུར་ལུས། ཝེ་ཀའོ་ཡིས་ཞི་ཁྲོན་གྱི་ཅེ་ཏུའུ་ཧྲིའི་གོ་གནས་བསྐྱངས་རྗེས་ཁོས་མཐའ་མཚམས་མི་རིགས་ཀྱི་ཚོ་བ་ཁག་ཞི་བས་སྐྱོང་བཞིན་ཡོད་པས། དབྱི་མུའུ་ཞུན་གྱིས་མཐའ་འཁོབ་ཀྱི་ཚོ་བ་བརྒྱུད་ནས་ལྐོག་ཏུ་ཕོ་ཉ་མངགས་ཏེ་ཐང་ལ་མགོ་འདོགས་རྒྱུའི་རེ་བ་ཞུས། དེར་ཝེ་ཀའོ་ཡིས་གོང་མར་ད་ལྟ་བོད་ཀྱིས་རང་རེ་དང་མཐུན་ལམ་དོར་ཅིང་ཡན་ཀྲོའུ་དང་ཞ་ཀྲོའུ་ལ་དམག་དཔུང་དྲངས་ནས་འཁྲུག་ཟིང་སློང་བཞིན་ཡོད། ཡུན་ནན་དང་རྒྱལ་ཁག་བརྒྱད22ཀྱི་ཆཱང་རྒོད་རྣམས་རང་རེར་སྐྱབས་འཆོལ་འདོད་ཡོད་པའི་གོ་སྐབས་འདིར་བསྟུན་ནས་དེ་དག་མངའ་འོག་ཏུ་བཙུད་དེ་བོད་ཀྱི་དཔུང་རོགས་སོ་སོར་ཕྲལ་ཅིང་བོད་ཀྱི་སྟོབས་ཤུགས་ཁ་བཀྲམ་ནས་ཆུང་དུ་གཏོང་ཐབས་བྱས་ན་ལེགས་ཞུས་པར། གོང་མས་ཝེ་ཀའོ་ལ་སྔོན་ལ་མཐའ་མཚམས་དམག་དཔོན་གྱི་མིང་ཐོག་ནས་འབྲེལ་ལམ་གཉེར་ཏེ་ཁོ་ཚོའི་བྱེད་སྟངས་ལ་ཞིབ་ཏུ་བརྟག་རྒྱུའི་བཀའ་ཕབ།

(བམ་པོ232པའི་ཤོག་ངོས19པ། 7479-7480)

ཟླ་གཉིས་པའི་ཚེས་བཅུ་བདུན་གྱི་ཉིན། ཅན་ཞའོ་ཙོ་ཧྲུའུ་ཙི(རྒྱལ་སྲས་དམ་པའི་གཡོན་ཤར་སྲིད་གཉེར་དཔོན)ཡི་གོ་ཐོབ་ཅན་ཚུའེ་ཧོན་བོད་སྐྱོད་ཕོ་ཉར་བསྐོས།

(བམ་པོ232པའི་ཤོག་ངོས21པ། 7481)

ཟླ་གསུམ་པའི་ཚེས་བཅུ་གསུམ་གྱི་ཉིན། ཙོ་ཧྲུའུ་ཙིའི(རྒྱལ་སྲས་དམ་པའི་གཡོན་ཤག་སྲིད་དོན་དཔོན)གོ་ཐོབ་ཅན་ལི་ཞན་བོད་སྐྱོད་ཕོ་ཉར་བསྐོས།

སྔར་བོད་ཀྱི་དམག་དཔོན་ཞང་རྒྱལ་བཙན་ལ་ཡན་ཀྲོའུ་དང་ཞ་ཀྲོའུ་ཐོབ་རྗེས་སོ་སོར་དམག་མི་སྟོང་ལྷག་རེ་བཞག་ནས་བསྲུང་དུ་བཅུག་ཅིང་། རང་ཉིད་མིང་ཧྲ་རྫོང་དུ་འཐེན་ནས་དེར་དམག་སྒར་བཏབ། དགུན་དུས་ནས་དཔྱིད་ཀ་འཆར་བའི་བར་རྟ་ལུག་མང་དུ་ཤི་ཞིང་དམག་རྒྱགས་ཀྱང་མ་འབྱོར། དེའི་ཁར་ལི་ཁྲེང་གིས་ཚུའེ་ཧྲ་མཁར་རྫོང་ཕབ་པ་དང་།  མ་སུའེ་དང་ཧུན་ཅན་སོགས་ཀྱིས་སོ་སོའི་ས་ནས་དམག་དྲངས་ནས་འོང་བཞིན་ཡོད་པ་ཐོས་པས་རབ་ཏུ་འཇིགས། ཕོ་ཉ་ཐེངས་འགར་མངགས་ཏེ་ཞི་འདུམ་གྱི་རེ་བ་བཏོན་མོད་གོང་མས་མ་གསན་པས། ངག་ཚིག་གཉོམ་པོ་དང་ལེགས་སྐྱེས་གྱ་ནོམ་པ་ཞུ་འབུལ་བྱེད་མཁན་གྱི་བང་ཆེན་མ་སུའེ་ཡོད་སར་བཏང་ནས་ཞི་བས་འདུམ་རྒྱུ་དང་། ཆིང་ཧྲུའེ་ཡི་མཇལ་དུམ་སོར་ཆུད་དང་འཕྲོག་པའི་ས་ཕྱིར་སྟེར་རྒྱུ་ཡིན་ཚུལ་ཞུས། ཕོ་ཉ་གཅིག་མཇུག་གཉིས་མཐུད་དུ་མངགས་པས་མ་སུའེ་དེར་ཡིད་ཆེས་ཏེ་རྨ་ཆུ་ཡང་མ་བརྒལ་བར་ཧྲི་ཀྲོའུ་རུ་དམག་སྒར་བཏབ་ནས་བསྡད་པ་དང་དེ་ལུགས་གོང་མའི་སྲིད་གཞུང་ལ་ཞུས།

ལི་ཁྲེང་ན་རེ། “རོང་ཏི་རྣམས་ལ་ཡིད་རྟོན་མི་རུང་བས་གཡུལ་བཀྱེས་ན་ལེགས”ཟེར། ཧན་ཡིའུ་ཀུའེ་ན་རེ། “བོད་ཀྱིས་ཉམ་ཐག་པའི་ཚེ་ན་ཞི་བས་འདུམ་དགོས་ཚུལ་ཞུ་ཞིང་སྟོབས་རྒྱས་པའི་ཚེ་ན་དམག་དཔུང་འདྲེན། ད་ལམ་བོད་ཀྱི་དམག་དཔུང་རང་རེའི་ས་ཁོངས་སུ་རིང་དུ་བརྟོལ་ནས་ཞི་བས་འདུམ་རྒྱུ་ཞུ་བ་འདི་གཡོ་ཇུས་ཤིག་ཡིན་པར་ངེས”ཟེར། ཧན་ཧོང་ན་རེ། “ད་ལྟ་རྨ་ཆུའི་ལྷོ་བྱང་གཉིས་ཀ་ཞི་འཇགས་སུ་གྱུར་ཡོད་པས་ཡོན་ཀྲོའུ། ཧྲན་ཀྲོའུ། ཐའོ་ཀྲོའུ། ཝེ་ཀྲོའུ་བཅས་སུ་མཁར་བརྩིགས་ཤིང་། ལི་ཁྲེང་དང་ལིའུ་ཞོན་ཙོ་སོགས་ལ་དམག་མི་འབུམ་གཅིག་འཁྲིད་དུ་བཅུག་ནས་མཁར་དེ་དག་བསྲུངས་ཚེ། རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་ཀྲོའུ་ཉི་ཤུ་ལྷག་ཕྱིར་ལེན་ཐུབ། དེར་མཁོ་བའི་དམག་རྒྱགས་སོགས་འགྲོ་གྲོན་རྣམས་བློན་པོ་བདག་གིས་བསྒྲུབ་ཆོག་པ་ཞུ”ཟེར།  དེར་བརྟེན་གོང་མས་མ་སུའེ་ཡི་ཐབས་ལ་མ་མཉན་པར་དམག་དཔུང་འདྲེན་པར་བསྐུལ། དེར་མ་སུའེ་ཡིས་བོད་ཀྱི་ཕོ་ཉ་བློན་རྒྱལ་བཞེར་དང་མཉམ་དུ་གོང་མའི་ཕོ་བྲང་དུ་བཅར་ནས་དེའི་སྐོར་ཞིབ་ཏུ་གླེང་བའི་རེ་བ་གོང་མར་ཞུས། སྐབས་དེར་ཧན་ཧོང་ཚེ་ལས་འདས་ཤིང་མ་སུའེ་དང་ཀྲང་ཡན་ཧྲང་གཉིས་ཀ་ལི་ཁྲེང་དང་འཆམ་པོ་མེད་པས། ལི་ཁྲེང་གི་ཐབས་ཇུས་བཟློག་པར་འདོད་ནས་མཇལ་དུམ་ཞུས་ན་ལེགས་ཚུལ་ཞུ་ཅི་ཐུབ་བྱས། གོང་མ་རང་ཡང་ཡུ་གུར་ལ་སྡང་ཞིང་བོད་དང་ཞི་འདུམ་གྱིས་མཉམ་དུ་ཡུ་གུར་ལ་གཡུལ་འགྱེད་པར་དགོངས། བློན་པོ་གཉིས་ཀྱི་ངག་ཚིག་རང་ཉིད་ཀྱི་ཐུགས་འདོད་དང་མཐུན་པས་དེ་བཞིན་བྱེད་རྒྱུ་ཐག་བཅད། ཀྲང་ཡན་ཧྲང་གིས་གོང་མར་ལི་ཁྲེང་གིས་དུས་ཡུན་རིང་པོར་དམག་དོན་གཙོ་སྐྱོང་བྱས་ན་མི་འོས་པས་ཁོའི་ཚབ་ཏུ་ཀྲེང་ཡུན་ཁུའེ་བསྐོས་ནས་འགྲིག་ཅེས་ཐེངས་འགར་ཞུས། གོང་མས་ཁོའི་ཚབ་ཏུ་སུ་བསྐོ་རྒྱུ་དེ་ཁོ་རང་གིས་བདམས་ན་འོས་གསུངས་ཏེ་ལི་ཁྲེང་ལ་ཁོ་བོས་འབངས་མི་སེར་གྱི་བདེ་སྡུག་བསམས་ཏེ་བོད་དང་ཞི་བས་འདུམ་རྒྱུའི་བློ་ཐག་བཅད་ཚར། བློན་ཆེན་ཁྱོད་རང་བོད་དང་ཞེ་འཁོན་ཡོད་ན་སླར་ཧྥེང་ཞང་དུ་སྐྱོད་མི་འོས།  དེ་ལས་ཕོ་བྲང་དུ་བསྡད་དེ་དུས་རྟག་ཏུ་ཁོ་བོར་རོགས་འདེགས་བྱས་ན་ལེགས། ཁྱོད་ཀྱི་ཚབ་ཏུ་ཧྥེང་ཞང་དུ་སྡོད་མཁན་ཞིག་འདེམས་པར་གྱིས་གསུངས། དེར་ལི་ཁྲེང་གིས་ཏུའུ་ཡུས་ཧོའུ(རུ་སྒར་ཁྲིམས་བསྟར་དཔོན)ཞིང་ཅུན་ཡ་འོས་སྦྱོར་བྱས། ཞིང་ཅུན་ཡ་ནི་ལོ་ཧྲོའུ་རྫོང23གི་མི་ཡིན། ཚེས་ཉེར་གཉིས་ཀྱི་ཉིན། གོང་མས་ཞིང་ཅུན་ཡ་ཧྥེང་ཞང་གི་གཙོ་སྐྱོང་དང་ཐོན་ལེན་ཧྲི(བདེ་སྲུང་དྲག་དཔོན)གཅིག་ལྕོགས་སུ་བསྐོས། ཚེས་ཉེར་གསུམ་གྱི་ཉིན། ལི་ཁྲེང་ཐའེ་ཝེ(དྲག་དཔོན་ཆེན་མོ)དང་ཀྲུའུ་ཧྲུའུ་ལས་ཁུངས་ཀྱི་གཙོ་སྐྱོང་དུ་བསྐོས། ཐོབ་དང་ཆོ་ལོ་རྒྱུན་འཇགས་སུ་བསྐྱུར་བ་ལས་གོ་གནས་གཞན་ཚང་མ་བླངས།

ཚེས་ཉེར་བདུན་གྱི་ཉིན་མ་སུའེ་གོང་མའི་སྲིད་གཞུང་དུ་འབྱོར། མ་སུའེ་སོང་རྗེས་ཅུན་ཚང་མས་མཁར་སྒོ་བཀག་སྟེ་མ་འཐབས་པས་ཞང་རྒྱལ་བཙན་གྱིས་འཕྲལ་མར་མིང་ཧྲ་མཁར་རྫོང་ནས་དམག་དཔུང་ཁྲིད་དེ་ལོག ཁོའི་དམག་དཔུང་ལ་དམག་རྟ་མ་འདང་བས་དམག་མི་མང་པོ་རྐང་ཐང་དུ་བསྐྱོད་དགོས་བྱུང་།

ཚུའེ་ཧོན་ཞང་རྒྱལ་བཙན་དང་མཇལ་ཏེ་ཁོ་རང་མཇལ་དུམ་དང་འགལ་བར་བཀྱོན་འདྲི་བྱས་པར། ཞང་རྒྱལ་བཙན་ན་རེ“བོད་ཀྱིས་ཀྲུའུ་ཚི་གཏོར་ཕམ་བཏང་ཡང་ལེགས་སྐྱེས་མ་ཐོབ་པས་ངེད་ཅག་འོངས་པ་ཡིན། ཀྲོའུ་ཁག་གིས་རང་རང་གི་མཁར་སྒོ་བཀག་ནས་བསྲུངས་ཡོད་པས་ང་ཚོའི་འདོད་བློ་གོང་ལ་ཞུ་ཐབས་མ་བྱུང་། ཡན་ཀྲོའུ་དང་ཞ་ཀྲོའུ་སྲུང་མཁན་དམག་དཔོན་གྱིས་མཁར་བདག་ལ་བྱིན་ཏེ་བྲོས་པ་ལས་ཁོ་བོས་བཙན་གྱིས་བླངས་པ་ནི་མིན། ད་ལམ་སྐུ་ཞབས་ཁྱེད་རང་ཕེབས་ནས་སྔོན་གྱི་མཐུན་ལམ་སོར་ཆུད་པར་འདོད་ལ། བོད་ཀྱི་འདུན་པའང་དེ་ག་རང་ཡིན། ཐེངས་འདིར་བོད་ཀྱི་བློན་ཆེན་དང་དམག་དཔོན་ཆེན་པོའི་མན་གྱི་མི་ཉེར་གཅིག་ཡོང་ཡོད། ཁོ་བོས་ཧྲི་ཀྲང(མོན་ཞ་ལས་ཁུངས་ཀྱི་གཙོ་སྐྱོང)དཔོན་པོ་ཧུན་ལགས་དང་ལྷན་དུ་ལས་ཀ་བྱས་མྱོང་བས24ཁོང་བློ་དཀར་ཞིང་ཡིད་རྟོན་རུང་བ་ཁོ་བོས་རྟོགས། དེ་མིན་ལིང་ཀྲོའུ་ཡི་ཅེ་ཏུའུ་ཧྲི་ཏུའུ་ཞི་ཆོན་དང་ཅིང་ཡོན་གྱི་ཅེ་ཏུའུ་ཧྲི་ལི་ཀོན་བཅས་ཀྱང་ཁ་དན་ཚིག་ལ་གནས་མཁན་ཡིན་ཚུལ་རྒྱལ་ཁམས་གཞན་དུ་གྲགས། དེ་དག་མཇལ་དུམ་གཙོ་སྐྱོང་བྱེད་མཁན་དུ་མངག་རོགས”ཟེར།

དབྱར་ཟླ་བཞི་པའི་ཚེས་བཅུ་གཉིས་ཀྱི་ཉིན་ཚུའེ་ཧོན་ཁྲང་ཨན་མཁར་དུ་འབྱོར། ཚེས་བཅུ་བདུན་གྱི་ཉིན། ཚུའེ་ཧོན་ཧུང་ལུའུ་ཆིང(མགྲོན་གཉེར་དཔོན་པོ)དུ་བསྐོས་ཐོག་སླར་ཡང་བོད་དུ་ཕོ་ཉར་མངགས་ནས་ཞང་རྒྱལ་བཙན་ལ་ཏུའུ་ཞི་ཆོན་གྱིས་ལིང་ཀྲོའུ་བསྲུངས་ཡོད་པས་མཐའ་མཚམས་བརྒལ་ནས་ཡོང་མི་རུང་། ལི་ཀོན་གྱི་གནས་བརྗེས་ཟིན། ད་ལམ་ཧུན་ཅན་མངགས་ནས་ཆིང་ཧྲུའེ་རུ་མཇལ་དུམ་བྱས་ནས་མནའ་གཙིགས་བཅས་ཆོག་ཟེར་བ་དང་། སྔོན་ལ་ཡན་ཀྲོའུ་དང་ཞ་ཀྲོའུ་གཉིས་ཕྱིར་སྤྲོད་དུ་འཇུག་དགོས་ཚུལ་གདམས། ཟླ་ལྔ་པའི་ཚེས་གཅིག་གི་ཉིན་ཧུན་ཅན་ཞན་དབྱང་ནས་གོང་མའི་ཕོ་བྲང་དུ་འབྱོར་བར། ཁོར་ཆིང་ཧྲུའེ་ཡི་མཇལ་དུམ་ཕོ་ཉའི་ཆོ་ལོ་བསྩལ། ཚེས་ལྔའི་ཉིན། པིང་པུའུ་ཧྲང་ཧྲུའུ(དམག་སྡེའི་ཁུར་འཛིན་བློན་ཆེན)ཡི་གོ་ཐོབ་ཅན་ཚུའེ་ཧན་ཧེང་ལ་མཇལ་དུམ་ཕོ་ཉ་གཞོན་པའི་ཆོ་ལོ་གནང་། སི་ཧྥེང་ཡོན་ཝའེ་ལང(བློན་སྡེའི་གོ་ཐོབ་ལས་ཁུངས་ཀྱི་གཙོ་སྐྱོང་གཞོན་པ)གི་གོ་ཐོབ་ཅན་ཀྲེང་ཧྲུའུ་ཅུས་ཞེས་པ་ཕན་ཀོན(ལག་བསྟར་དཔོན)དུ་བསྐོས། ཐེ་ཅིན་དཔོན་རིགས་སུང་ཧྥིང་ཁྲའོ་ཞེས་པ་ཏུའུ་ཅན(དམག་དཔུང་ལྟ་སྐུལ་དཔོན)དུ་བསྐོས། ཚེས་དྲུག་གི་ཉིན། ཧུན་ཅན་གྱིས་དམག་མི་ཉིས་ཁྲི་ལྷག་ཁྲིད་དེ་མཇལ་དུམ་བྱ་ཡུལ་དུ་ཆས།

ཚེས་ཉེར་གཉིས་ཀྱི་ཉིན། ཞང་རྒྱལ་བཙན་གྱིས་མངའ་འོག་གི་བློན་ཆོས་བཙན་མངགས་ནས་བརྗོད་དོན། “ཆིང་ཧྲུའེ་ས་ཆ་བཀྲ་མི་ཤིས་པར་འདུག་པས་ཡོན་ཀྲོའུ་་ཡི་ཐུའུ་ལི་ཧྲུའུ་ཞེས་པའི་སར་མཇལ་དུམ་བྱེད་པར་འཚལ། མཇལ་དུམ་གྲུབ་རྗེས་ཡན་ཀྲོའུ་དང་ཞ་ཀྲོའུ་གཉིས་ཕྱིར་སྟེར་ཆོག”ཟེར་པས་གོང་མས་ཀྱང་དེ་བཞིན་ཞལ་བཞེས་གནང་། ཧྲེན་ཚེ་དམག་དཔོན་མ་ཡིའུ་ལིན་གྱིས་ཐུའུ་ལི་ཧྲུའུ་ཞེས་པའི་ས་དེ་རོང་འགག་རྩུབ་པས་བོད་ཀྱིས་འཇབ་དམག་སྤྱོད་ཉེན་ཡོད། དེ་ལས་ཕིང་ལེང་ཁྲོན25ས་ཁོད་སྙོམ་པོ་ཡོད་ཅེས་གོང་མར་ཞུས་ཀྱང་སྐབས་དེར་བློན་ཆོས་བཙན་ཕྱིར་ལོག་ཚར་བས་ཚེས་ཉེར་བཞིའི་ཉིན་དོན་དེ་བརྗོད་པར་བང་ཆེན་རྗེས་སུ་མངགས།

(བམ་པོ22པའི་ཤོག་ངོས22-24པ། 7482-7485)

(ཤོལ་ཟླ་ལྔ་པ)སྔར་ལིའུ་ཞོན་ཙོ་ལ་དཔུང་སྣེ་འཚོ་རུ་བཅུག་ནས་རྨ་ཆུ་དང་ཙོང་ཆུའི་རྒྱུད་ལེན་དུ་མངགས་ཆོག་ཚུལ་ཧན་གོང་གིས་གོང་མར་ངོས་སྦྱོར་ཞུས་མྱོང་། གོང་མས་ལིའུ་ཞོན་ཙོ་ལ་དེའི་སྐོར་དྲིས་པ་ན་ཁོས་ཀྱང་དེ་ལེགས་ཚུལ་ཞུས། ཕྱིས་སུ་ཧན་ཧོང་འདས་རྗེས་ལིའུ་ཞོན་ཙོ་ཡིས“བོད་དམག་དཔུང་སྟོབས་ཆེ་བའི་སྒང་ཡིན་པས་དེ་དང་འཐབ་མི་རུང”ཞེས་གོང་མའི་སྙན་དུ་གསོལ། གོང་མས་ཀྲུང་ཧྲི་(ཉུག་རིམ་ལྟ་སྐུལ་དཔོན)མངགས་ཏེ་ལིའུ་ཞོན་ཙོ་ལ་འཚམ་འདྲི་གནང་དུས་ཁོ་མལ་དུ་ཉལ་ནས་གོང་མའི་བཀའ་ཡིག་གསན། ཀྲང་ཡན་ཧྲང་གིས་ལིའུ་ཞོན་ཙོ་བློས་བཀལ་བེད་སྤྱོད་གཏོང་མི་ཐུབ་པ་རྟོགས་ནས། རྨ་ཆུ་དང་ཙོང་ཆུའི་རྒྱུད་ལེན་རྒྱུའི་དོན་དེ་ལི་པའོ་ཀྲེན་ཞེས་པར་བཀལ་མོད་དེས་ཀྱང་དང་དུ་མ་བླངས། དེ་ནི་ཀྲང་ཡན་ཧྲང་གིས་ལི་ཁྲེང་གི་དམག་དབང་བླངས་པར་བརྟེན། དྲག་དཔོན་ཚང་མ་ཁོང་ཁྲོས་སྙིང་མི་དགའ་བར་གྱུར་ཏེ་བཀའ་ཡིག་དང་དུ་མ་བླངས་པ་རེད།

(བམ་པོ323པའི་ཤོག་ངོས25པ 7485)

ཧུན་ཅན་ཁྲང་ཨན་མཁར་ནས་ལམ་ལ་ཆས་སྐབས། ལི་ཁྲེང་གིས་ཁོར་མཇལ་དུམ་བྱ་ཡུལ་སུ་གྲབས་ཟོན་དམ་ནན་བྱ་དགོས་ཚུལ་ཞེ་ཐག་པའི་ངང་ནས་གདམས། ཀྲང་ཡན་ཧྲང་གིས་གོང་མར“ལི་ཁྲེང་གིས་མཇལ་དུམ་དོན་སྨིན་མི་ཡོང་བའི་རེ་བ་འཆང་གི་ཡོད་པས་ཧུན་ཅན་ལ་གྲབས་ཟོན་དམ་ནན་བྱ་དགོས་ཚུལ་གདམས་པ་རེད། རང་ཅག་གིས་ཕ་རོལ་པོར་དོགས་པ་བཟས་ཚེ་ཕ་རོལ་པོས་ཀྱང་རང་རེར་དོགས་པ་བཟའ་ངེས་ཡིན་པས་མཇལ་དུམ་འགྲུབ་ཐབས་ག་ལ་ཡོད”ཅེས་ཞུས་པས། གོང་མས་ཧུན་ཅན་བོས་ནས་བསམ་པ་རྣམ་དག་གིས་བོད་དང་མཇལ་དུམ་བྱ་རྒྱུ་ལས། རང་ས་ནས་དོགས་བློ་བཅངས་ཏེ་བོད་ཀྱི་བློ་ཁ་འགྱུར་ད་འཇུག་མི་རུང་ཚུལ་ནན་གྱིས་གདམས།

ཧུན་ཅན་གྱིས་གོང་མར་ཞུ་ཡིག་ཕུལ་ཏེ་བོད་ཀྱིས་ཚེས་བཅུ་དགུའི་ཉིན་མཇལ་དུམ་བྱ་རྒྱུ་ཐག་བཅད་ཚུལ་ཞུས། ཀྲང་ཡན་ཧྲང་གིས་དཔོན་རིགས་རྣམས་བསྐངས་ཐོག་ཧུན་ཅན་གྱིས་ཞུ་ཡིག་ཚང་མར་བསྟན་ནས་ན་རེ། “ཐའེ་ཝེ(དྲག་དཔོན་ཆེན་མོ)ལི་ཡིས་བོད་དང་མཐུན་ལམ་ཡོང་ཐབས་མེད་ངེས་ཅན་ཡིན་ཞེས་བརྗོད་མོད། འདི་ཉིད་ཧྲི་ཀྲུང(མོན་ཞ་ལས་ཁུངས་ཀྱི་གཙོ་སྐྱོང)ཧུན་ཅན་གྱི་ཞུ་ཡིག་རེད། མཇལ་དུམ་གྱི་དུས་ཚེས་ཀྱང་གཏན་འཁེལ་ཟིན་འདུག”ཅེས་སྨྲས། ལི་ཁྲེང་གིས་དེ་ཐོས་རྗེས་ངུ་བཞིན་དུ་རང་དང་བློ་ཉེ་བའི་མིར“ཁོ་བོ་ནུབ་རྒྱུད་ཀྱི་མཐའ་མཚམས་སུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་པས28བོད་རྒྱུས་གསལ་པོ་ཡོད། དེའི་རྐྱེན་གྱིས་གོང་ལ་སྙན་སེང་ཞུས་པ་ཡིན་མོད། གོང་མའི་སྲིད་གཞུང་ཆོན་རོང་གི་མགོ་སྐོར་འོག་ཚུད་པ་འདི་ཁ་སྐྱེངས་དགོས་པའི་གནས་ཤིག་རེད”ཅེས་བརྗོད། 

གོང་མས་གཞི་ནས་ལོ་ཡོན་ཀོང་གི་དམག་དཔུང་ཕན་ཡོན་ཏུ་སྡོད་པ་དང་། ཧན་ཡིའུ་ཀུའེ་དམག་དཔུང་ལོ་ཁོའུ27རུ་བསྡད་ནས་ཧུན་ཅན་ལ་རྒྱབ་རོགས་བྱ་དགོས་པའི་བཀའ་ཕབ། ལོ་ཡོན་ཀོང་གིས་ཧུན་ཅན་ལ“ཕན་ཡོན་དང་མཇལ་དུམ་བྱེད་སའི་བར་ལེ་དབར་བདུན་ཅུ་ཡོད་པས། ཁྱེད་རང་ཉེན་ཁར་འཕྲད་ཚེ་ཡོན་ཀོང་བདག་གིས་ཇི་ལྟར་རྟོགས་ཐུབ་བམ། དེ་བས་ཁྱེད་དང་ལྷན་དུ་འགྲོ་ཆོག་པ་ཞུ”ཞེས་སྨྲས་པར། ཧུན་ཅན་གྱིས་གོང་མའི་བཀའ་ཡིག་བསྟན་ཏེ་ཁས་མ་བླངས། ལོ་ཡོན་ཀོང་གིས་ཁོའི་ངག་ལ་མ་མཉན་པར་ཧུན་ཅན་དང་དམག་སྒར་འདབས་འབྲེལ་དུ་བསྡད། དེ་དང་མཇལ་དུམ་བྱེད་སའི་བར་ལེ་དབར་སུམ་ཅུ་ལྷག་ཡོད། ལོ་ཡོན་ཀོང་གིས་དམག་སྒར་ས་ཤུར་དང་ཤིང་གི་ར་བས་བརྟན་པོར་བསྐོར། འོན་ཀྱང་ཧུན་ཅན་གྱི་དམག་སྒར་གྱི་ས་ཤུར་དང་ཤིང་གི་རིབ་མ་ནི་རྒལ་སླ་བ་ཡོད། དེ་ནས་ལོ་ཡོན་ཀོང་གིས་དམག་སྒར་གྱི་ནུབ་ཕྱོགས་སུ་སྐུང་དུ་བཅུག་སྟེ་ན་རེ། “གལ་སྲིད་དོན་དག་གང་ཞིག་བྱུང་ཚེ་ཁྱོད་ཅག་ནུབ་ཕྱོགས་ཀྱི་པའེ་ཆོན28ལ་ཕྱིན་ནས་བོད་དམག་གི་སྟོབས་ཤུགས་འགྲེམས་ཐབས་བྱོས”ཞེས་གདམས།

ཞང་རྒྱལ་བཙན་དང་ཧུན་ཅན་གཉིས་ཀྱིས་ཕྱོགས་གཉིས་ཀས་དྲག་ཆས་སྤྲས་པའི་དམག་མི་སུམ་སྟོང་རེ་བཏང་ནས་མཇལ་དུམ་སྡིངས་ཆའི་ཤར་ནུབ་གཉིས་སུ་བསྒྲིག་རྒྱུ་དང་། རྒྱུན་ཆས་སྤྲས་པའི་མི་བཞི་བརྒྱ་རེ་ཁྲིད་དེ་མཆོད་སྟེགས་ཀྱི་གཤམ་དུ་བསྒྲིག་རྒྱུ་གྲོས་གཏན་ཁེལ། ཚེས་བཅུ་དགུའི་ཉིན། མཇལ་དུམ་བྱེད་ལ་ཉེ་སྐབས་ཞང་རྒྱལ་བཙན་གྱིས་ཡང་ཕྱོགས་གཉིས་ཀས་སྐོར་ཞིབ་རྟ་དམག་བཅུ་ཕྲག་འགའ་མངགས་ཏེ་ཕན་ཚུན་ལྟ་རྟོག་བྱ་དགོས་ཞུས་པས་ཧུན་ཅན་གྱིས་དེ་ལྟར་ཁས་བླངས། བོད་ཀྱིས་རྟ་དམག་ཧྲག་པོ་ཁྲི་ཕྲག་འགའ་མཇལ་དུམ་སྡིངས་ཆའི་ནུབ་ཕྱོགས་སུ་བསྐུངས། བོད་ཀྱི་སྐོར་ཞིབ་རྟ་པ་ཐང་གི་དམག་དཔུང་ཁྲོད་དུ་བཀག་ཐོགས་མེད་པར་རྒྱུ་ཞིང་། ཐང་གི་སྐོར་ཞིབ་རྟ་པ་བོད་དམག་ནང་བསྐྱོད་པ་ཚང་མ་བོད་ཀྱིས་འཇུས་མོད་ཧུན་ཅན་སོགས་སུས་ཀྱང་མ་ཚོར། དེར་གུར་ནང་དུ་ཞུགས་ཏེ་མཇལ་དུམ་གྱི་ཆས་གོས་སྤྲས། རྫ་རྔ་ལན་གསུམ་བརྡུངས་པ་དང་མཉམ་དུ་བོད་དམག་་འུར་ཟིང་ཆེན་པོ་དང་བཅས་གུར་ནང་དུ་བརྒྱུགས་ཏེ་སུང་ཧྥིང་ཁྲའོ་སོགས་བསད། ཧུན་ཅན་གུར་གྱི་རྒྱབ་ཕྱོགས་ནས་ཕྱིར་ཐོན་ཅིང་མི་གཞན་གྱི་བཞོན་རྟ་ཞིག་སྟབས་ལེགས་ཀྱིས་ལག་ཏུ་ཆུད་པར་བཞོན། རྟའི་རྔོག་མར་འཆང་ནས་སྲབ་ཀྱང་ཁར་མ་བསྐོན་པར་བྲོས། ལེ་དབར་བཅུ་ལྷག་ལ་བརྒྱུགས་ནས་ད་གཟོད་རྟའི་ཁར་སྲབ་བཞག  དེར་བརྟེན་རྒྱབ་ནས་མདའ་མོ་འཕངས་ཀྱང་མ་ཕོག་པ་རེད། ཐང་གི་དམག་དཔོན་དང་དམག་མི་ཚང་མ་ཤར་ཕྱོགས་སུ་བྲོས་ཤིང་དགྲ་བོས་དམག་མི་ར་མདར་བཏང་ནས་འཐབ། ལ་ལ་བསད་ཅིང་ལ་ལ་བཟུང་། མི་བརྒྱ་ཕྲག་འགའ་ཤི  མི་སྟོང་གཅིག་ལྷག་བཟུང་། ཙུའེ་ཧན་ཧེང་དགྲ་བོའི་རྟ་དམག་གིས་བཟུང་། ཧུན་ཅན་དེའི་དམག་སྒར་དུ་སླེབས་པ་ན་དཔོན་དམག་ཚང་མ་བྲོས་ནས་སྒར་སྟོང་བར་ལུས་འདུག ལོ་ཡོན་ཀོང་གིས་འཇབ་དམག་རྣམས་ལ་འཐབ་རུ་སྒྲིག་ཏུ་བཅུག་ནས་བསྒུགས་ཡོད་པ་དགྲ་བོའི་རྟ་དམག་གིས་མཐོང་ནས་ཧད་པར་གྱུར། དེར་ཧུན་ཅན་ལོ་ཡོན་ཀོང་གི་དམག་སྒར་དུ་འཛུལ་བ་དང་། བོད་ཀྱི་ར་མདར་ཡོང་མཁན་རྟ་དམག་གིས་པིན་ཉིང་གི་དམག་དཔུང་ནུབ་ཕྱོགས་སུ་བྲེལ་མྱུར་གྱིས་བསྐྱོད་པ་མཐོང་བས་གཞི་ནས་ཕྱིར་ལོག ལོ་ཡོན་ཀོང་གིས་ཧུན་ཅན་ལ་དམག་ཆས་ཀྱི་རིགས་བྱིན་ཅིང་ཁོ་དང་ལྷན་དུ་དམག་མི་ཐར་ཐོར་རྣམས་སྡུད་ཀྱིན་རུ་བསྟར་བསྒྲིགས་ནས་ཕྱིར་ལོག

ཉིན་དེར་གོང་མ་སྲིད་དོན་སྐྱོང་དུ་ཕེབས་ནས་བློན་ཆེན་རྣམས་ལ“དེ་རིང་རོང་པ་དང་དམག་མཚམས་བཞག་པ་ནི་རྒྱལ་ཁབ་ཀྱི་ལས་བསོད་རེད”གསུངས་པར་མ་སུའེ་ཡིས“དེ་དེ་བཞིན་ནོ”ཞུས། ལིའུ་ཧུན་ན་རེ། “རོང་ཏི་ནི་ཅེ་སྤྱང་ལྟ་བུ་ཡིན་པས་མཇལ་དུམ་བྱས་ནས་མནའ་གཙིགས་བཅས་པ་ཙམ་གྱིས་མཐུན་པོ་ཡོང་མི་སྲིད། དེ་རིང་གི་དོན་འདིར་བློན་པོ་ཕྲན་སེམས་ཁྲལ་ཆེན་པོ་འདུག”ཟེར། ལི་ཁྲེང་ན་རེ“ལིའུ་ཧུན་གྱིས་གསུངས་ངེས་པར་བདེན”ཟེར། དེར་གོང་མའི་ཞལ་མདངས་འགྱུར་ཏེ“ལིའུ་ཧུན་ནི་དཔེ་ཆ་པ་ཞིག་ཡིན་པས་མཐའ་མཚམས་ཀྱི་སྲིད་བྱུས་ག་ལ་རྟོགས་མོད། བློན་ཆེན་གྱིས་ཀྱང་དེ་བཞིན་བརྗོད་པ་རུང་ངམ”གསུངས་པས། ཚང་མས་ཕྱག་བཙལ་ཏེ་དགོངས་དྭངས་ཞུས། དེ་ནས་སྲིད་དོན་བགྲོ་གླེང་བྱེད་མཚམས་ཀྱང་བཞག ཉིན་དེའི་མཚན་མོར་ཧན་ཡིའུ་ཀུའེ་ཡིས་ཞུ་ཡིག་ཕུལ་ཏེ“དགྲ་བོས་མཇལ་དུམ་ལ་ཞུགས་མཁན་རྣམས་བཟུང་ཞིང་དམག་དཔུང་ཉེ་འཁོར་གྱི་གྲོང་རྡལ་དུ་བཅར”ཞེས་ཞུས་པས་གོང་མ་དངངས་འཚབ་ཆེན་པོ་སྐྱེས། མི་མངགས་ཏེ་ཞུ་ཡིག་དེ་ལིའུ་ཧུན་ལ་བལྟ་རུ་བཅུག  ཕྱི་ཉིན་ཞོགས་པར་ལིའུ་ཧུན་ལ“བློན་པོ་ཁྱོད་དཔེ་ཆ་པ་ཞིག་ལས་མ་འདས་མོད། དགྲ་བོའི་སྤྱོད་སྟངས་ཚོད་དཔག་ཐིག་པོ་དེ་འདྲ་འདུག”གསུངས། གོང་མས་བོད་དམག་ལ་གཡོལ་བའི་ཆེད་དུ་རྒྱལ་ས་ལས་འཐོན་པར་འདོད་ཀྱང་བློན་པོ་རྣམས་ཀྱིས་གསལ་འདེབས་ཞུས་སྟབས་མ་ཕེབས།

ཚེས་ཉེར་གཅིག་གི་ཉིན། གོང་མས་ཀྲུང་ཧྲི(ཉུག་རུམ་ལྟ་སྐུལ་དཔོན)ཝང་ཙི་ཧེང་ཞེས་པར་བཀའ་ཡིག་འཁྱེར་དུ་བཅུག་ནས་ཞང་རྒྱལ་བཙན་མཇལ་དུ་བཏང་། བོད་ཀྱི་ས་མཚམས་སུ་ཞུགས་པ་དང་བོད་ཀྱིས་བཀའ་ཡིག་མ་བླངས་པས་ཕྱིར་ལོག ཧུན་ཅན་གྱིས་ཧྥིང་ཐེན་དུ་དམག་སྒར་བཏབ་ནས་བསྲུངས།

ཚེས་ཉེར་གཉིས་ཀྱི་ཉིན་ཞང་རྒྱལ་བཙན་དེ་སྔའི་ཡོན་ཀྲོའུ་རུ་སླེབས།29 ཚུའེ་ཧན་ཧེང་སོགས་དང་མཇལ་འཕྲད་ཀྱིས་སྨྲས་དོན། “ཁོ་བོས་གསེར་སྒྲོག་བཟོས་ཏེ་དེས་ཧུན་ཅན་བཅིངས་ནས་བཙན་པོར་འབུལ་བསམས་མོད་ཁོ་རང་བྲོས་ནས་ཐར། ཁྱོད་ཅག་ཙམ་ལས་འཛིན་ཐུབ་མ་སོང”ཟེར། ཡང་མ་སུའེ་ཡི་ཚ་བོ་མ་ཡན་ལ་བོད་ཀྱིས་རྟར་རང་གི་སྲོག་ལྟར་གཅེས། ཁོ་བོས་ཧོ་ཆུས་ས་ཆར་ཡོད་དུས་དཔྱིད་རྩྭ་ད་དུང་སྐྱེས་མེད་པས་དམག་རྟའི་གོམ་པའང་སྤོ་དཀའ་བར་གྱུར་པའི་ཚེ་ན། གལ་སྲིད་ཧྲི་ཀྲང(མོན་ཞ་ལས་ཁུངས་ཀྱི་གཙོ་སྐྱོང)དཔོན་པོ་མ་སུའེ་ཡི་དམག་དཔུང་རྨ་ཆུར་བརྒལ་ཏེ་ཁོ་བོའི་དམག་དཔུང་ཐོག་བརྒྱུགས་པ་ཡིན་ན། ངེད་ཅག་གི་དམག་དཔུང་རྩ་མེད་གཞི་བྲལ་དུ་འགྱུར་བར་ངེས་པས། ངེད་ཀྱིས་ཞི་བས་འདུམ་རྒྱུའི་རེ་བ་ཞུས་པ་ཡིན་ཞིང་། ཧྲི་ཀྲུང་ཁོང་གི་མཛད་སྤྱོད་ལ་བརྟེན་ནས་བྱ་བ་ལམ་ལྷོང་བྱུང་། ད་ལྟ་དམག་དཔུང་ཉེ་ཞོ་མེད་པར་ཕྱིར་ལོག་ཐུབ་པ་བྱུང་བས་ཁོ་བོས་ཁོང་གི་བུ་དང་ཚ་བོ་འགོག་དགོས་དོན་ཅི་ཡོད”ཅེས་སྨྲས། བཀའ་ཕབ་སྟེ་མ་ཡན་དང་། ཉུག་རུམ་འཁོར་དཔོན་ཅུས་ཝུན་ཀྲེན། ཧུན་ཅན་གྱི་དམག་དཔོན་མ་ཉིང་བཅས་གློད་དེ་མཉམ་དུ་ཕྱིར་བསློགས། ཚུའེ་ཧན་ཧེང་སོགས་ཧོ་ཀྲོའུ་དང་ཁོ་ཀྲོའུ་ཧྲན་ཀྲོའུ་བཅས་སུ་ཁག་བགོས་ཀྱིས་བཙན་དུ་བཅུག གོང་མས་ཞང་རྒྱལ་བཙན་གྱི་སྐད་ཆ་དེ་ཐོས་རྗེས་མ་སུའེ་ལ་སྡང་བར་གྱུར།

ཟླ་དྲུག་པའི་ཚེས་ལྔའི་ཉིན། མ་སུའེ་སི་ཐུའུ་བློན་ཆེན་དང་ཧྲི་ཀྲུང(མོན་ཞ་ལས་ཁུངས་ཀྱི་གཙོ་སྐྱོང)གཅིག་ལྕོགས་སུ་བསྐོས་པ་དང་། ཁོའི་དམག་སྤྱི་ཆེན་མོ་གཞོན་པ་དང་ཅེ་ཏུའུ་ཧྲིའི་གོ་གནས་བླངས།

སྔར་བོད་ཀྱི་དམག་དཔོན་ཞང་རྒྱལ་བཙན་ལི་ཁྲེང་དང་། མ་སུའེ། ཧུན་ཅན་བཅས་ལ་སྡང་བས། མི་དེ་གསུམ་མེད་པར་བཟོས་ཚེ་ཐང་འདུལ་ཐུབ་པར་འགྱུར་ཞེས་བརྗོད་མྱོང་བ་དང་ལི་ཁྲེང་ལ་དབྱེན་སྦྱོར་བྱས་པ་རེད། དེ་ནས་མ་སུའེ་བརྒྱུད་ནས་ཞི་བས་འདུམ་རྒྱུའི་རེ་བ་བཏོན་ཅིང་། ཧུན་ཅན་བཟུང་བར་བརྟེན་ནས་མ་སུའེ་བཙོངས་ཏེ་ཁོར་ཉེས་ཁྲིམས་འགེལ་དུ་བཅུག་ཐོག དམག་དཔུང་ཐད་ཀར་ཁྲང་ཨན་དུ་འདྲེན་རྩིས་ཡོད་ཀྱང་ཧུན་ཅན་ལག་ཏུ་མ་ཆུད་པས་དེ་ལྟར་བྱེད་རྒྱུ་བཞག དེར་ཀྲང་ཡན་ཧྲང་སྐྱེངས་ཤིང་འཇིགས་ཏེ་ནད་བྱུང་བར་ཁ་གཡར་ནས་སྲིད་དོན་ལའང་མ་ཞུགས།

(བམ་པོ232པའི་ཤོག་ངོས25-28པ། 7486-7488)

ཡན་ཀྲོའུ་དང་ཞ་ཀྲོའུ་རུ་སྡོད་པའི་བོད་དམག་ལ་དམག་རྒྱགས་མ་འབྱོར་ཅིང་མི་མང་པོར་རིམས་ནད་མཆེད་པས་ཕྱིར་ལོག་འདུན་བྱུང་། ཞང་རྒྱལ་བཙན་གྱིས་རྟ་དམག་སུམ་སྟོང་བཏང་ནས་དེ་དག་བསུས། དེ་གའི་ཁང་པ་མཐའ་དག་མེར་བསྲེགས། མཁར་བཤིགས། འབངས་མི་རྣམས་དེད་དེ་སོང་། ལིང་ཡན་གྱི་ཅེ་ཏུའུ་ཧྲི་ཆོན་གྱིས་སོ་སོར་དམག་མི་མངགས་ཏེ་བསྲུངས།

(བམ་པོ323པའི་ཤོག་ངོས29པ། 7489)

(ཟླ་བརྒྱད་པ)བོད་ཀྱི་དམག་དཔོན་ཞང་རྒྱལ་བཙན་གྱིས་རྟ་དམག་ལྔ་བཏང་ནས་ཚུའེ་ཧན་ཧེང་ཕྱིར་བསྐྱལ་བ་དང་། ཞུ་ཡིག་ཕུལ་ནས་མཐུན་ལམ་འཛུགས་པའི་རེ་བ་བཏོན། ཕོ་ཉ་ཕན་ཡོན་དུ་འབྱོར་བ་དང་ལི་ཀོན་གྱིས་གོང་མས་བོད་ཀྱི་ཕོ་ཉའི་ཡོང་དུ་འཇུག་མི་ཆོག་པའི་བཀའ་ཡིག་གནང་ཡོད་ཅེས་འཕྲིན་ཡིག་བླངས་པ་ལས་ཕོ་ཉ་ནང་དུ་མ་བཏང་།

(བམ་པོ233པའི་ཤོག་ངོས་དང་པོ། 7496)

ཚེས་བཅུ་བཞིའི་ཉིན། བོད་ཀྱིས་ཆཱང30དང་ཐུ་ལུ་ཧུན་གྱི་དམག་དཔུང་ལུང་ཀྲོའུ་རུ་དྲངས། དམག་སྒར་ལེ་དབར་བཅུ་ཕྲག་དུ་མའི་བར་བསྟར་བས་རྒྱལ་སར་འཇིགས་སྐྲག་ཆེན་པོ་བྱུང་། ཟླ་དགུ་པའི་ཚེས་ལྔའི་ཉིན།  ཧྲེན་ཚེ་ཅུན་གྱི་དམག་དཔོན་ཧྲི་ཅི་ཀྲང་ཞེས་པ་ཝུའུ་ཀུང་རྫོང་བསྲུང་དུ་མངགས། ཅུའེ་ཧྲེང་ཅུན་གྱི་ཅུན་ཧྲིའི་གོ་ཐོབ་ཅན་ཐང་ལིའང་ཁྲེན་ཞེས་པ་པའེ་ལི་མཁར་བསྲུང་དུ་བཏང་། ཚེས་བདུན་གྱི་ཉིན།  བོད་དམག་གིས་ཆན་དབྱང་དང་། ཝུའུ་ཧྲན། ཧྭ་ཐིང31བཅས་སུ་འཕྲོག་བཅོམ་ཆེན་པོ་བྱས། སྐྱེ་བོ་རྒན་པ་དང་ཉམ་ཐག་རྣམས་བསད། ཡང་ན་ལག་པ་གཅོད་པའམ་མིག་འབྲས་ཕྱུངས་ནས་སོང་། དར་མ་ཚིག་ཁྲི་ཙམ་དེད་ནས་ཚང་མ་ཨན་ཧྭ་འགག32ཅེས་པའི་ནུབ་རྒྱུད་དུ་བསྐྱལ། དེ་དག་ཆཱང་དང་ཐུ་ལུ་ཧུན་གྱི་བྲན་དུ་བགོས་ནས“ཁྱོད་ཅག་ཁ་ཤར་ལ་ཕྱོགས་ནས་ངུ་འབོད་ཀྱིས་ཕ་ཡུལ་དང་རྒྱལ་ཁབ་ལ་གྱེས་བྲལ་ཞུས་ཤིག”ཅེས་སྨྲས་པར། ཚང་མས་ངུ་འབོད་དྲག་པོ་བྱས། མི་སྟོང་ལྷག་གཡང་དང་གྲོག་རོང་ལ་ལྕེབས་ནས་ཤི་རྨས་ཐེབས། ཡུན་རིང་མ་ཕྱིན་པར་བོད་དམག་སླར་ཡང་འབྱོར་ཏེ་ལུང་ཀྲོའུ་བསྐོར། ཚི་ཧྲི་དཔོན་པོ་ཧན་ཆིང་མེན་དང་ཧྲེན་ཚེ་ཅུན་གྱི་དམག་དཔོན་གཞོན་པ་སུའུ་ཐའེ་ཕིང་གཉིས་ཀྱིས་མཚན་མོ་དམག་བཏང་ནས་འཐབ་པས་བོད་དམག་ཕྱིར་འཐེན།

(བམ་པོ233པའི་ཤོག་ངོས6པ། 7501)

ཡུ་གུར་གྱི་ཁ་གན་ཧོ་ཀུའུ་ཏོ་ལུའུ་ཡིས་མཐུན་ལམ་འཛུགས་རྒྱུ་ཐེངས་དུ་མར་ཞུས་ཤིང་ཀོང་ཇོ་བསླངས་ཀྱང་གོང་མས་ཞལ་བཞེས་མ་གནང་། ཏག་ཏག་སྐབས་དེར་མཐའ་མཚམས་ཀྱི་་དམག་དཔོན་གྱིས་རྟ་མི་འདང་ཚུལ་སྙན་སེང་ཞུས་ནའང་གོང་མའི་སྲིད་གཞུང་ལ་རྟ་སྟེར་རྒྱུ་མེད་པར་གྱུར་པས། ལི་པི་ཡིས་གོང་མར“གོང་མས་ཐུགས་ཆོད་པོས་བློན་པོ་བདག་གི་ཐབས་བྱུས་སྤྱད་ཚེ། ལོ་འགའི་རྗེས་སུ་རྟའི་རིན་གོང་ད་ལྟའི་དུས་ལས་ལྡབ་བཅུས་དམའ་བར་འགྱུར”ཞུས། གོང་མས“ཅིའི་ཕྱིར་རམ”ཞེས་དྲིས་པའི་ལན་དུ་ལི་པིས“གལ་ཏེ་གོང་མས་སྒེར་སེམས་དོར་ཏེ་སྤྱིའི་དོན་འབའ་ཞིག་ཞེ་ལ་བརྣག་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་བསམས་ཚེ་ཁོ་བོས་ཞུ་ཕོད”གསོལ། གོང་མ་ན་རེ“བློན་པོ་ཁྱོད་རང་དེ་ལྟའི་དོགས་པ་ཟ་དགོས་དོན་གང་ཡིན”གསུངས་བར། ལན་དུ“བློན་པོ་ཕྲན་གྱི་རེ་བར་གོང་མས་བྱང་དུ་ཡུ་གུར་ལ་མཐུན་ལམ་འཛུགས་པ་དང་། ལྷོ་ཕྱོགས་སུ་ཡུན་ནན་དང་མཐུན་ལམ་འཛུགས་པ། ནུབ་ཕྱོགས་སུ་ཏ་ཟིག་དང་རྒྱ་གར་དང་མཐུན་ལམ་བཙུགས་ཚེ། བོད་རང་བཞིན་གྱིས་གཅུན་ཐུབ་པར་འགྱུར་ལ་དམག་རྟ་ཡང་འཐོབ་སླ་བར་འགྱུར”ཞུས། དེར་གོང་མ་ན་རེ། “རྒྱལ་ཁབ་གཞན་གསུམ་ལ་བློན་པོ་ཁྱོད་ཀྱིས་སྨྲས་པ་ལྟར་རུང་མོད་ཡུ་གུར་ལ་མཐུན་ལམ་འཛུགས་རུང་བ་མིན”གསུངས། ལི་པི་ན་རེ། “བློན་པོ་ཕྲན་གྱིས་གོང་མས་དེ་ལྟར་དགོངས་པ་སྔ་མོ་ནས་རྟོགས་པས་སྔོན་ལ་ཞུ་མ་ཕོད་པ་ཡིན། ད་ལྟའི་གནས་ཚུལ་ལ་གཞིགས་ནས་སྔོན་ལ་ཡུ་གུར་དང་མཐུན་ལམ་འཛུགས་དགོས་པ་དང་དེ་ནས་རྒྱལ་ཁབ་གཞན་གསུམ་ལ་མཐུན་ལམ་འཛུགས་དགོས”ཞུས། གོང་མ་ན་རེ“ཡུ་གུར་ཁོ་ན་བློན་པོ་ཁྱོད་ཀྱིས་མི་གླེང་བར་གྱིས”གསུངས། ལི་པི་ན་རེ“ཕྲན་ནི་ཙའེ་ཞང་བློན་པོའི་གོ་གནས་འཛིན་མཁན་ཞིག་ཡིན་པས་དོན་དག་གང་ཞིག་འགྲིག་མིན་དེ་གོང་མ་མཆོག་གིས་ཐུགས་ཐག་བཅད་ཆོག དེས་ན་བློན་པོར་སྐད་ཆ་སྨྲ་རུ་མི་འཇུག་པ་ཅི་ཡིན་ནམ“ཞུས། གོང་མ་ན་རེ། “བློན་པོ་ཁྱོད་ཀྱིས་བརྗོད་པ་ཐམས་ཅད་ཁོ་བོས་གསན་གྱི་ཡོད། ཡིན་ཡང་ཡུ་གུར་གྱི་དོན་དག་ཇི་ལྟར་བསྒྲུབ་རྒྱུ་དེ་བུ་རབས་ཚ་རྒྱུད་ལ་བསྐྱུར་རྒྱུ་ཡིན། ཁོ་བོའི་དུས་སུ་ཞི་འདུམ་གཏན་ནས་མི་བྱེད”གསུངས། ལི་པི་ན་རེ“དེ་ནི་ཧྲའན་ཀྲོའུ་རུ་ངོ་ཚ་ཉོས་པ་དེའི་རྐྱེན་གྱིས་ཡིན་ནམ”ཞུས་པར། གོང་མ་ན་རེ“དེ་དེ་བཞིན་ནོ། ། ངའི་ཆེད་དུ་ཝེ་ཧྲའོ་ཧྭ་སོགས་ལ་དམག་འབེབས་ཐེབས་ནས་ཤི། དེ་ཁོ་བོས་བརྗེས་ག་ལ་རུང་། རྒྱལ་ཁབ་ལ་ཆག་འཇིག་མང་པོ་བྱུང་བར་བརྟེན་འཁོན་ལན་སློག་མ་ཐུབ་པར་ད་བར་ལུས་པ་རེད། ཡིན་ཡང་ཞི་འདུམ་བྱེད་རྒྱུ་གཏན་ནས་མི་རུང་། བློན་པོ་ཁྱོད་ཀྱིས་སླར་ཡང་མི་གླེང་བར་གྱིས”གསུངས། དེར་ལི་པི་ན་རེ“ཝེ་ཧྲའོ་ཧྭ་གསོད་མཁན་ནི་ཁ་གན་མུའུ་ཡུས་རེད། གོང་མ་མཆོག་ཁྲིར་གསོལ་རྗེས་ཁོས་རང་རེར་དམག་དྲངས་མོད་ཁོ་ཚོའི་ས་མཚམས་ལས་མ་བརྒལ་གོང་ཁོ་རང་ད་ལྟའི་ཁ་གན་ཧོ་ཀུའུ་ཏོ་ལུའུ་ཡིས་བསད། དེ་བས་ད་ལྟའི་ཁ་གན་འདིས་གོང་མ་ཁྱེད་ལ་བྱས་རྗེས་བཞག་ཡོད་པས་གོ་གནས་དང་གསོལ་རས་བསྩལ་ན་འགྲིག་པ་ལས་ཞེ་འཁོན་འཆང་དགོས་དོན་མེད། དེའི་རྗེས་སུ་ཀྲང་ཀོང་ཧྲེང་གིས་ཐུའུ་ཏོང་སོགས་མི་དགུ་བརྒྱ་ལྷག་བསད་ཀྱང་ཁ་གན་ཧོ་ཀུའུ་ཏོ་ལུའུ་ཡིས་རང་རེའི་ཕོ་ཉ་གསོད་མ་ཕོད། དེས་ན་ཧོ་ཀུའུ་ཏོ་ལུའུ་ལ་མ་གཞི་ནས་ཉེས་པ་མེད་དོ”ཞུས། གོང་མ་ན་རེ“བློན་པོ་ཁྱོད་ཀྱིས་ཡུ་གུར་དང་མཐུན་ལམ་འཛུགས་རྒྱུ་དེ་འགྲིག་ཚུལ་བརྗོད་པར་བལྟས་ན་ང་རང་ནོར་བ་རེད་དམ”གསུངས་པར། ལན་དུ་ལི་པི་ན་རེ“བློན་པོ་ཕྲན་གྱིས་ནི་རྒྱལ་ཁབ་བསམས་ནས་དེ་བཞིན་ཞུས་པ་ལགས། གལ་དེ་བདག་གིས་གོང་མའི་ཞལ་ངོ་འཚོ་ཐབས་བགྱིས་ཚེ་དག་ཞིང་དུ་བཞུགས་པའི་གོང་མ་སུའུ་ཙུང་དང་ཏའེ་ཙུང་ལ་གདོང་སྟོན་ཐབས་ག་ལ་ཡོད”ཅེས་ཞུས། དེར་གོང་མས་ཁོ་བོར་དལ་གྱིས་བསམ་བློ་གཏོང་དུ་ཆུག་དང་གསུངས། དེ་ནས་བཟུང་ལི་པིས་སྲིད་དོན་གྲོལ་མོལ་བྱེད་ཐེངས་བཅོ་ལྔ་ཚང་མར་ཡུ་གུར་གྱི་དོན་དག་ཞུས་ཀྱང་གོང་མས་མཐའ་གཅིག་ཏུ་ཞལ་གྱིས་མ་བཞེས། ལི་པི་ན་རེ། “གོང་མས་ཡུ་གུར་དང་མཐུན་ལམ་འཛུགས་རྒྱུར་དགོངས་འཁྲོལ་མི་གནང་ཚེ། ཁོ་བོས་བློན་པོའི་གོ་གནས་དགོངས་པ་ཞུ་རྒྱུ་ཡིན་པས་དེ་བཞིན་དགོངས་པ་འཁྲོལ་བར་འཚལ”ཞུས་པར། གོང་མ་ན་རེ“ཁོ་བོས་གསལ་འདེབས་ཞུས་པར་མ་གསན་པ་མིན་པར་བློན་པོ་ཁྱོད་དང་བདེན་ལུགས་བདར་བར་འདོད་པ་ཡིན། དེ་མུར་ཁོ་བོས་བསྐྱུར་ནས་འགྲོ་དགོས་དོན་ཡོད་དམ”གསུངས། དེའི་ལན་དུ་ལི་པི་ན་རེ། “གོང་མས་ཕྲན་ལ་གནས་ཚུལ་ཞུ་རུ་བཅུག་པ་དངོས་གནས་རྒྱལ་ཁབ་ཀྱི་ལས་བསོད་རེད”ཞུས། གོང་མ་ན་རེ། “ཁོ་བོས་རང་ཉིད་དམན་སར་ཕབ་སྟེ་ཡུ་གུར་དང་འདུམ་རྒྱུར་མི་ཕངས་ཀྱང་ཝེ་ཧྲའོ་ཧྭ་སོགས་ལ་རྒྱབ་གཏོད་མི་རུང”གསུངས། ལི་པི་ན་རེ། “བློན་པོ་ཕྲན་གྱིས་བལྟས་ན། གོང་མ་མཆོག་གིས་ཝེ་ཧྲའོ་ཧྭ་སོགས་ལ་རྒྱབ་གཏད་པ་མིན་པར་ཝེ་ཧྲའོ་ཧྭ་སོགས་གོང་མ་མཆོག་ལ་རྒྱབ་གཏད་པ་རེད”ཅེས་ཞུས། གོང་མས“ཅིའི་ཕྱིར”ཅེས་བཀའ་འདྲི་གནང་བར། ལན་དུ་ལི་པི་ན་རེ། “སྔོན་དུས་སུ་ཡུ་གུར་གྱི་ཡེ་ཧུའུ་ཡིས་དམག་དཔུང་ཁྲིད་དེ་ཨན་ཆིང་ཞུས33ལ་རྒོལ་རོགས་བྱེད་པའི་སྐབས་སུ་གོང་མ་སུའུ་ཙུང་གི་བཀའ་ལྟར། དམག་སྤྱི་ཆེན་མོའི་ཤག་ཏུ་ཕྲན་གྱིས་གསོལ་སྟོན་བཤམས་ཏེ་ཡེ་ཧུའུ་ལ་སྣེ་ལེན་བྱས་ཀྱང་གོང་མ་སྔོན་མས་མཇལ་འཕྲད་མ་གནང་། ཡེ་ཧུའུ་ཡིས་ཕྲན་ཁོའི་དམག་སྒར་དུ་གདན་འདྲེན་པའི་སྐབས་སུའང་གོང་མ་སུའུ་ཙུང་གིས་གཞི་ནས་མཇལ་འཕྲད་གནང་། དེ་ལྟར་གནང་དོན་ནི་མཐའ་འཁོབ་མི་རིགས་རྣམས་ནི་ཅེ་སྤྱང་ལྟ་བུ་ཡིན་པས་དམག་དཔུང་དྲངས་ནས་ཀྲུང་གོའི་ཡུལ་དབུས་སུ་སླེབས་དུས་བག་ཟོན་མི་བྱེད་ག་མེད་ཡིན་པས་རེད། གོང་མ་མཆོག་ཧྲའན་ཀྲོའུ་རུ་བཞུགས་དུས་དགུང་ལོའང་གཞོན། ཝེ་ཧྲའོ་ཧྭ་སོགས་ཀྱིས་ཕུགས་ཀྱི་དོན་ལ་མི་དཔྱོད་པར་བླ་མེད་རྒྱལ་སྲས་དམ་པ་ཁྱེད་ཉིད་དེ་ཚོའི་དམག་སྒར་དུ་འགྲོ་རུ་བཅུག ཁོ་ཚོར་མཇལ་འཕྲད་གནང་སྐབས་ཀྱི་གུས་ལུགས་སྐོར་ཡང་སྔོན་ལ་གྲོལ་མོལ་མ་བྱས། དེར་བརྟན་ནས་ཕོ་རོལ་ཁེངས་དྲེགས་ཆེན་པོ་སྐྱེ་རུ་བཅུག་སྟེ་གང་མིན་བྱས། དེ་ནི་ཝེ་ཧྲའོ་ཧྭ་སོགས་གོང་མ་མཆོག་རྒྱབ་གཏད་པ་མིན་ནམ། ཁོ་ཚོ་ཤི་ཡང་དེའི་ཉེས་འགན་ཐེག་མི་ཐུབ། དེར་མ་ཟད་ཞང་ཅི34རུ་གཡུལ་བཀྱེས་ཏེ་རྒྱལ་ཁ་ཐོབ་པའི་དུས་སུ་ཡེ་ཧུའུ་ཡིས་དམག་དཔུང་ཁྲིད་ནས་ཁྲང་ཨན་མཁར་དུ་བསྐྱོད་པར་བསམས་པ་ན། གོང་མ་སྔོན་མ་སྐུ་དངོས་ཁོའི་རྟའི་མདུན་དུ་ཕེབས་ནས་ཕྱག་བཙལ་ཏེ་བཀག་པས་ཡེ་ཧུའུ་གཞི་ནས་མཁར་ནང་དུ་འགྲོ་མི་ཕོད་པར་གྱུར།  སྐབས་དེར་དེ་མཐོང་མཁན་གྱི་སྐྱེ་བོ་འབུམ་ལྷག་ཡོད་ཅིང་། ཚང་མས་དངན་པ་འཆོར་གྱིན་ཀོང་ཕིང་ཝང་ནི་རྒྱ་དང་མཐའ་འཁོབ་མི་རིགས་གཉིས་ཀྱི་བདག་པོ་རེད”ཅེས་སྨྲས། དེ་ལྟ་ན་ཡང་གོ་མ་སྔོན་མ་དབུ་སྨད་པའི་སྐབས་ཉུང་ཞིང་དབུ་འཕང་བཏེགས་པའི་སྐབས་མང་ངོ། ཡེ་ཧུའུ་ནི་མུའུ་ཡུས་ཀྱི་ཁུ་བོ་ཡིན།  མུའུ་ཡུས་རང་ཉིད་ཁ་གན་ཡིན་པའི་ཆ་ནས་རྒྱལ་ཁམས་ཧྲིལ་པོའི་དམག་བསྡུས་ནས་ཀྲུང་ཡོན་ཉེན་ལས་སྐྱོབ་ཏུ་ཡོང་བ་ཡིན་པས་ཁོར་ང་རྒྱལ་ཁེངས་དྲེགས་ཀྱི་བློ་སྐྱེས་ཤིང་། གོང་མར་གུས་ཕྱག་འབུལ་དུ་འཇུག་སྤོབས་པ་བྱུང་།  འོན་ཀྱང་གོང་མ་རང་བཞིན་གྱིས་གཟི་བརྗིད་མངའ་བས་ཁོར་དབུ་འཕང་མ་སྨད། དུས་སྐབས་དེར་ཕྲན་གྱིས་སྐད་ཆ་གཞན་ཞུ་མ་ཕོད། གལ་སྲིད་ཁ་གན་གྱིས་གོང་མ་དམག་སྒར་ནང་ཉར་ནས་གསོལ་སྟོན་ལ་ཉིན་བཅུར་རོལ་ཚེ།  གནམ་འོག་གི་སྐྱེ་བོ་རྣམས་ཡིད་ཕམ་པར་མི་འགྱུར་བ་ག་ལ་སྲིད། འོན་ཀྱང་གོང་མའི་རྔམ་བརྗིད་ཀྱི་དྲུང་དུ་ཅེ་སྤྱང་གི་རིགས་རྣམས་གཉོམ་ཆུང་ཞིང་བཀའ་བརྩི་བར་གྱུར།  ཁ་གན་གྱི་ཡུམ་གྱིས་གོང་མར་ཨོག་དཀར་གྱི་པགས་པའི་ན་བཟའ་ཕུལ་ཅིང་གཡས་གཡོན་གྱི་མི་རྣམས་ལ་བཀྱོན་ཏེ་ཕྱིར་ཕུད་ཐོག སྐུ་དངོས་ཀྱིས་གོང་མ་ཆིབས་རྟ་དང་བཅས་ཕེབས་སྐྱེལ་ཞུས། གོང་མས་ཞང་ཅི་རུ་བྱུང་བའི་དོན་དག་དེར་བསྡུར་ཚེ་རང་ཉིད་དབུ་འཕང་སྨད་པ་འགྲིག་པར་དགོངས་སམ་ཡང་ན་དབུ་འཕང་མ་སྨད་པ་འགྲིག་པར་དགོངས། གོང་མ་མཆོག་མུའུ་ཡུས་ལ་དབུ་སྨད་དམ་ཡང་ན་མུའུ་ཡུས་ཁོ་རང་གོང་མར་མགོ་སྨད་དམ”ཞེས་ཞུས། དེར་གོང་མས་ལི་ཁྲེང་དང་མ་སུའེ་ལ“ངོ་ཤེས་རྙིང་པ་སླར་ཡང་མི་འཕྲད་པ་ལེགས། ཁོ་བོས་ནམ་ཡང་ཡུ་གུར་ལ་ཞེ་འཁོན་བཅངས་ཡོད། ད་ལམ་ལི་པི་ཡིས་ཞང་ཅི་རུ་བྱུང་བའི་དོན་དག་གླེང་བ་ཐོས་རྗེས་ཁོ་བོར་བདེན་ལུགས་དེ་འདྲ་མེད་པ་རྟོགས། བློན་པོ་ཁྱོད་གཉིས་ཀྱིས་བལྟས་ན་ག་འདྲ་འདུག”ཅེས་དྲིས་པར། ལན་དུ“གལ་ཏེ་ལི་པིས་སྨྲས་པ་བདེན་ན་ནི་ཡུ་གུར་ལ་གུ་ཡངས་བཏང་ཆོག་པ་འདྲ”ཟེར། གོང་མས“བློན་པོ་ཁྱོད་གཉིས་ཀས་ཁོ་བོར་བདེན་སྐལ་མི་སྟེར་བས་ད་ནི་ཁོ་བོས་ག་འདྲ་བྱས་ན་ལེགས”གསུངས། ལི་པི་ན་རེ།  “བློན་པོ་ཕྲན་གྱིས་བལྟས་ན་ཡུ་གུར་ལ་ཞེ་འཁོན་བཅངས་དགོས་དོན་མི་འདུག ཞེ་འཁོན་བཅང་དགོས་པ་མ་གཞི་ནས་ཙའེ་ཞང་བློན་པོ་རེད། ད་ཆ་ཡུ་གུར་གྱི་ཁ་གན་གྱིས་མུའུ་ཡུས་བསད་ཅིང་། ཡུ་གུར་བས་རྒྱལ་ས་ཁྲང་ཨན་ཕྱིར་བླངས་པའི་བྱས་རྗེས་བཞག་ཡོད་པས་དེར་ཉེས་པ་ལ་ག་ཡོད། བོད་ཀྱིས་རང་རེའི་རྒྱལ་ཁབ་བྱུར་གོད་བྱུང་བའི་གླགས་དང་བསྟུན་ནས་ཧོ་ཞི་དང་ལུང་ཡིའུ་ཡི་ལེ་དབར་སྟོང་ཕྲག་གི་ས་འཕྲོག་པར་མ་ཟད། དམག་དཔུང་བཏང་ནས་རྒྱལ་ས་བླངས་པས་གོང་མ་སྔོན་མ་ཧྲའན་ཀྲོའུ་རུ་ཕེབས་ཏེ་སྐུ་ཚེགས་མྱང་དགོས་བྱུང་། དེར་འཁོན་ལན་ངེས་པར་དུ་གླན་དགོས། དེར་མ་ཟད་བོད་ཀྱི་བཙན་པོ་ད་ལྟའང་འཚོ་མུས་ཡིན། རང་རེའི་ཙའེ་ཞང་བློན་པོ་དག་གིས་གོང་མར་དེའི་སྐོར་མི་རྗོད་པར་བོད་དང་མཇལ་དུམ་གྱིས་ཡུ་གུར་བར་ཞེ་འཁོན་བཅངས་ནས་ཡུན་རིང་འགོར། དེའི་ཐོག་ད་ཡང་བོད་ཀྱིས་མཇལ་དུམ་ལ་ཞུགས་མཁན་རྣམས་བཟུང་བ་ཁོ་ཚོས་ཐོས་པས། ད་ལམ་ཡུ་གུར་དང་ཞི་འདུམ་དུ་ཕྱིན་ཚེ་ཡུ་གུར་བས་ཞི་འདུམ་ཁས་ལེན་ནམ། མཐའ་འཁོབ་མི་རིགས་དང་གད་མོ་སློང་བའི་རྒྱུ་རུ་མི་འགྱུར་རམ”གསུངས། ལན་དུ“དེ་འདྲ་མི་སྲིད། བློན་པོ་ཕྲན་སྔོན་དུས་སུ་ཕེང་ཡོན་དུ་སྡོད་དུས། ད་ལྟའི་ཁ་གན་འདི་ཧུའུ་ལུའུ་ཏུའུ་ཏུའུ་དམག་དཔོན་རེད། འདི་དང་ད་ལྟའི་ཙའེ་ཞང་བློན་པོ་པའེ་ཕོ་ཏི་བཅས་ཡེ་ཧུའུ་ཡི་ཞབས་ཕྱིར་འབྲངས་ཏེ་ཡོང་ཞིང་། བློན་པོ་ཕྲན་དང་ཁོའི་བར་དུང་ཞེན་ཟབ་མོ་ཡོད། དེར་བརྟེན་ཁོས་བློན་པོ་ཕྲན་ད་ཆ་ཙའེ་ཞང་བློན་པོ་ཡིན་པ་གསན་འཕྲལ་འདུམ་རྒྱུའི་རེ་བ་བྟོན་པ་ཡིན་པས་ཁས་མི་ལེན་པ་ག་ལ་སྲིད། བློན་པོ་ཕྲན་གྱིས་ཁོ་ཚོར་འཕྲིན་ཡིག་བསྐུར་ཏེ་གཤམ་ལྟར་གྲོས་དན་བཞག་ཆོག་པ་ཞུ། ཁོ་རང་གོང་མའི་བློན་དུ་ཁས་འཆེ་རྒྱུ། གོང་མའི་སྲས་སུ་ཁས་འཆེ་རྒྱུ། ཕོ་ཉ་གཏོང་ཐེངས་རེར་མི་ཉིས་བརྒྱ་ལས་མི་རྒལ་བ། རྟ་སྟོང་གཅིག་གི་ཡན་ཉོ་འཚོང་མི་བྱེད་པ། ཀྲུང་གོའི་མི་དང་ཧོར་གྱི་ཚོང་པ་རྒྱལ་ཁབ་ཕྱི་རུ་མི་འཁྲིད་རྒྱུ་བཅས་དོན་ལྔ་པོ་འདི་བརྩི་ཐུབ་ཚེ། ཞི་བས་འདུམ་རྒྱུ་གོང་མས་དགོངས་པ་འཁྲོལ་ངེས་ཡིན་ཞེས་བཀོད་ཆོག དེ་ལྟར་བྱུང་ཚེ་གོང་མའི་ཟིལ་ཤུགས་བྱང་མྱ་ངམ་ཐང་ལ་ཁྱབ་ཐུབ་པ་དང་ཞོར་དུ་བོད་ལ་འཇིགས་སྣང་བསྐྱེད་ཐུབ། དེས་གོང་མ་མཆོག་གིས་རྟག་པར་ཐུགས་ལ་བརྣག་པའི་དགོངས་དོན་དགའ་བས་འགྲུབ་ངེས་ལགས”ཞུས། གོང་མ་ན་རེ། “ཀྲི་ཏེ་ཁྲི་ལོའི་ཙུན་ནས། ཡུ་གུར་དང་རང་ཅག་སྤུན་མཆེད་རྒྱལ་ཁབ་ལྟ་བུ་ཡིན། ད་ཆ་གློ་བུར་དུ་ཁོ་ཚོ་བློན་པོ་བྱ་དགོས་ཞེས་ན་ཕ་རོལ་པོས་མཐུན་ལམ་འཛུགས་སྲིད་དམ”གསུངས་པར། དེའི་ལན་དུ“ཁོ་ཚོས་ཀྲུང་གོ་དང་མཐུན་ལམ་འཛུགས་འདོད་ནས་ཡུན་རིང་འགོར། ཁོ་ཚོའི་ཁ་གན་དང་ཙའེ་ཞང་བློན་པོ་དག་བློན་པོ་ཕྲན་གྱི་ངག་ལ་སྔར་ལས་ཡིད་ཆེས་པས་འཕྲིན་ཡིག་འདིས་གོ་མ་ཆོད་ཚེ་ཁོ་བོས་ཡང་བསྐྱར་ཡི་གེ་ཞིག་བཏང་བས་ཆོག”ཞུས་པས་གོང་མས་ཀྱང་དེ་བཞིན་གནང་།

དེ་ནས་ཡུ་གུར་གྱི་ཁ་དན་གྱིས་ཕོ་ཉ་མངགས་ཤིང་ཞུ་ཡིག་ཕུལ་ཏེ་རང་ཉིད་སྲས་དང་བློན་དུ་ཁས་འཆེས། ལི་པི་ཡིས་གྲོས་དན་འཇོག་རྒྱུར་བརྗོད་པའི་དོན་དག་ལྔ་པོ་ཚང་མ་ཁས་བླངས། གོང་མས་དགྱེས་ཚོར་ཆེན་པོས་ལི་པི་ལ“ཡུ་གུར་བ་བློན་པོ་ཁྱོད་ལ་དེ་ལྟར་སྐྲག་ཅིང་བཀུར་དོན་གང་ཡིན་ནམ”གསུངས་པར། ལན་དུ“དེ་ནི་གོང་མ་མཆོག་གི་ཟིལ་ཤུགས་དང་མཛངས་ཁྱད་ལ་བརྟེན་ནས་བྱུང་བ་ལས་བློན་པོ་ཕྲན་གྱི་ནུས་མཐུ་ག་ལ་ཡིན”ཞུས། གོང་མ་ན་རེ“ཡུ་གུར་དང་འདུམ་པར་གྱུར་ཟིན། ད་ཡུན་ནན་དང་། ཏ་ཟིག རྒྱ་གར་བཅས་ཇི་ལྟར་དགུག་དགོས་སམ”གསུངས་པར། ལན་དུ“ཡུ་གུར་དང་འདུམ་པར་གྱུར་པས་ད་ནི་བོད་ཀྱིས་རང་དགར་མཐའ་མཚམས་ལ་དམག་འདྲེན་མི་ཕོད། འདིའི་རྗེས་སུ་ཡུན་ནན་དགུག་དགོས། དེ་བཀུག་ཚེ་བོད་ཀྱི་དཔུང་པ་གཡོན་པ་བཅད་པ་ལྟ་བུ་ཡིན། ཡུན་ནན་ནི་ཧན་རྒྱལ་རབས་ཀྱི་རིང་ནས་ཀྲུང་གོའི་འབངས་སུ་མངའ་ན་ཡང་། དབྱང་ཀོ་ཀྲུང་གིས་དོན་མེད་དཀྲོགས་ཤིང་གཙེས་པས་ངོ་ལོག་སྟེ་བོད་ལ་མགོ་བཏགས་པ་རེད། བོད་ཀྱིས་དཔྱ་ཁྲལ་དང་འུ་ལག་ལྗིད་མོ་བཟོད་དཀའ་བས་རྟག་ཏུ་སླར་ཡང་ཐང་གི་བློན་དུ་གྱུར་ནས་བསམ་བཞིན་ཡོད། ནུབ་ཡུལ་དུ་ཏ་ཟིག་སྟོབས་ཤུགས་ཆེ་ཤོས་ཡིན། དེས་རི་བོ་ཚུང་ལིང35ནས་ནུབ་རྒྱུད་ཀྱི་རྒྱ་མཚོའི་བར་གྱི་ས་རྒྱ་ཆེན་པོ་སྟེ་གནམ་འོག་གི་ཕྱེད་ཙམ་བདག་གིར་བཟུང་ཡོད། ཏ་ཟིག་དང་རྒྱ་གར་ཚང་མས་ཀྲུང་གོར་སྨོན་ཞིང་མི་རབས་རྒྱུད་དུ་བོད་ཀྱི་སྡང་དགྲར་གྱུར། དེར་བརྟེན་བློན་པོ་ཕྲན་གྱིས་དེ་དག་འགུགས་ཐུབ་པ་རྟོགས”ཞེས་ཞུས།

ཚེས་བཅུ་གསུམ་གྱི་ཉིན། ཕོ་ཉར་ཡོང་བའི་ཡུ་གུར་གྱི་དམག་དཔོན་ཧོ་ཆུའེ་ཕྱིར་མངགས་ཤིང་། ཞན་ཨན་ཀོང་ཇོ་ཁ་གན་གྱི་བག་མར་སྟེར་རྒྱུ་ཁས་བླངས། ཡུ་གུར་གྱི་རྟ་རིན་ལ་དར་གོས་ཡུག་ལྔ་ཁྲི་བྱིན།

(བམ་པོ233པའི་ཤོག་ངོས11པ། 7501-7506)

བོད་དམག་གིས་ཧྭ་ཐིང་དང་ལེན་ཡུན་མཁར་རྫོང36ལ་དམག་དྲངས་ཏེ་ཕབ། ཚེས་ཉེར་བཞིའི་ཉིན། བོད་དམག་གིས་མཁར་དེ་གཉིས་ཀྱི་འབངས་མི་སྟོང་ཕྲག་འགའ་དང་། པིན་ཀྲོའུ་དང་ཅིང་ཀྲོའུ་ཡི་མི་ཕྱུགས་ཁྲི་ཙམ་དེད་ནས་ཐན་ཀྲེང་འགག37གི་ནུབ་རྒྱུད་དུ་བཞག ལེན་ཡུན་མཁར་རྫོང་ནི་ཅིང་ཀྲོའུ་མདུན་ཕྱོགས་ཀྱི་སོ་སྲུང་མཁར་རྫོང་ཡིན་པས།  མཁར་རྫོང་དེ་དགྲ་ལ་ཤོར་རྗེས་ཅིང་ཀྲོའུ་ཡི་ནུབ་སྒོ་དམ་པོར་བརྒྱབ་ནས་བསྲུངས། སྒོའི་ཕྱི་རོལ་གྱི་ས་ཐམས་ཅད་དགྲ་བོའི་ས་རུ་གྱུར་པས་བུད་ཤིང་ལེན་པའི་ལམ་ཡང་ཆད། ལོ་ལྟར་སྟོན་ཐོག་སྡུད་པའི་དུས་སུ་དམག་དཔུང་བསྒྲིགས་ཏེ་བསྲུང་དགོས་ཤིང་། ལོ་ཏོག་འབྲེག་སྡུད་ཀྱི་དུས་ལས་ཡོལ་གཤིས་སྙེ་མ་སྟོང་བ་བསྡུས་ནས་ཕྱིར་ལོག་དགོས་པ་མ་བྱུང་། དེར་བརྟེན་ཅིང་ཀྲུའུ་ལ་རྟག་པར་བཟའ་འབྲུས་མི་འདང་བར་གྱུར།

(བམ་པོ233པའི་ཤོག་ངོས11པ། 7506)

དགུན་ཟླ་བཅུ་པའི་ཚེས་བཞིའི་ཉིན། བོད་དམག་ཧྥིང་དབྱི་མཁར38ལ་དྲངས་ཤིང་མདུན་རུ་ཏ་ཧུའེ་ཡོན་དུ་སླེབས་པ་པིན་ཉིང་གི་ཅེ་ཏུའུ་ཧྲི་ཧན་ཡིའུ་ཀུའེ་ཡིས་འཐབ་ནས་ཕྱིར་བཟློགས། ཚེས་ལྔའི་ཉིན་བོད་དམག་ཡང་བསྐྱར་ཁྲང་ཝུའུ་མཁར39ལ་དྲངས་པ་དང་། དེ་ནས་ཡང་དེ་སྔའི་ཡོན་ཀྲུའུ་ལ་མཁར་བརྩིགས་ནས་བསྲུངས།

(བམ་པོ233པའི་ཤོག་ངོས12པ། 7506-7507)

ནམ་ཟླ་གྲང་ངར་ཆེ་བར་བརྟེན་བོད་ཀྱིས་དམག་མ་དྲངས་ཤིང་དམག་འབྲུ་ཡང་མ་འབྱོར། ཟླ་བཅུ་གཅིག་པར་གོང་མས་བཀའ་ཕབ་སྟེ་ཧུན་ཅན་ཧོ་ཀྲུང་དུ་བཀུག་པ་དང་། ལི་ཡོན་ལེང་ཞེས་པ་ཧྭ་ཀྲོའུ་རུ་ལོག་ཏུ་བཅུག ལིའུ་ཁྲང་ཞེས་པས་དེའི་དམག་དཔུང་ཁག་ཅིག་ཁྲིད་ནས་པེན་ཀྲོའུ40རུ་ལོག་པ་དང་། སྟོན་སྲུང་མཁན་གཞན་དག་ཧྥེང་ཞང་དང་རྒྱལ་སའི་ཁོངས་གཏོགས་ཀྱི་རྫོང་ཁག་ཏུ་ལོག་ནས་དེ་གར་དམག་འབྲུ་བསྡུས།

(བམ་པོ233པའི་ཤོག་ངོས12པ། 7507)

ཟླ་བཅུ་གཉིས་པར་ཧན་ཡིའུ་ཀུའེ་གོང་མའི་སྲིད་གཞུང་དུ་བཅར།

(བམ་པོ233པའི་ཤོག་ངོས13པ། 7508)

1_8 ཀྲེན་ཡོན་ཁྲི་ལོ་བཞི་པ། (སྤྱི་ལོ788པ)

(ཟླ་དང་པོ)ཚེས་ཉེར་གསུམ་གྱི་ཉིན། ཞོན་ཝུའུ་ཡི་བྱེས་སྒར་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ལིའུ་ཁྲང་ཞེས་པ་ཅིང་ཡོན་གྱི་ཅེ་ཏུའུ་ཧྲིར་བསྐོས། ཚེས་ཉེར་ལྔའི་ཉིན་ཀྲེན་ཀོ་ཡི་ཅེ་ཏུའུ་ཧྲི་ལི་ཡོན་ལེང་ཞེས་པ་ལུང་ཡིའུ་ཡི་ཅེ་ཏུའུ་ཧྲིར་བསྐོས། ལིའུ་ཁྲང་དང་ལི་ཡོན་ལེང་གཉིས་ཀས་དམག་མིའི་སྣེ་ཁྲིད་དེ་སོ་ནམ་བགྱིས་པས། ལོ་འགའི་ནང་དམག་རྒྱགས་ལྡེང་ངེས་བྱུང་བས་ཅིང་ཀྲོའུ་དང་ལུང་ཡིའུ་ས་ཆ་ཅུང་ཟད་ཞི་འཇགས་སུ་གྱུར།

(བམ་པོ233པའོ་ཤོག་ངོས14པ། 7509-7510)

ཧན་ཡིའུ་ཀུའེ་གོང་མའི་ཕོ་བྲང་དུ་སྐྱོད་དུས། ཅུན་དུ་སྡོད་མཁན་ཚོས་ཁོ་རང་ཕྱིར་མི་ལྡོག་ངེས་སྙམ་སྟེ་སྐྱེལ་རྫོངས་ཀྱང་ཡག་པོ་མ་བྱས། ཧན་ཡིའུ་ཀུའེ་གོང་མ་མཇལ་བའི་སྐབས་སུ་ཧྥིང་དབྱི་མཁར་བརྩིགས་ཚེ་བོད་དམག་འགོག་རྒྱུར་ཕན་ཚུལ་མང་དུ་ལབ། གོང་མ་དགྱེས་ཏེ་ཁོ་རང་ཕྱིར་དེ་གའི་འགོ་འདོམས་སུ་མངགས། དེ་བས་ཅུན་གྱི་མི་མང་པོ་སྐྲག་ཅིང་སེམས་ཁྲལ་ཆེ་བར་གྱུར། ཕ་ཡུལ་ཡུས་ཞང་རྫོང་ནས་ཡིན་པའི་ཏུའུ་ཡུས་ཧོའུ(རུ་སྒར་ཁྲིམས་བསྟར་དཔོན)ཧྥན་ཞི་ཁྲའོ་བྱས་རྗེས་དང་སྙན་གྲགས་ཆེ་ཞིང་མི་མང་གིས་གོང་དུ་བཀུར་བས་ཧན་ཡིའུ་ཀུའེ་མི་དགའ་བར་གྱུར། དེའི་ཉེས་སྐྱོན་ཞིག་འཚོལ་ཐབས་ཀྱིས་གསོད་རྩིས་བྱས་པ་ལ་ཧྥན་ཞི་ཁྲའོ་ཧྥེང་ཞང་དུ་བྲོས། དེར་གོང་མས་ཁོར་མཇལ་འཕྲད་གནང་སྟེ་གཡོན་རུའི་ཧྲེན་ཚེ་ཅུན་དུ་བཞག ཧན་ཡིའུ་ཀུའེ་ཡིས་དམག་དཔུང་ལ་འགོ་འདོམས་ཀྱིས་ཧྥིང་དབྱི་མཁར་རྩིག་རྩིག་བྱས་མོད་ཁྲེ་ཙེ་བཞི་ཙམ་རེ་བརྩིགས་མ་ཐག་ཞིག་པར་གྱུར།

(བམ་པོ233པའི་ཤོག་ངོས15པ། 7510)

(ཟླ་གཉིས་པ)ཞན་དབྱང་གི་མི་ཞིག་གིས་གོང་མར “བློན་པོ་ཕྲན་པའེ་ཆི41དང་ཕྲད་ཅིང་དེས་བདག་ལ‘རྒྱལ་ཁབ་ཀྱི་ཆེད་དུ་ཁོ་བོར་ནུབ་ཕྱོགས་ཀྱི་མཐའ་མཚམས་བསྲུང་དུ་འཇུག་པར་འཚལ། ཟླ་དང་པོའི་ནང་དུ་བོད་དམག་འབོར་ཆེན་ཡོང་ངེས་ཡིན་ཞིང་། ཁོ་བོས་རྒྱལ་ཁབ་ཀྱི་ཆེད་དུ་བོད་དམག་བཏུལ་ཏེ་ངས་སྐད་ཆ་འདི་བདེན་པ་ཡིན་ཚུལ་ར་སྤྲོད་རྒྱུ་ཡིན’ཞེས་བརྗོད་སོང”གསོལ། རིང་པོ་མ་འགོར་བར་བོད་དམག་དྲངས་པ་མཐའ་མཚམས་སྲུང་མཁན་དམག་དཔོན་གྱིས་ཕམ་སྟེ་རྒྱ་ཡུལ་མཐིལ་དུ་བརྟོལ་མ་ཐུབ།  གོང་མ་གཏམ་དེར་ཡིད་ཆེས་ཏེ་རྒྱལ་སར་པའེ་ཆིའི་ལྷ་ཁང་བཞེངས་ཏེ་དེར་སི་ཐུའུ་བློན་ཆེན་གྱི་གོ་གནས་སྩོལ་བར་དགོངས་པ་ན། ལི་པི་ན་རེ“བློན་པོ་ཕྲན་གྱིས་ཐོས་པ་ལྟར་ན‘རྒྱལ་ཁབ་དར་བའི་དུས་སུ་མི་ཡི་ངག་ལ་ཉན་དགོས’ཞེས་རྗོད་སྲོལ་ཡོད། ད་ལམ་བྱས་རྗེས་དམག་དཔོན་གྱིས་བཞག་ཀྱང་གོང་མ་ཁྱེད་ཀྱིས་པའེ་ཆི་ལ་གཟེངས་སྐྱེས་གནང་བས། བློན་པོ་ཕྲན་ནི་མཐའ་མཚམས་ཀྱི་བློན་པོ་རྣམས་གློ་བ་རིང་བར་དོགས། གལ་སྲིད་རྒྱལ་སར་དེའི་ལྷ་ཁང་བཞེངས་ཏེ་གསོལ་མཆོད་རྒྱ་ཆེན་པོ་བྱེད་པ་དང་། ཚུལ་དེ་ཕྱོགས་བཞིའི་སྐྱེ་བོ་རྣམས་ཀྱིས་ཐོས་ཚེ་ལྷ་གསོལ་འདྲེ་མཆོད་ཀྱི་སྲོལ་ངན་དར་བར་འགྱུར། ད་ལྟ་ཏུའུ་ཡིའུ42རུ་པའེ་ཆིའི་ལྷ་ཁང་རྙིང་པ་ཡོད།43 གོང་མས་ཧྥུ་དང་རྫོང་ལ་བཀའ་ཕབ་ནས་དེ་ཉམས་གསོ་བྱེད་དུ་བཅུག་ཚེ་ཟིང་འདྲོག་ཆེན་པོ་མི་འབྱུང་བར་འགྱུར། དེར་མ་ཟད་པའེ་ཆི་ནི་རྒྱལ་ཕྲན་གྱི་དམག་དཔོན་ཡིན་པས་དེར་གུང་གསུམ44གྱི་གོ་ཐོབ་བསྩལ་ན་འཚམ”ཟེར་བར། གོང་མ་བཞད་ཞོར་དུ“བློན་པོ་ཁྱོད་པའེ་ཆི་ལ་དཔོན་ཐོབ་སྩོལ་བར་ཡང་ཕངས་སམ”གསུངས། ལན་དུ“མི་དང་ལྷ་གཉིས་འདྲ་བ་ཡིན། གོང་མ་མཆོག་གིས་གོ་ཐོབ་ཅི་དགར་བསྩལ་ཚེ་ལྷ་ཡིན་ཡང་དེ་ཉིད་གཟི་བརྗིད་ཅིག་ཏུ་རྩི་མི་སྲིད”ཞུས་པས་གོང་མས་ཀྱང་དེའི་ངག་ལ་གསན།

(བམ་པོ233པའི་ཤོག་ངོས15པ། 7510-7511)

ལིའུ་ཁྲང་གིས་ལེན་ཡུན་མཁར་རྫོང་བསྐྱར་དུ་བརྩིགས།

(བམ་པོ233པའི་ཤོག་ངོས18པ། 7513)

(ཟླ་བཞི་པ)ཚེས་སུམ་ཅུའི་ཉིན། ལུང་ཡིའུ་ཡི་ཅེ་ཏུའུ་ཧྲི་ལི་ཡོན་ལེང་གིས་དེ་སྔའི་ལེང་ཡོན་མཁར་བསྐྱར་དུ་བརྩིགས་ཏེ་དེའི་འགོ་འདོམས་བྱས་ནས་བསྲུངས།

(བམ་པོ233པའི་ཤོག་ངོས18པ། 7513)

(ཟླ་ལྔ་པ)བོད་ཀྱི་རྟ་དམག་སུམ་ཁྲི་ལྷག་ཅིང་ཀྲོའུ་དང་། པིན་ཀྲོའུ། ཉིང་ཀྲོའུ། ཆིང་ཀྲོའུ། ཧྥུའ་ཀྲོའུ་སོགས་ལ་དྲངས། སྔོན་ཆད་བོད་ཀྱིས་རྟག་པར་སྟོན་དང་དགུན་གྱི་དུས་སུ་དམག་འདྲེན་པ་དང་། དཔྱིད་དུས་སུ་རིམས་ནད་མང་བས་ཕྱིར་འཐེན། འདིའི་སྐབས་སུ་ཐང་གི་མི་བཟུང་ཡོད་པ་དེ་དག་གི་ཆུང་མ་མི་གཏར་ཉར་ཐོག་བོད་ཀྱི་དམག་དཔོན་གྱིས་དེ་དག་གི་དམག་སྣེ་ཁྲིད་དེ་དབྱར་གཞུང་དུ་ཡང་དམག་འདྲེན། ཀྲོའུ་ཚང་མས་མཁར་བསྲུངས་ཏེ་སྡོད་རྒྱུ་ལས་འཐབ་ཕོད་མཁན་མ་བྱུང་བས་བོད་དམག་གིས་མི་ཕྱུགས་ཁྲི་ཕྲག་འཕྲོག་ནས་ཕྱིར་ལོག

(བམ་པོ233པའི་ཤོག་ངོས18པ། 7513)

(ཟླ་དྲུག་པ)བོད་ཀྱིས་མཐའ་མཚམས་སུ་དམག་དྲངས་པར་བརྟེན། ཧན་ཡིའུ་ཀུའེ་རང་དངོས་ཀྱིས་ཉིང་ཀྲོའུ་སྲུང་བཞིན་ཡོད། སྐབས་འདིར་ཁོར་ནད་བྱུང་བས་ཁོ་རང་ཕྱིར་ལྡོག་རྒྱུ་དང་ཁོའི་ཚབ་ཏུ་དམག་དཔོན་མངག་རྒྱུའི་འདུན་པ་གོང་ལ་ཞུས།

(བམ་པོ233པའི་ཤོག་ངོས18པ། 7513)

ཟླ་དགུ་པའི་ཚེས་བཅུ་དྲུག་གི་ཉིན། བོད་ཀྱི་དམག་དཔོན་ཞང་སྟོང་བཞེར་གྱིས་ཉིང་ཀྲོའུ་ལ་དམག་དྲངས་པ་ཀྲང་ཞན་ཧྥུ་ཡིས་འཐབ་སྟེ་ཕྱིར་བཟློགས། བོད་དམག་གིས་དམག་ཁ་བསྒྱུར་ཏེ་ཧྥུའ་ཀྲོའུ་དང་ཧྥའང་ཀྲོའུ་ལ་འཕྲོག་བཅོམ་བྱས་ནས་ལོག

(བམ་པོ233པའི་ཤོག་ངོས20པ། 7515)

ཐང་གིས་ཀོང་ཇོ་སྟེར་རྒྱུ་ཁས་བླངས་པ་ཐོས་པས་ཡུ་གུར་གྱི་ཁ་གན་ཧོ་ཀུའུ་ཏོ་ལུའུ་དགའ་སྤྲོ་ཆེན་པོ་སྐྱེས། རང་གི་སྲིང་མོ་ཀུའུ་ཏོ་ལུའུ་ཕི་ཅ་ཀོང་ཇོ་དང་། བློན་ཆེན་གྱི་ཆུང་མ། ཙའེ་ཞང་བློན་པོ། ཞེ་ཏེ་ཚོ་བའི45ཏུའུ་ཏུའུ་དམག་དཔོན་བཅས་ཀྱིས་འཁོར་ཆིག་སྟོང་ལྷག་ཁྲིད་ནས་ཁ་དུན་བསུ་རུ་འོངས།  ཞུ་ཡིག་ཏུ“སྔོན་དུས་སུ་སྤུན་མཆེད་དང་ད་ལྟར་མག་པ་དང་གྱོས་པོའི་འབྲེལ་བ་ཡིན་པས་ཁོ་བོ་གོང་མའི་སྲས་ཕྱེད་ཀར་བརྩིས་ཆོག གལ་ཏེ་བོད་ཀྱིས་ཡབ་ལ་གཙེས་ཚེ་བུ་བདག་གིས་བོད་དམག་རྩ་མེད་དུ་བཏང་ཆོག”ཅེས་གུས་ཉམས་ཆེན་པོ་བྱེད། བོད་ཀྱི་ཕོ་ཉར་སྡིགས་དམོད་བྱས་ཏེ་འབྲེལ་ཐག་བཅད། དགུན་ཟླ་བཅུ་པའི་ཚེས་བཅུ་བཞིའི་ཉིན་ཡུ་གུར་གྱི་ཕོ་ཉ་ཁྲང་ཨན་དུ་འབྱོར།  ཁ་གན་གྱིས་གོང་མར་ཡུ་གུར་གྱི་མིང་ཧོའེ་ཧོ་ཞེས་པས་ཧོའེ་ཧུའུ་རུ་བསྒྱུར་བའི་རེ་བ་ཞུས་པར་གོང་མས་ཀྱང་དེ་བཞིན་དགོངས་འཁྲོལ།46

(བམ་པོ233པའི་ཤོག་ངོས20པ། 7515)

བོད་ཀྱིས་དམག་མི་འབུམ་གཅིག་བཏང་ནས་ཞི་ཁྲོན་ལ་རྒོལ་རྩིས་བྱས་ཤིང་ཡུན་ནན་གྱི་དམག་ཀྱང་དམག་རོགས་སུ་སྦྲན། ཡུན་ནན་གྱིས་སེམས་ཁོང་ནས་ཐང་ལ་སྐྱབས་བཅོལ་ཀྱང་ཕྱི་ཚུལ་དུ་ད་དུང་བོད་ལ་ངོ་ལོག་མ་ཕོད་པར་ཡོད་པས་དམག་ཁྲི་འགའ་བཏང་ནས་ལུའུ་ཆུའི47བྱང་རྒྱུད་དུ་སྒར་བཏབ། ཝེ་ཀའོ་ཡིས་ཡུན་ནན་ད་དུང་སོམ་ཉིའི་ངང་ལ་གནས་པ་རྟོགས་ནས་འཕྲིན་ཡིག་ཅིག་བྲིས་ཏེ་ཡུན་ནན་གྱི་རྒྱལ་པོར་སྐུར་བའི་ཁུལ་བྱས། འཕྲིན་ཡིག་ནང་དུ་ཁོ་ཚོས་བོད་ལ་བརྒྱབ་བསྟན་པ་བདེན་ཐུབ་རྣམ་དག་ཡིན་ཚུལ་སྐོར་བྲིས། དེ་དངུལ་གྱི་སྒྲོམ་བུའི་ནང་བཅུག་ཐོག་ཤར་ཕྱོགས་ཀྱི་མྱྭ་བརྒྱུད་ནས་བོད་ཀྱི་ལག་ཏུ་ཆུད་པར་བྱས། བོད་ཀྱིས་དེར་བརྟེན་ནས་ཡུན་ནན་ལ་དོགས་པ་སྐྱེ་འགོ་ཚུགས་ཤིང་། དམག་མི་ཉིས་སྟོང་ཧུའེ48ཁྲོན་བསྲུང་དུ་མངགས་ཏེ་ཡུན་ནན་ནས་ཧྲུའུ་ལ་འགྲོ་བའི་ལམ་བཅད་པས། ཡུན་ནན་པ་རྣམས་ཁྲོས་ཏེ་དམག་དཔུང་ཁྲིད་ནས་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག  དེའི་རྐྱེན་གྱིས་ཡུན་ནན་དང་བོད་ཀྱི་བར་དོགས་པ་དང་འགལ་བ་ཆེན་པོ་བྱུང་ནས་ཐང་ལ་སྐྱབས་འཆོལ་རྒྱུའི་འདུན་པ་སྔར་ལས་བརྟན་པར་འགྱུར། ཡུན་ནན་གྱི་དཔུང་རོགས་མེད་པར་གྱུར་གཤིས་བོད་ཀྱི་དཔུང་ཤུགས་ཉམས་ཞན་དུ་འགྲོ་འགོ་ཚུགས། དེ་ལྟ་ན་ཡང་དམག་དྲངས་ཚར་བས་དམག་མི་ཁྲི་བཞི་ལེང་ལིན49དང་པིའོ་ཕང50ཞེས་པའི་ཚོ་བ་གཉིས་ལ་རྒོལ་དུ་བཏང་བ་དང་། དམག་མི་སུམ་ཁྲི་ཤར་ཕྱོགས་ཀྱི་མྱྭ་ལ་རྒོལ་དུ་བཏང་། དམག་མི་བདུན་སྟོང་ཆིང་ཞི་འགག་ཅེས་པར་དྲངས། དམག་མི་ལྔ་སྟོང་ཐུང་ཧྲན51ལ་རྒོལ་དུ་བཏང་། ཝེ་ཀའོ་ཡིས་ལི་ཀྲོའུ་ཡི་ཚི་ཧྲི་དཔོན་ཝེ་ཅིང་སོགས་དང་ཤར་ཕྱོགས་ཀྱི་མྱྭ་མཉམ་སྡེབ་ཀྱིས་བོད་དམག་འགོག་ཏུ་བཏང་ནས་ཆིང་ཞི་འགག་གི་ཕྱི་རོལ་དུ་བོད་དམག་ཕམ།

(བམ་པོ233པའི་ཤོག་ངོས20པ། 7515-7516)

(ཟླ་བཅུ་གཅིག་པ)དེ་སྔོན་དམག་ཕམ་པར་བོད་ཁ་སྐྱེངས་ཏེ་ཡང་བསྐྱར་དམག་མི་ཉིས་ཁྲི་ཆིང་ཞི་འགག་ལ་རྒོལ་དུ་ཆས་པ་དང་། དམག་མི་ཆིག་ཁྲི་ཤར་ཕྱོགས་ཀྱི་མྱྭ་ལ་རྒོལ་དུ་ཆས། ཝེ་ཀའོ་ཡིས་ཝེ་ཅིང་ལ་ཡའོ་ཁྲུང་མཁར52བསྲུང་བའི་བཀའ་ཕབ་པ་དང་དམག་དཔུང་ལ་ལྟ་སྐུལ་བགྱིས་ཏེ་བོད་དམག་བཀག སོས་ཀྲོའུ་ཡི་ཅིང་ལུའེ་ཧྲི(གཙོ་སྐྱོང་པ)ཡི་གོ་ཐོབ་ཅན་ལིའུ་ཁྲའོ་ཚའེ་འགག་སྒོ་ལས་ཐོན་ཏེ་ཚེས་བཅུ་གཅིག་གི་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་བསྟུད་མར་འཐབ་པས་བོད་དམག་ལ་ཕམ་ཁ་ཆེན་པོ་བྱུང་།

(བམ་པོ233པའི་ཤོག་ངོས21པ། 7516)

བོད་ཀྱིས་ཐེངས་དུ་མར་མི་མངགས་ནས་ཡུན་ནན་ལ་སླུ་བྲིད་དང་འཇིགས་སྣང་བསྐུལ།

1_9 ཀྲེན་ཡོན་ཁྲི་ལོ་ལྔ་པ། (སྤྱི་ལོ789པ)

དཔྱིད་ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན། ཝེ་ཀའོ་ཡིས་དབྱི་མུའུ་ཞུན་ལ་འཕྲིན་ཡིག་སྤྲིངས་ཏེ“ཡུ་གུར་གྱིས་གོང་མར་ཞབས་ཏོག་ཞུས་ཏེ་ལྷན་དུ་བོད་འདུལ་རྒྱུའི་རེ་བ་ཐེངས་མང་ཞུས་སོང་། རྒྱལ་པོ་ཁྱོད་ཀྱིས་སྔ་མོ་ནས་ཇུས་ཐག་མ་བཅད་པར་བརྒྱ་ལ་ཡུ་གུར་སྔོན་ལ་ཤོར་ཚེ། རྒྱལ་པོ་ཁྱོད་ཀྱི་མི་རབས་དུ་མའི་རིང་གི་མཚན་སྙན་གྲགས་དང་ཐོབ་གོ་ས་དོན་མེད་དུ་འཆོར་བར་འགྱུར། དེར་མ་ཟད་ཡུན་ནན་ལ་དུས་ཡུན་རིང་པོར་བོད་ཀྱི་གཉའ་གནོན་དང་བརྙས་བཅོས་ཐེབས་མྱོང་བས། ད་རེས་ཀྱི་གོ་སྐབས་དང་བསྟུན་ནས་ཐང་རྒྱལ་ཁབ་ཆེན་པོའི་སྟོབས་ཤུགས་ལ་བརྟེན་ཏེ་འཁོན་ལན་སློག་པ་དང་ངོ་ཚ་འདག་པར་མ་བྱས་ཚེ་ཕྱིས་སུ་འགྱོད་ཀྱང་འཕྱིས་དྲགས”ཞེས་བརྗོད།

(བམ་པོ233པའི་ཤོག་ངོས22པ། 7517)

དགུན་ཟླ་བཅུ་པར། ཝེ་ཀའོ་ཡིས་རང་འོག་དམག་དཔོན་ཚའོ་ཡིའུ་ཏའོ་ལ་དམག་དཔུང་འཁྲིད་དུ་བཅུག་ནས་ཤར་ཕྱོགས་ཀྱི་མྱྭ་དང་ལེང་ལིན་མྱྭ་དང་བསྡོངས་ནས་སོས་ཀྲོའུ་ཡི་ཐའེ་ཏེང་གྲོག་མོར53བོད་ཀྱི་མཚོ་སྔོན་པོ་དང་ལ་ཁྲེང་གི་ཅེ་ཏུའུ་ཧྲི་གཉིས་དང་འཐབ། བོད་དམག་ཆེར་ཕམ་ཞིང་མི་ཉིས་སྟོང་གི་མགོ་བཅད། གཡང་ལ་ལྕེབས་པ་དང་ཆུར་དིམ་ནས་ཤི་བ་བགྲང་གིས་མི་ལང་། བོད་ཀྱི་དམག་རྟའི་འགོ་འདོམས་པ་ཆེན་མོ་ཆི་གཙང་ཀྲེ་ཀྲེ་བསད། ཁོ་ནི་བོད་ཀྱི་དམག་དཔོན་རྟུལ་ཕོད་ཅན་ཞིག་ཡིན། དེ་ཤི་རྗེས་ཝེ་ཀའོ་ཡིས་མཁར་གང་ལ་དམག་དྲངས་ཀྱང་ལེན་མི་ཐུབ་པ་མེད་པར་གྱུར། ལོ་འགའི་ནང་སོས་ཀྲོའུ་ཡི་ས་མཐའ་དག་ཕྱིར་བླངས།

(བམ་པོ233པའི་ཤོག་ངོས24པ། 7519)

ཟླ་བཅུ་གཉིས་པའི་ཚེས་གསུམ་གྱི་ཉིན། ཡུ་གུར་གྱི་ཁ་གན་ཐེན་ཆིན་འདས་ཚུལ་གྱི་བརྡ་འབྱོར། ཚེས་བཅུ་གཅིག་གི་ཉིན་ཧུང་ལུའུ་ཆིང(མགྲོན་གཉེར་དཔོན་པོ)གི་གོ་ཐོབ་ཅན་ཀོ་ཧྥེང་མངགས་ནས་དེའི་བུ་ཁ་གན་དུ་བསྐོས། མིང་ལ་ཏེང་ལི་ལོ་མོ་སྨི་ཧྲི་ཅུས་ལུའུ་ཀྲུང་ཀྲེང་ཕི་ཅ་ཁ་གན་ཞེས་སུ་གསོལ། སྔོན་ཆད་ཨན་ཞི་དང་པེ་ཐིང་གཉིས་ཀས་ཡུ་གུར་བརྒྱུད་ནས་ཞུ་ཡིག་འབུལ་དུ་ཡོང་དགོས་པས་ཡུ་གུར་དང་མཐུན་ལམ་བཙུགས་ཡོད། པེ་ཐིང་ཡུ་གུར་དང་ལྷག་པར་ཉེ་གཤིས་ཡུ་གུར་གྱིས་དེ་ལས་མཚམས་མེད་པར་རྒྱུ་ནོར་འཚིར་ལེན་བྱེད་ཀྱི་ཡོད། ད་དུང་ཧྲ་ཐོ་ཚོ་བའི་དུད་ཁྱིམ་དྲུག་སྟོང་ལྷག་པེ་ཐིང་དང་འབྲེལ་ནས་ཡོད་ཅིང་། གར་ལོག་ཚོ་བ་གསུམ་དང་གོས་དཀར་གྲུ་གུས་ཡུ་གུར་ལ་མགོ་བཏགས་རྗེས་ཡུ་གུར་གྱིས་ཐེངས་དུ་མར་དེ་དག་ལ་བཙན་འཛུལ་དང་འཕྲོག་བཅོམ་བྱས། དེར་བོད་ཀྱིས་གར་ལོག་དང་གོས་དཀར་གྲུ་གུ་ངོ་ལོག་པའི་གླགས་དང་བསྟུན་ནས་པེ་ཐིང་ལ་དཔུང་འཇུག་བྱས་པར། ཡུ་གུར་གྱི་ཙའེ་ཞང་བློན་ཆེན་ཅེ་ཀན་ཅ་སིས་དམག་ཁྲིད་དེ་པེ་ཐིང་གི་དཔུང་རོགས་སུ་འོངས།

(བམ་པོ233པའི་ཤོག་ངོས24པ། 7520)

ཡུན་ནན་བོད་ལ་གློ་བ་རིང་བར་གྱུར་ཀྱང་བོད་དང་ཁ་གསལ་ངོ་གསལ་གྱིས་འབྲེལ་ཐག་གཅོད་མ་ཕོད་པས། ཚེས་ཉེར་ལྔའི་ཉིན་ཝེ་ཀའོ་ཡིས་ཡང་བསྐྱར་འཕྲིན་ཡིག་བཏང་ནས་འགུགས་ཐབས་བྱས།

(བམ་པོ233པའི་ཤོག་ངོས25པ། 7520)

1_10 ཀྲེན་ཡོན་ཁྲི་ལོ་དྲུག་པ།(སྤྱི་ལོ790པ།)

(ཟླ་གསུམ་པ)ཡུ་གུར་གྱི་ཁ་གན་ཀྲུང་ཀྲེན་གྱི་ནུ་བོས་ཀྲུང་ཀྲེན་བསད་དེ་རང་ཉིད་ཁ་གན་བྱས། ཙའེ་ཞང་བློན་ཆེན་ཅེ་ཀན་ཅ་སི་བོད་ལ་འཐབ་ཏུ་སོང་ནས་ཕྱིར་ལོག་མེད་པ་ལ། དབྱར་ཟླ་བཞི་པར། ཙའེ་ཞང་བློན་ཆེ་འོག་མས་མི་མང་གི་སྣེ་ཁྲིད་དེ་རྒྱལ་སྲིད་འཕྲོག་མཁན་བསད། ལོ་ན་བཅོ་ལྔར་སོན་པའི་ཀྲུང་ཀྲེན་གྱི་བུ་ཨ་ཁོ་གན་དུ་བཀུར།

(བམ་པོ233པའི་ཤོག་ངོས25པ། 7521)

(ཟླ་ལྔ་པ)ཡུ་གུར་གྱི་ཅེ་ཀན་ཅ་སིས་བོད་དམག་དང་འཐབ་སྟེ་ཕམ་ཁ་ཐེབས་པས། བོད་དམག་གིས་འཕྲལ་མར་པེ་ཐིང་ལ་དཔུང་འཇུག་བྱས། པེ་ཐིང་གི་མི་རྣམས་ལ་ཡུ་གུར་གྱིས་གསོད་འཕྲོག་བྱས་ཏེ་སྡུག་ལ་གཏད་ཡོད་པས་ཧྲ་ཐོ་ཚོ་བའི་ཚོ་དཔོན་ཀྲུའུ་ཡེ་ཅིན་ཀྲུན་དང་ལྷན་དུ་བོད་ལ་མགོ་བཏགས། པེ་ཐིང་གི་ཅེ་ཏུའུ་ཧྲི་དབྱང་ཞི་ཀུའུ་བྱ་བས་མངའ་འོག་གི་མི་ཉིས་སྟོང་ཁྲིད་ནས་ཞི་ཀྲོའུ་རུ་བྲོས། ཟླ་དྲུག་པར་ཅེ་ཀན་ཅ་སིས་དམག་དཔུང་ཁྲིད་ནས་རང་གི་རྒྱལ་ཁབ་ཏུ་ལོག་པ་ན། ཙའེ་ཞང་བློན་ཆེ་འོག་མས་དེས་ཁ་གན་གྱི་གོ་གནས་དབབ་པར་དོགས་ནས་ཁ་གན་དང་ལྷན་དུ་ཕྱི་རུ་བསུ་བར་ཕྱིན། ལུས་པོ་སར་ཕབ་སྟེ་རང་དགར་ཁ་གན་ཁྲིར་བཀོད་ཚུལ་བརྗོད་ཅིང“དེ་རིང་ཙའེ་ཞང་བློན་ཆེན་ཁྱོད་ཀྱིས་གསོད་པའམ་གསོན་དུ་འཇུག་པ་གང་གནང་ཡང་རུང”ཞེས་ཀོ་ཧྥེང་གིས་ཐང་གི་བཀའ་ཡིག་ཁྱེར་འོངས་ཚུལ་ཞིབ་ཏུ་བརྗོད་ཅིང་བཀའ་ཡིག་སོགས་ཚང་མ་ཕུལ། ཁ་གན་གྱིས་ཀྱང་ཕྱག་བཙལ་ཅིང་ངུ་བཞིན་དུ་བུ་ང་བླུན་ཞིང་ལོ་ན་ཆུང་། ལས་སྐལ་ལེགས་ནས་ཁ་གན་དུ་སྡོད་ཆོག་པ་བྱུང་ཚེ་ཨ་ཏེ་ཁྱེད་ཉིད་ལ་བརྟེན་རྒྱུ་ལས་འོས་ཅི། ཁོ་བོས་རྒྱལ་སྲིད་ལ་ནི་ཐེ་ཇུས་མི་བྱེད་མི་ཕོད་ཟེར། བྱང་ཕྱོགས་ཀྱི་མིས་ཕ་ལ་ཨ་ཏེ་ཞེས་འབོད་པ་ཡིན། ཅེ་ཀན་ཅ་སིས་ཁོ་རང་གཉོད་ཆུང་བའི་ཚུལ་དེ་མཐོང་སྟེ་ལག་པས་འཇུས་ནས་ངུས། དེ་ནས་བློན་པོའི་ལུགས་ཀྱི་གུས་ཕྱག་ཕུལ། ཐང་གིས་བསྩལ་བའི་ལེགས་སྐྱེས་མཐའ་དག་འཁོར་རྣམས་ལ་བྱིན་ཏེ་རང་གིས་ཅི་ཡང་མ་བླངས། དེ་ནས་བཟུང་རྒྱལ་ཁབ་ནང་ཞི་འཇགས་ཅུང་ཟད་བྱུང་།

སྟོན་ཁར། ཅེ་ཀན་ཅ་སིས་རྒྱལ་ཁབ་ཧྲིལ་པོའི་དམག་མི་ཁྲི་འགའ་ཁྲིད་དེ་པེ་ཐིང་ལེན་དུ་ཕྱིན་ཀྱང་ཡང་བསྐྱར་བོད་དམག་གིས་ཕམ། དམག་མི་ཕྱེད་ལས་བརྒལ་བ་ཤི། དབྱང་ཞི་ཀུའུ་ཡིས་དམག་མི་ལྷག་འཕྲོ་བརྒྱ་ཕྲག་འགའ་སྡུད་རུབ་ཀྱིས་ཞི་ཀྲོའུ་རུ་ལོག་རྩིས་བྱས་པར། ཅེ་ཀན་ཅ་སིས་ཁོར“ཁོ་བོ་དང་ལྷན་དུ་གུར་གྱི་ནང་དུ་བསྐྱོད་པར་ཞུ”ཞེས་བསླུས་ནས་ཁྲིད་པ་དང་ཕྱིར་ལོག་ཏུ་མ་བཅུག་པར་བསད། དེ་ནས་བཟུང་ཨན་ཞི་དང་གོང་མའི་སྲིད་གཞུང་བར་འགྲིམ་འགྲུལ་ཆད་དེ་ཨན་ཞི་ཐང་གི་དབང་འོག་ཏུ་ཡོད་མེད་ཀྱང་མི་ཤེས་པར་གྱུར། ཞི་ཀྲོའུ་ནི་ད་དུང་ཡང་ཐང་གིས་བརྟན་པོར་བསྲུངས་ཡོད།

(བམ་པོ233པའི་ཤོག་ངོས26པ། 7521-7522)

1_11 ཀྲེན་ཡོན་ཁྲི་ལོ་བདུན་པ། (སྤྱི་ལོ791པ )

(ཟླ་གཉིས་པ)ཚེས་བདུན་གྱི་ཉིན། ཐན་ཀྲེང་འགག་བསྲུང་བའི་ཆེད་དུ་གོང་མས་ཅིང་ཡོན་གྱི་ཅེ་ཏུའུ་ཧྲི་ལིའུ་ཁྲང་ལ་ཕིང་ཕེང་གི་སྔོན་གྱི་མཁར་བརྩིག་དགོས་པའི་བཀའ་ཕབ། ཉིན་བཅུ་གཉིས་ཀྱི་ནང་མཁར་བརྩིགས་ནས་གྲུབ་ཅིང་དམག་མི་མངགས་ནས་བསྲུངས། དེའི་རྗེས་ལིའུ་ཁྲང་གིས་ཡང་ཁྲའོ་ཀུའུ་མཁར་རྫོང54ཞེས་པ་བརྩིགས། ཟླ་གསུམ་པའི་ཚེས་བཞིའི་ཉིན། གོང་མས་བཀའ་ཡིག་བཏང་ནས་དེའི་མིང་ཀྲང་ཞིན་མཁར་རྫོང་ཞེས་སུ་བཏགས། དེ་ནས་ཅིང་ཡོན་ས་ཆ་ཅུང་ཞི་འཇགས་བྱུང་།

(བམ་པོ233པའི་ཤོག་ངོས27པ། 7523)

(ཟླ་ལྔ་པ)ཝེ་ཀའོ་ཡིས་ཡུན་ནན་གྱི་རྒྱལ་པོ་དབྱི་མུའུ་ཞུན་འགུགས་པའི་ཆེད་དུ་ལོ་ལྟར་ཁོར་འཕྲིན་ཡིག་སྤྲིངས་མོད་འཕྲིན་ལན་རྩ་བ་ནས་མ་འབྱོར། འོན་ཀྱང་བོད་ཀྱིས་ཡུན་ནན་གྱི་དམག་དཔུང་གཏོང་ཐེངས་རེར་ཡུན་ནན་གྱི་དམག་གྲངས་ཉུང་ནས་ཉུང་དུ་འགྲོ་བས། ཝེ་ཀའོ་ཡིས་དབྱི་མུའུ་ཞུན་གྱི་བློ་ཁ་ཐང་ལ་ཕྱོགས་ཡོད་པ་ཚོར། ཐའོ་ཅོ་ཧྲི(བཀས་མངགས་དགྲ་འདུལ་དམག་དཔོན)གཞོན་པ་ཏོན་ཀྲུང་དབྱི་སྔོན་དུས་སུ་ཀག་ལ་བོང་གི་ཕོ་ཉ་བྱས་མྱོང་བས། ཟླ་དྲུག་པའི་ཚེས་བདུན་གྱི་ཉིན། ཝེ་ཀའོ་ཡིས་ཏོན་ཀྲུང་དབྱི་ཡུན་ནན་དུ་ལོག་ཏུ་བཅུག་པ་དང་སྦྲགས་འཕྲིན་ཡིག་བཏང་ནས་སྐུལ་ལྕག་བཏང་།

(བམ་པོ233པའི་ཤོག་ངོས28པ། 7524)

(ཟླ་བརྒྱད་པ)བོད་ཀྱིས་ལིང་ཀྲོའུ་ལ་དཔུང་འཇུག་བྱས་ཀྱང་ཡུ་གུར་གྱིས་ཕམ་པས་མཚན་མོ་ཕྱིར་བྲོས། ཟླ་དགུ་པར་ཡུ་གུར་གྱིས་ཕོ་ཉ་མངགས་ཏེ་བོད་ཀྱི་བཟུང་དམག་ཕུལ། དགུན་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན་སླར་ཡང་ཕོ་ཉ་མངགས་ཏེ་དམག་ཐོག་ཏུ་བཟུང་བའི་བོད་ཀྱི་ཚོ་དཔོན་ཞང་རྒྱལ་སུམ་ཞེས་པ་ཕུལ།

(བམ་པོ233པའི་ཤོག་ངོས29པ། 7524-7525)

བོད་ཀྱིས་ཝེ་ཀའོ་ཡི་ཕོ་ཉ་ཡུན་ནན་དུ་ཡོད་པ་རྟོགས་ཏེ་མི་མངགས་ཏེ་ཐ་ཚིག་བསྒྲགས། ཡུན་ནན་གྱི་རྒྱལ་པོ་དབྱི་མུའུ་ཞུན་ན་རེ། “ཐང་གི་ཕོ་ཉ་དེ་མ་གཞི་ནས་མྱྭ་པ་ཡིན། ཝེ་ཀའོ་ཡིས་དེ་རང་གི་ཕ་ཡུལ་ལ་ལོག་ཏུ་བཅུག་པ་ཙམ་ལས་ཐབས་བྱུས་གཞན་ཅི་ཡང་མེད”ཅེས་མགོ་བསྐོར་ཅིང་མི་གཞན་ཞིག་དེ་ཡིན་ཁུལ་གྱིས་བཟུང་ནས་བོད་ལ་འཁྱེར་དུ་བཅུག བོད་ཀྱིས་ནན་ཀྲའོ་ཡི་བློན་ཆེན་གྱི་བུ་མང་པོ་མི་གཏར་ཉར་བས་ཡུན་ནན་གྱི་མི་རྣམས་བོད་ལ་སྔར་བས་སྡང་བར་གྱུར།

ཝུའུ་ཏེང་ཚོ་བའི55དཔོན་པོ་ཅུས་མེང་ཁྲུང་ཞེས་པ་བོད་དང་ལྐོག་འབྲེལ་གྱིས་མྱྭའི་ཚོ་བ་ཁག་སླུ་བྲིད་དང་ཡུན་ནན་གྱི་ཕོ་ཉ་འགོག་ཐབས་བྱས་པར། ཝེ་ཀའོ་ཡིས་ཚོ་བ་གསུམ་གྱི་སྤྱི་འདོམས་པ་སུའུ་ཝེ་ལ་དམག་དཔུང་འཁྲིད་དུ་བཅུག་སྟེ་ཕི་ཕ་ཁྲོན56དུ་བཏང་།

(བམ་པོ233པའི་ཤོག་ངོས29པ། 7525)

1_12 ཀྲེན་ཡོན་ཁྲི་ལོ་བརྒྱད་པ།(སྤྱི་ལོ792པ)

དཔྱིད་ཟླ་གཉིས་པའི་ཚེས་བཅུ་བདུན་གྱི་ཉིན། སུའུ་ཝེ་ཡིས་ཅུས་མེང་ཁྲུང་འཇུས་ཤིང་ཁོའི་ཉེས་པ་བགྲངས་ཏེ་སྲོག་ཐོག་ཏུ་བཏང་། དེ་ནས་བཟུང་ཡུན་ནན་དང་ཐང་གི་འབྲེལ་ལམ་སོར་ཆུད་པར་གྱུར།

(བམ་པོ234པའི་ཤོག་ངོས་དང་པོ། 7526)

(ཟླ་བཞི་པ)ཚེས་ཉེར་བརྒྱད་ཀྱི་ཉིན་བོད་དམག་ལིང་ཀྲོའུ་ལ་དྲངས། ཧྲུའེ་ཁོའུ་ཞེས་པའི་ཡུར་བ་བཤིགས་ཤིང་དམག་དཔུང་གི་ཞིང་ས་བརླགས། གོང་མས་ཧོ་ཏུང་དང་ཀྲེན་ཝུའུ་ཡི་དམག་དཔུང་ལ་དེ་ཕྱིར་ལེན་པའི་བཀའ་ཕབ་ཅིང་། ཧྲེན་ཚེ་ཅུན་དྲུག་གི་དམག་མི་ཉིས་སྟོང་ཏིང་ཡོན་མཁར57དང་ཧོའེ་ཡོན་མཁར58བསྲུང་དུ་བཏང་བས་བོད་དམག་ཕྱིར་ལོག

(བམ་པོ234པའི་ཤོག་ངོས5པ། 7530-7531)

ཟླ་དྲུག་པར། བོད་ཀྱི་རྟ་དམག་ཆིག་སྟོང་ལྷག་ཅིང་ཀྲོའུ་ལ་དྲངས་ཏེ་སོ་ནམ་བྱེད་པའི་དམག་མི་ཆིག་སྟོང་ལྷག་བཟུང་ནས་ལོག

(བམ་པོ234པའི་ཤོག་ངོས7པ། 7532)

(ཟླ་བརྒྱད་པ)ཝེ་ཀའོ་ཡིས་ཝི་ཀྲོའུ་ལ་དམག་དྲངས་ཏེ་དེའི་དམག་དཔོན་ཆེན་མོ་བློན་བཙན་བཞེར་བཟུང་།

(བམ་པོ234པའི་ཤོག་ངོས8པ། 7534)

(ཟླ་བཅུ་གཅིག་པ)བོད་དང་ཡུན་ནན་བར་གྱི་བློ་དོགས་ཉིན་ལྟར་ཆེ་རུ་སོང་། ཡུན་ནན་གྱི་དམག་དཔུང་ས་མཚམས་སུ་སླེབས་ཐེངས་རེར་བོད་ཀྱིས་ཀྱང་དེ་མུར་དམག་དཔུང་གཏོང་། ངག་ནས་དེར་གཞོགས་འདེགས་བྱེད་པ་ཡིན་ཞེས་བརྗོད་ཀྱང་དོན་དམ་པར་ནི་གྲབས་ཟོན་བྱེད་པ་རེད། ཚེས་བཅུའི་ཉིན་ཝེ་ཀའོ་ཡིས་སླར་ཡང་ཡུན་ནན་གྱི་རྒྱལ་པོར་འཕྲིན་ཡིག་སྤྲིངས་ནས་མཉམ་དུ་བོད་ལ་ཕར་རྒོལ་བྱས་ཏེ་བོད་དམག་རི་བོ་ཡུན་ལིང་གི་ཕ་རོལ་དུ་སྐྲོད་པ་དང་། བོད་ཀྱི་མཁར་རྫོང་ཚང་མ་བཤིགས་ཐོག  ཐང་དང་ཡུན་ནན་གཉིས་ཀྱི་ས་མཚམས་ཁོ་ནར་མཁར་གཅིག་བརྩིག་རྒྱུ་དང་། དེར་དམག་དཔུང་བཞག་ཅིང་སོ་སོར་བསྲུངས་ཏེ་གཏན་ནས་གཏན་དུ་ཁྱིམ་ཚང་གཅིག་ལྟར་གནས་རྒྱུའི་སྐོར་བརྗོད།

(བམ་པོ234པའི་ཤོག་ངོས11པ། 7537)

ཚེས་བཅུ་དགུའི་ཉིན། ཧྲན་ནན་ཏའོ་ནུབ་མའི་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཡན་ཀྲེང་གིས་ཧྥང་ཀྲོའུ་དང་ཧེ་ཧྲུའེ་མཁར་རྫོང59དུ་བོད་དམག་ཕམ་ཚུལ་སྐོར་ཞུས།

(བམ་པོ་234པའི་ཤོག་ངོས12པ། 7538)

1_13 ཀྲེན་ཡོན་ཁྲི་ལོ་དགུ་པ། (སྤྱི་ལོ793པ)

(ཟླ་གཉིས་པ)སྔར་ཡན་ཀྲོའུ་བོད་ལ་ཤོར་རྗེས། ས་མཚམས་ཀྱི་རྒྱབ་རོལ་དུ་བཀག་རྒྱ་མེད་པར་གྱུར་པས་བོད་དམག་གིས་རྟག་པར་ལིང་ཝུའུ་ཡི་འགྲོ་ལམ་བཀག་སྡོམ་བྱས་ཐོག་ཧྥུའ་ཧྥའ་ལའང་གཙེ་ཞིང་རྒོལ། ཚེས་བཅུ་གཉིས་ཀྱི་ཉིན། གོང་མས་དམག་མི་སུམ་ཁྲི་ལྔ་སྟོང་བཏང་ནས་ཡན་ཀྲོའུ་ཡི་མཁར་བརྩིགས་ཏེ་བསྲུང་དགོས་པའི་བཀའ་ཕབ་པ་དང་། དེ་ནས་ཡང་ཅིན་ཡོན་དང་། ཧྲན་ནན། ཅན་ནན་བཅས་སོ་སོའི་དམག་དཔུང་བོད་ཡུལ་མཐིལ་དུ་བཏང་སྟེ་བོད་ཀྱི་དམག་ཤུགས་ཁ་དགྲམ་དགོས་པའི་བཀའ་ཕབ། ཉིན་ཉི་ཤུའི་ནང་མཁར་བརྩིགས་ནས་གྲུབ་པས་གོང་མས་ཡན་ཀྲོའུ་ཡི་ཅེ་ཏུའུ་ཧྲི་ཏུའུ་ཡན་ཀོང་གིས་མཁར་བསྲུང་རྒྱུ་དང་། ཧྲོ་ཧྥང་གི་ཏུའུ་ཡུས་ཧོའུ(རུ་སྒར་ཁྲིམས་བསྟར་དཔོན)དབྱང་ཁྲའོ་ཧྲེང་གིས་མུའུ་པོ་མཁར་རྫོང60བསྲུང་དགོས་པའི་བཀའ་ཕབ། དེ་ནས་བཟུང་ལིང་ཀྲོའུ་དང་། ཞ་ཀྲོའུ། ཧོ་ཞི་བཅས་བདེ་བར་འཁོད།

(བམ་པོ234པའི་ཤོག་ངོས14པ། 7540)

(ཟླ་ལྔ་པ)ལུའུ་ཀྲི་ཡིས་གོང་མར་ཞུ་ཡིག་ཕུལ་ཏེ་མཐའ་མཚམས་བསྲུངས་པའི་ཐད་ཀྱི་ནོར་འཛོལ་དྲུག་ལ་དཔྱད་པ་བཏང་། ཞུ་ཡིག་ཏུ་ཞུས་དོན།“ཐབས་ཇུས་དང་བཀོད་སྒྲིག་ནོར་འཛོལ་བྱུང་བ་དང་། བྱ་དགའ་སྟེར་བ་དང་ཉེས་ཆད་གཅོད་སྟངས་ལ་ཚད་གཞི་མེད་པ། དམག་གྲངས་མང་བས་འགྲོ་སོང་མི་འདང་བ་དང་། དམག་དཔོན་མང་བས་དཔུང་ཤུགས་ཁ་བཀྲམ་པ། ཐོབ་ཆ་དོ་མི་སྙོམ་པས་འཁོན་དུ་འཛིན་པ་དང་། ཐག་རིང་ནས་བཀོད་འདོམས་བྱ་དགོས་པས་གོ་སྐབས་ཤོར་བ་བཅས་ཀྱི་ནོར་འཛོལ་བྱུང་བ་སྟེ།

ས་མཚམས་སྲུང་མཁན་ཀོན་ཏུང་གི་དམག་མི་རྣམས་ས་ཆུ་མི་འཕྲོད་པ་དང་། ལུས་པོས་མཐའ་མཚམས་ཀྱི་ས་ཆ་ངན་པ་རུ་དཀའ་སྡུག་མྱོང་ཞིང་། སེམས་ནས་སྡང་དགྲ་རོང་པར་རབ་ཏུ་འཇིགས། རྒྱལ་ཁབ་ཀྱིས་རྒྱུ་ནོར་བཏང་ནས་ཁོ་ཚོ་གཅེས་པའི་བུ་ཕྲུག་ལྟར་བསྐྱངས་ལ། སྒེག་ལྡན་ན་ཆུང་མ་ལྟར་གཅེས་ལང་དུ་བཏང་། ཁོ་ཚོས་མཛུབ་མོ་བཀུག་སྟེ་ཕྱིར་ལོག་པའི་ཉིན་གྲངས་རྩི་ཞིང་ཁ་གདངས་ནས་ཟས་ཁར་འཇོག་པར་བསྒུགས། ལ་ལས་གོང་མའི་དམག་དཔུང་ཕམ་པར་རེ་སྟེ་ཟིང་ཆ་དང་བསྟུན་ནས་ཤར་ཕྱོགས་ཀྱི་ཕ་ཡུལ་དུ་བྱེར་བར་འདོད། ལ་ལས་མཁར་དང་གྲོང་བརྡལ་ཡལ་བར་དོར་ནས་ཐག་ཉེ་རིང་གི་སྐྱེ་བོའི་སེམས་ཁ་དཀྲུགས་པས་ཕན་པ་ལས་གནོད་པ་ཆེ། ད་དུང་རྒྱལ་ཁྲིམས་དང་འགལ་ནས་གོ་གནས་ཕབ་རྗེས་མཐའ་མཚམས་ཀྱི་དམག་དཔུང་ནང་དུ་ཡོང་བའི་དམག་དཔོན་དག་ནི་མ་གཞི་ནས་སྐྱེ་བོ་མ་རབས་ཀྱི་རིགས་ཡིན་པའི་ཁར། ཕ་ཡུལ་དྲན་ནས་འཁྲུག་ཟིང་འབྱུང་བར་རེ་ཞིང་གོད་ཆག་འབྱུང་བར་དགའ་སྣང་སྐྱེ་བཞིན་ཡོད་པའི་ཚུལ་དེ་དམག་མི་དཀྱུས་མ་ལས་ཀྱང་ཐུ། དེར་ཐབས་བྱུས་དང་བཀོད་སྒྲིག་ནོར་འཛོལ་བྱུང་བ་ཞེས་བརྗོད་པ་ཡིན། དབང་ཆ་ཚང་མ་མངའ་འོག་ལ་བྱིན་ཏེ་གོང་མའི་སྲིད་གཞུང་གི་དབང་ཆ་ཤོར་བ་ནས་བཟུང་། དམག་དཔོན་གྱི་བཀའ་བཀོད་དམག་དཔུང་ཁྲོད་དུ་ལག་ལེན་དུ་བསྟར་ཐུབ་མཁན་ཉུང་ཞིང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དམག་དཔོན་གྱི་གོ་ཐོག་ལ་སྤྱོད་དཀའ་བར་གྱུར་ནས། གཅིག་ལས་གཅིག་ལྷག་ངན་པ་གཉའ་རེངས་ཆགས་ཏེ་དོན་མེད་དུ་དུས་འདའ་བར་བྱེད། བྱས་རྗེས་ཡོད་མཁན་ཞིག་ལ་གཟེངས་སྐྱེས་སྩོལ་བསམ་དུས་བྱས་རྗེས་མེད་མཁན་རྣམས་སྙིང་མི་དགའ་བར་དོགས་ཤིང་། ཉེས་པ་ཡོད་མཁན་ཞིག་ཁྲིམས་ཀྱིས་ཚར་གཅད་པར་བྱ་བསམ་དུས། ཉེས་པ་ཡོད་མཁན་གཞན་དག་སེམས་ཁྲལ་འབྱུང་བར་དོགས། ཉེས་པ་བསགས་ཀྱང་གབ་སྦེད་ཀྱིས་ཉེས་ཆད་མི་གཅོད་པ་དང་བྱས་རྗེས་བཞག་ཀྱང་བློ་དོགས་ཀྱིས་གཟེངས་སྐྱེས་མི་སྩོལ། ངན་ལང་དུ་བཏང་ཚུལ་ཚད་དེ་ལྟ་བུར་སླེབས་ཡོད། དེའི་རྐྱེན་གྱིས་རང་ལུས་ལ་ཕངས་པ་མེད་པར་ཞབས་ཞུར་བརྩོན་མཁན་རྣམས་ལ་རང་མཉམ་སྐྱེ་བོའི་ཁྲོད་དུ་ཟུར་ཟ་བྱེད་ཅིང་། དམག་སྣེ་ཁྲིད་དེ་སྔོན་དུ་རྒྱུག་མཁན་རྣམས་ལ་དམག་མི་རྣམས་ཀྱིས་ཞེ་ནས་འཁོན་དུ་འཛིན། དམག་དཔུང་གཏོར་བཤིག་དང་རྒྱལ་ཁབ་ཉེན་ཁའི་གནས་ལ་སྦྱོར་མཁན་རྣམས་ངོ་ཚ་དང་འཇིགས་སྐྲག་བྲལ། རོགས་སྐྱོབ་ཏུ་ཆས་སྐབས་བསམ་བཞིན་དུ་དུས་ལས་ཡོལ་མཁན་རྣམས་ཀྱིས་རང་ཉིད་ཤེས་རབ་དང་འཇོན་ཐང་ལྡན་པར་རྩི། དེ་བས་གཞུང་དྲང་སྐྱེ་བོ་ཞེ་ནས་སྐྱོ་ཞིང་རྟུལ་ཕོད་དཔའ་རྒོད་བློ་ཕམ་སྐྱེས། འདི་ལ་བྱ་དགའ་སྟེར་བ་དང་ཉེས་ཆད་གཅོད་སྟངས་ལ་ཚད་གཞི་མེད་པ་ཞེས་བརྗོད་པ་ཡིན།

དགྲ་བོས་དམག་དཔུང་གཏོང་ཐེངས་རེར་རང་རེའི་དམག་དཔོན་རྣམས་ཀྱིས་ཕན་ཚུན་ཁག་འགེལ་ཐབས་བྱས་ནས་སུ་ཡང་གདོང་དུ་སྐྱོད་མི་ཕོད། སྡང་དགྲའི་སྟོབས་ཤུགས་ཆེ་ཚུལ་འུད་སྒྲོག་གིས་གོང་མའི་སྙན་དུ་གསོལ་བ་དང་། རང་ལ་དམག་ཉུང་བས་ཁ་ཡ་མི་ཡོང་ཚུལ་བརྗོད། སྲིད་གཞུང་གིས་དེའི་སྐོར་ལ་རྟོག་ཞིབ་མི་བྱེད་པར་དམག་དཔུང་གཏོང་རྒྱུ་ཁོ་ན་དོན་དུ་གཉེར་ཀྱང་། དགྲ་བོ་འགོག་སྲུང་གི་ལས་ལ་ཕན་པ་མ་བྱུང་བར་དམག་དཔུང་གི་འགྲོ་གྲོན་མང་དུ་སོང་བ་ཙམ་དུ་ཟད། འབངས་ཀྱི་རྒྱུ་ནོར་ཉིན་ལྟར་ཟད་ཅིང་བསྡུ་བྱའི་དཔྱ་ཁྲལ་ཉིན་ལྟར་མང་དུ་ཕྱིན། འབངས་མིའི་རྒྱུ་ནོར་རྩ་སྟོངས་སུ་བཏང་ནས་བསྡུས་པའི་རྒྱུ་ནོར་ཡོད་ཚད་ཀྱི་ཐོག ཚྭ་དང་ཆང་གི་རིན་འབབ་བཅས་ཡོང་འབབ་མཐའ་དག་ལོ་རེ་བཞིན་མཐའ་མཚམས་སྲུང་བའི་ཐད་དུ་གཏོང་གི་ཡོད། དེར་བརྟེན་དམག་གྲངས་མང་བས་འགྲོ་སོང་གིས་མི་འདང་ཞེས་བརྗོད་པ་ཡིན།

བོད་རྒྱལ་ཁབ་ཧྲིལ་པོའི་གཡུལ་ལ་ཞུགས་ཐུབ་པའི་དམག་གྲངས་བསྡོམས་ཀྱང་ཀྲུང་གོའི་ཀྱུན་ཆེན་པོ་བཅུ་ལྷག་ཙམ་གྱི་དམག་གྲངས་ལས་མེད། བོད་ཀྱིས་དམག་འདྲེན་པའི་ཚེ་ན་དམག་མང་བར་འཇིགས་ནས་ཀྲུང་གོས་འགོག་རྒོལ་བྱེད་མི་ཕོད་པ་དང་། དམག་འཁྲུག་འཇགས་རྗེས་བོད་ཀྱི་སྟོབས་ཤུགས་ཆེ་བར་འཇིགས་ནས་ཀྲུང་གོས་ཕར་རྒོལ་མི་ཕོད། དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ། དེ་ནི་ཀྲུང་གོར་བཀོད་འདོམས་བྱེད་མཁན་མང་ཞིང་། བོད་ངན་ལ་ནི་བཀའ་བཀོད་གཏོང་མཁན་དམག་དཔོན་གཅིག་ལས་མེད་པའི་རྐྱེན་གྱིས་རེད། བཀའ་བཀོད་གཏོང་མཁན་དམག་དཔོན་གཅིག་ལས་མེད་ཚེ་སེམས་གཅིག་ཏུ་མཐུན་ཞིང་བཀའ་བརྡ་གཉིས་སུ་མེད་པས་སྐྱོད་འཐེན་གང་ཡང་དུས་མཉམ་པ་དང་། མྱུར་བུལ་གང་ཡང་འདོད་པ་ལྟར་བྱེད་ཐུབ་ལ་གོ་སྐབས་ལས་ནམ་ཡང་མི་འཛོལ་བ་བཅས་ཀྱི་རྐྱེན་ལས་སྟོབས་ཤུགས་རང་བཞིན་གྱིས་ཆེ་བར་གྱུར། དེ་ནི་དམག་གྲངས་ཉུང་ཉུང་མང་བར་གྱུར་པ་དང་དམག་ཤུགས་ཞན་པ་དྲག་པར་གྱུར་པའི་རྒྱུ་རྐྱེན་རེད། ཁའེ་ཡོན་ཁྲི་ལོ་དང་ཐེན་པའོ་ཁྲི་ལོའི་དུས་སུ་ནུབ་དང་བྱང་གི་རྒྱལ་ཁབ་གཉིས6འགོག་མཁན་ཧྲོ་ཧྥང་དང་། ཧོ་ཞི། ལུང་ཡིའུ་གསུམ་གྱི་ཅེ་ཏུའུ་ཧྲི་གསུམ་ལས་མེད། རྒྱལ་ཁབ་བསྐྱར་དར་བྱུང་རྗེས་ཀྱང་ཕྱི་ལ་དམག་འདྲེན་པའི་ལོང་མེད་ཀྱང་རྒྱལ་ཁབ་དེ་གཉིས་འགོག་འཁན་ཧྲོ་ཧྥང་དང་། ཅིང་ཡོན། ལུང་ཡིའུ། ཧོ་ཏུང་བཅས་ཏའོ་བཞིའི་ཅེ་ཏུའུ་ཧྲི་ལས་མེད། ཧྲོ་ཧྥང་ས་ཆ་ཁག་དུ་མར་བགོས་རྗེས་དེར་ཅེ་ཏུའུ་ཧྲི་གསུམ་བསྐོས་ཤིང་། གཞན་པའི་ཀྲེན་དང་ཅུན་བཞི་བཅུ་ཙམ་ཡོད་ལ། དེ་རྣམས་ཚང་མ་གོང་མའི་བཀའ་ཡིག་ལྟར་བསྐོས་པ་ཡིན་ཞིང་ཉུག་རུམ་པ་མངགས་ནས་དམག་དཔུང་ལ་ལྟ་སྐུལ་བྱེད་ཀྱི་ཡོད་པས། ཚང་མའི་གོ་གནས་མཐོ་དམའ་མེད་པར་སྙོམ་ཞིང་སུ་ཡང་སུའི་མངའ་འོག་ཏུ་མི་གཏོགས་པར་གྱུར། མཐའ་མཚམས་ཀྱི་གནས་ཚུལ་ཛ་དྲག་ཆེ་བའི་འཕྲིན་ཡིག་འབྱོར་རྗེས་གཞི་ནས་ཁོ་ཚོར་དམག་རྒྱག་སྟངས་སྐོར་གྲོས་མོལ་བྱ་དགོས་པའི་བཀའ་གོང་ནས་འབེབ། འོན་ཀྱང་གོ་གནས་མཐོ་དམན་སོགས་དམག་ཁྲིམས་ཀྱི་གཏན་ཁེལ་གསལ་པོ་མེད་པས། ཚང་མས་ཕན་ཚུན་ལ་སྐུ་མགྲོན་གྱི་གུས་ལུགས་ལྟ་བུ་སྤྱོད་རྒྱུ་ལས་ཐབས་ཟད། དམག་བྱེད་ན་དམག་དཔུང་ལ་སྤོབས་པ་དང་དཔུང་ཤུགས་འཛོམ་དགོས། བློ་སྤོབས་རྒྱས་པའི་ཚེ་ན་དར་བར་འགྱུར་ཞིང་བློ་སྤོབས་ཉམས་པའི་ཚེ་ན་རྒུད་པར་འགྱུར། དཔུང་ཤུགས་གཅིག་ཏུ་གྲིལ་བའི་ཚེ་ན་ཟིལ་ཤུགས་དང་ངར་ཤུགས་རྒྱས་ལ་དཔུང་ཤུགས་ཁ་བཀྲམ་པའི་ཚེ་ན་ཉམས་ཞན་པར་འགྱུར། ད་ལྟའི་མཐའ་མཚམས་སྲུང་མཁན་དམག་དཔུང་གི་དཔུང་ཤུགས་ཞན་ཞིང་བློ་སྤོབས་ཉམས། དེར་དམག་དཔོན་མང་བས་དཔུང་ཤུགས་ཁ་བཀྲམ་ཡོད་ཅེས་བརྗོད་པ་ཡིན།

དམག་དཔུང་སྐྱོང་བ་ལ་གཙོ་བོ་མིའི་དྲག་ཞན་བཟང་ངན་གྱི་དབྱེ་བ་དཔྱད་བསྡུར་གྱིས་འབྱེད་པ་དང་། ཟས་གོས་སོགས་ཐོབ་ཐང་མཐོ་དམན་གྱི་དབྱེ་བ་བཀར་ཏེ། དྲག་པའི་རེ་བ་སྐོང་བ་དང་ཞན་པའི་སེམས་པ་བདེ་བར་བྱས་ཐོག ཐོབ་ཆ་བཟང་ངན་གྱི་ཁྱད་པར་ཤོར་ཀྱང་བློ་ཁ་མ་ཁེངས་པའི་ཀླན་ཀ་མི་འབྱུང་བ་བྱ་དགོས། ད་ལྟ་དབུལ་ཕོངས་ཀྱི་མཐའ་མཚམས་ས་ཁུལ་དུ་དུས་ཡུན་རིང་པོར་ས་སྲུང་མཁན་གྱི་དམག་མི་ཚང་མ་དམག་འཁྲུག་གྲངས་མེད་ལ་ཞུགས་ནས་ལུས་ཀྱི་རྨས་སྐྱོན་དྲག་སྐྱེད་བྱུང་མཚམས། ཡང་ལོ་ཧྲིལ་པོར་ངལ་ལས་ཆེན་པོ་བྱ་དགོས་ཀྱི་ཡོད། དེ་ལྟ་མོད་ཀྱང་གཞུང་ནས་བྱིན་པའི་ཟས་གོས་ནི་རང་གི་ལྟོ་རྒྱབ་འཕྱིད་ཙམ་ལས་མེད། དེའི་ནང་ནང་ཀྱང་ཆུང་མ་དང་བྱིས་པར་སྐལ་བ་བགོ་དགོས་མཁན་གྱི་དམག་མི་རྣམས་ནི་རྟག་པར་འཁྱགས་ལྟོགས་ཀྱིས་མནར་བའི་ཉམས་མཐོང་ཐུབ། འོན་ཀྱང་མཐའ་མཚམས་སྲུང་མཁན་ཀོན་ཏུང་གི་དམག་མི་རྣམས་དགྲ་བོར་ཁ་གཏད་འཇལ་བར་སྐྲག་ཅིང་ངལ་ལས་མི་བརྩོན་ཡང་ཁོ་ཚོར་ནི་ཟས་གོས་ལྡབ་འགྱུར་གྱི་འབེལ་བོ་སྟེར་གྱི་ཡོད། ད་དུང་སྐུ་སྲུང་དམག་དཔུང་ཁག་ཅིག་མ་གཞི་མཐའ་མཚམས་སྲུང་བའི་དམག་དཔུང་ཡིན་པ་ལས་སྐུ་སྲུང་དམག་དཔུང་མིན་ན་ཡང་། དམག་དཔོན་རྣམས་ཁ་གསག་དང་གཅམ་བུའི་ཚིག་སྨྲ་མཁས་པར་བརྟེན། ཧྲེན་ཚེ་ཅུན62གྱི་མངའ་འོག་ཏུ་ཞུགས་ཐུབ་པར་གྱུར་ཅིང་། དམག་དཔུང་གི་མིང་རྟགས་བརྗེས་པ་ཙམ་ལས་བསྲུང་སའི་ས་ཆ་གོམ་གང་ཡང་བརྗེས་མེད་མོད། དེའི་གནང་སྦྱིན་མཐའ་དག་སྔོན་མ་ལས་ལྡབ་གསུམ་གྱིས་མང་བར་གྱུར། ལས་སུ་བྱ་བ་སྔོན་ཆད་དང་མི་འདྲ་བ་ཅི་ཡང་མེད་ཀྱང་ཐོབ་ཆ་མི་འདྲ་བས་ན་ཚུལ་དེ་མ་བརྗེད་ཚེ་ཁོང་ཁྲོ་མི་ལངས་མཁན་སུ་ཞིག་ཡོད་དམ། འདི་ལ་ཐོབ་ཆ་དོ་མི་སྙོམ་པས་འཁོན་དུ་འཛིན་པ་ཞེས་བརྗོད་པ་ཡིན།

དམག་དཔོན་འདེམས་པ་དང་བསྐོ་དུས་སྔོན་ལ་དེའི་སྤྱོད་པ་དང་འཇོན་ཐང་བརྟག་ཅིང་དཔྱད་དགོས། དམག་དཔོན་དུ་རུང་བ་དག་མངག་པ་དང་མི་རུང་བ་དག་ཕྱིར་སློག་པ། དོགས་གཞི་ཡོད་པ་དག་མི་སྤྱོད་པ་དང་སྤྱད་པ་དག་ལ་དོགས་པ་མི་ཟ་བ་དགོས། དེར་བརྟེན་དམག་དཔུང་དུ་ཡོད་པའི་དམག་དཔོན་གྱིས་སྐབས་རེར་རྗེ་བོའི་བཀའ་མ་གསན་ཀྱང་རུང་། ཉེ་ལམ་མཐའ་མཚམས་སུ་སྡོད་པའི་དམག་དཔོན་གྱི་བསྐོ་འཐེན་བྱེད་པའི་སྐབས་སུ་ཐོག་མར་བཀའ་རྩི་མིན་ལ་བསམ་གཞིགས་བྱེད། མངའ་འོག་གི་དམག་དཔུང་ཁག་མང་པོར་བགོས་ནས་དེའི་དཔུང་ཤུགས་ཆུང་དུ་གཏོང་། གོ་གནས་དམའ་རུ་ཕབ་ནས་སེམས་ཤུགས་ཉམས་པར་བྱེད་པས། གོང་གི་བཀའ་ལུང་གཡུལ་སའི་གནས་ཚུལ་དང་མི་མཐུན་པ་དང་གནས་ལུགས་དང་མི་མཐུན་ན་ཡང་དབང་མེད་དུ་བཀའ་བརྩི་བར་འགྱུར། རོང་པས་གློ་བུར་དུ་རྒོལ་དུ་འོངས་པ་ནི་རླུང་འཚུབ་ལྟར་མྱུར་བས་ཉིན་བཅུ་ཕྲག་འགོར་རྗེས་ཞུ་ཡིག་གཞི་ནས་གོང་མའི་སྙན་དུ་སོན་ཐུབ། ས་ཆ་སྲུང་མཁན་དམག་དཔོན་གྱིས་དམག་གྲངས་ཉུང་གཤིས་དགྲ་བོར་ངོ་ཡ་བྱེད་མི་ཕོད་པ་དང་། དམག་སྡེའི་དམག་དཔོན་རྣམས་ཀྱིས་གོང་མའི་བཀའ་ཡིག་མ་འབྱོར་བར་ཁ་གཡར་ནས་དམག་དཔུང་མི་འདྲེན། དགྲ་བོས་འཕྲོག་བཅོམ་ཅི་དགར་བྱས་ནས་ཕྱིར་ལོག་རྗེས། ད་གཟོད་རྒྱལ་ཁ་བླངས་ནས་བྱས་རྗེས་བཞག་ཚུལ་གྱི་ཞུ་ཡིག་འབུལ། ཁོ་ཚོ་དམག་ཕམ་ནས་མི་བརྒྱའི་སྲོག་ཤོར་ཚེ་གོང་ལ་གཅིག་ལས་མི་ཞུ་བ་དང་། གཡུལ་ལས་རྒྱལ་ཚེ་བརྒྱ་གྲངས་སྟོང་དུ་སྤར་ནས་སྙན་སེང་ཞུ། གཡུལ་གྱི་བཀོད་འདོམས་གོང་མའི་ཕོ་བྲང་ནས་བྱེད་པས་ན། དེ་གའི་དམག་དཔོན་རྣམས་དམག་ཕམ་ནས་ཉེས་པ་གསོག་པར་སེམས་ཁྲལ་བྱ་དགོས་མེད་ལ། གོང་མ་མཆོག་གིས་ཀྱང་དབང་ཆ་ཆེན་པོ་རང་ལ་མངའ་བར་དགོངས་ནས་དོན་དག་རྩད་ཞིབ་མི་གནང་། དེར་བརྟེན་ཐག་རིང་ནས་བཀོད་འདོམས་བྱས་པས་གོ་སྐབས་འཛོལ་བ་ཞེས་བརྗོད་པ་ཡིན།

བློན་པོ་ཕྲན་གྱི་རྨོངས་འཆར་ལྟར་ན། ཏའོ་སོ་སོའི་དམག་དཔུང་གིས་སྟོན་སྲུང་བའི་ལམ་ལུགས་མེད་པར་བཟོ་བ་དང་། ཏའོ་རང་རང་གིས་ཟས་གོས་ཁོ་ན་ཙམ་མཁོ་འདོན། དམག་མི་སྡུད་པའི་སྐབས་སུ་མཐའ་མཚམས་བསྲུངས་ནས་སྡོད་འདོད་ཡོད་པའི་མཐའ་འཁོབ་མི་རིགས་དང་རྒྱ་མིའི་བུ་ཕྲུག་བསྡུ་བ། དེའི་ཐོག་དམག་དཔུང་གིས་ས་ཞིང་གསར་སྦོལ་མང་དུ་བྱས་ཏེ་འབྲུ་རིགས་སྲིད་གཞུང་གིས་ཉོ་བ་དང་། དགྲ་དཔུང་བྱུང་ཚེ་སྐྱེ་བོ་ཚང་མས་རང་ས་ནས་འཐབ་པ། དུས་ལ་སླེབས་ཚེ་རང་ཁྱིམ་དུ་སོ་ནམ་ལ་བརྩོན་པ་བཅས་བྱ་དགོས། དེ་ལྟའི་དམག་མི་ནི་གློ་བུར་དུ་འོངས་ཤིང་གློ་བུར་དུ་ཕྱིར་ལོག་འགྲོ་བའི་དམག་མི་དང་སྡུར་ཐབས་ག་ལ་ཡོད། ད་དུང་ཞི་དྲག་གཉིས་ཀར་མཁས་པའི་བློན་པོ་འཇོན་ཐང་ཅན་ལུང་ཡིའུ་དང་། ཧྲོ་ཧྥང་། ཧོ་ཏུང་བཅས་ཀྱི་དམག་སྤྱི་ཆེན་མོར་མངགས་ཏེ།  སོ་སོས་མཐའ་མཚམས་ཀྱི་ཅེ་ཏུའུ་ཧྲི་རྣམས་ལ་འགོ་འདོམས་བྱེད་པ་དང་། དམག་དཔུང་དགོས་པ་མེད་པ་རྣམས་ཐག་ཉེ་ཞིང་སྟབས་བདེ་བའི་ས་ཆ་དང་ཟླ་སྒྲིལ་གཏོང་དགོས། དེའི་རྗེས་སུ་གཡོ་འཕྲུལ་ཟབ་ཟོབ་ཀྱི་འགྲོ་སོང་ཉུང་དུ་བཏང་སྟེ་འབྱོར་བ་སྤེལ་བ་དང་། ཟས་གོས་ཀྱི་ཐོབ་ཆའི་རིམ་པའི་ལམ་ལུགས་བཙུགས་ནས་དམག་མི་རྣམས་འཆམ་མཐུན་ཡོང་བར་བྱེད་པ། དམག་དཔོན་མངག་བསྐོའི་ལམ་སྲོལ་དར་བར་བྱས་ནས་དེའི་ནུས་པ་སྒྲོག་པ། བྱ་དགའ་དང་ཆད་པའི་ཁྲིམས་ལུགས་བསྒྲགས་ནས་གྲུབ་འབྲས་ལ་དཔྱད་ཞིབ་གཏོང་བ་བཅས་བྱ་དགོས། དེ་ལྟར་བྱས་ཚེ་རོང་ཏི་ཟིལ་ཤུགས་ཀྱིས་ནོན་ལ་མཐའ་མཚམས་ཞི་འཇགས་ཡོང་ཐུབ”ཅེས་ཞུས། གོང་མས་ཁོས་ཞུས་ཚད་ལ་མ་གསན་ཀྱང་ཐུགས་ནས་རྩིས་མཐོང་ཆེན་པོ་གནང་།

(བམ་པོ234པའི་ཤོག་ངོས18པ། 7544-7547)

ཝེ་ཀའོ་ཡིས་དམག་དཔུང་ཆེན་པོ་ཏུང་མེན་སོགས་ལ་དམག་དཔུང་འཁྲིད་དུ་བཅུག་ནས་ཞི་ཧྲན་དུ་སླེབས། བོད་དམག་དང་འཐབ་སྟེ་ཕམ་པར་བྱས། མཁར་རྫོང་ལྔ་བཅུ་ལྷག་ཕབ།

(བམ་པོ234པའི་ཤོག་ངོས21པ། 7547)

ཡུན་ནན་གྱི་རྒྱལ་པོ་དབྱི་མུའུ་ཞུན་གྱིས་ཕོ་ཉ་ཁག་གསུམ་མངགས། ཁག་གཅིག་རོང་ཀྲོའུ་ནས་ཆས། ཁག་གཅིག་ཆའན་ཀྲོའུ་ནས་ཆས། ཁག་གཅིག་ཨན་ནན63ནས་ཆས། ཚང་མས་བཙོ་སྦྱང་མ་བྱས་པའི་གསེར་ཕྱེ་དང་མཚལ་སོགས་ཁྱེར་ནས་ཝེ་ཀའོ་དང་མཇལ། གསེར་གྱིས་བརྟན་ཞིང་འགྱུར་བ་མེད་པ་མཚོན་པ་དང་། མཚལ་གྱིས་ལྷག་བསམ་རྣམ་པར་དག་པ་མཚོན། ཝེ་ཀའོ་ཡིད་ཆེས་པའི་ཆེད་དུ་ཁོས་སྤྲིངས་པའི་འཕྲིན་ཡིག་དེ་བུ་ཡིག་གསུམ་དུ་བཅད་དེ་ཁྱེར། དེ་ལྟར་ཕོ་ཉ་ཚང་མ་ཁྲེང་ཏུའུ་རུ་བདེ་བར་བརྟོལ། དབྱི་མུའུ་ཞུན་གྱིས་གོང་མར་ཞུ་ཡིག་ཕུལ་ཏེ་བོད་རྒྱབ་ཏུ་འདོར་བ་དང་ཐང་ལ་སྐྱབས་འཆོལ་རྒྱུའི་འདུན་པ་ཞུས་པ་དང་སྦྲགས། ཝེ་ཀའོ་ལའང་འཕྲིན་ཡིག་སྤྲིངས། རང་ལ་ཐང་གི་ཡུན་ནན་རྒྱལ་པོའི་ཚ་བོ། བོད་ཀྱི་བཙན་པོའི་གཅུང་།64ཉི་མ་ཤར་ཕྱོགས་ཀྱི་རྒྱལ་པོ་ཞེས་སུ་བྲིས།  ཝེ་ཀའོ་ཡིས་དེའི་ཕོ་ཉ་ཁྲང་ཨན་དུ་བཏང་བ་དང་འབྲེལ་གོང་མར་ཞུ་ཡིག་ཕུལ་ནས་རྟེན་འབྲེལ་ཞུས། གོང་མས་དབྱི་མུའུ་ཞུན་ལ་བཀའ་ཡིག་བསྩལ་བ་དང་ཕོ་ཉ་མངགས་ཏེ་སེམས་གསོས་སྐྱོང་དགོས་ཚུལ་ཝེ་ཀའོ་ལ་གདམས།

(བམ་པོ234པའི་ཤོག་ངོས21པ། 7547)

(ཟླ་བདུན་པ།)ཅན་ནན་དང་ཞི་ཧྲན་གྱི་ཆཱང་གི་ཚོ་པ་ཁག་གི་རྒྱལ་མོ་ཐང་ལི་ཀྲི་དང་། ཀེ་ལིང་གི་རྒྱལ་པོ་ལྡོང་ཝོ་ཐིང་། པེ་ཀོའུ་ཡི་རྒྱལ་པོ་ལོ་ཐོ་ཚུང་། རོག་ཆུའི་རྒྱལ་པོ་ལྡོང་ཕི་ཧོ། ནན་ཧྲུའེ་ཡི་རྒྱལ་པོ་ཞུའེ་མོ་ཐིང་། ཞི་ཏུང་གི་རྒྱལ་པོ་ཐང་ཞི་བཙན། ཆིང་ཡོན་གྱི་རྒྱལ་པོ་སུའུ་ཐང་མོ། ཏོ་པ་ཡི་རྒྱལ་པོ་ལྡོང་མིའོ་ཕེང་། པུའུ་ཙུའུ་ཡི་རྒྱལ་པོ་བཅས་ཚང་མ་སྔོན་དུས་སུ་བོད་ཀྱི་ཆབ་འོག་ཏུ་ཡོད་པ་སྐབས་འདིར་རང་རང་གི་མངའ་འབངས་ཁྲིད་དེ་ཐང་ལ་མགོ་བཏགས། ཝེ་ཀའོ་ཡིས་དེ་དག་ཝི་ཀྲོའུ་དང་། པའོ་ཀྲོའུ། པཱ་ཀྲོའུ65བཅས་སུ་སྡོད་དུ་བཅུག རྨོན་གླང་དང་འབྲུ་སོན་བྱིན། ཐང་ལི་ཀྲི་དང་། ལོ་ཐོ་ཚུང་། ལྡོང་ཕི་ཧོ་གསུམ་གོང་མ་མཇལ་བར་རྒྱལ་སར་ཕྱིན། ཚང་མར་དཔོན་ཐོབ་བསྩལ་ཅིང་གནང་སྦྱིན་གྱ་ནོམ་པ་དང་བཅས་ཕྱིར་མངགས།

(བམ་པོ234པའི་ཤོག་ངོས22པ། 7548)

དགུན་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཀྱི་ཉིན། ཝེ་ཀའོ་ཡིས་རང་འོག་གི་དཔུང་དམག་སྐོར་ཞིབ་དཔོན་ཚུའེ་ཙོ་ཧྲི་གོང་མའི་བཀའ་ཡིག་དང་བཅས་ཡུན་ནན་དུ་མངགས་པ་དང་སྦྲགས། རང་གིས་ཀྱང་འཕྲིན་ལན་སྤྲིངས།

(བམ་པོ234པའི་ཤོག་ངོས23པ། 7549)

1_14 ཀྲེན་ཡོན་ཁྲི་ལོ་བཅུ་པ། (སྤྱི་ལོ794པ)

དཔྱིད་ཟླ་དང་པོར། ཅན་ནན་དང་། ཞི་ཧྲན་གྱི་ཆཱང་དང་མྱྭའི་དུད་ཁྱིམ་ཉིས་ཁྲི་ལྷག་མགོ་འདོགས་པར་སླེབས། གོང་མས་བཀའ་ཡིག་བཏང་ནས་ཝེ་ཀའོ་མཐའ་མཚམས་ཀྱི་ཆཱང་དང་མྱྭ། ཞི་ཧྲན་གྱི་རྒྱལ་ཁག་བརྒྱད་བཅས་ཀྱི་འགོ་འདོམས་པར་བསྐོས།

(བམ་པོ234པའི་ཤོག་ངོས26པ། 7551-7552)

ཚུའེ་ཙོ་ཧྲི་ཡུན་ནན་གྱི་རྒྱལ་ས་དབྱང་ཅུས་མིའེ་མཁར66དུ་སླེབས། བོད་ཀྱི་ཕོ་ཉ་བ་བརྒྱ་ཕྲག་འགའ་སྔོན་མ་ནས་རྒྱལ་ཁབ་དེར་བསྡད་ཡོད་གཤིས། ཡུན་ནན་གྱི་རྒྱལ་པོ་དབྱི་མུའུ་ཞུན་གྱིས་གནས་སྐབས་སུ་བོད་ལ་རྟོགས་སུ་འཇུག་མ་འདོད་དེ་ཚུའེ་ཙོ་ཧྲི་ལ་ཙང་ཀེའི67ཆས་གོས་སྤྲས་ཏེ་ཡོང་རྒྱུ་གདམས། ཚུའེ་ཙོ་ཧྲིས་དེར་མི་ཉན་པར“ང་རང་ཐང་རྒྱལ་ཁབ་ཆེན་པོའི་ཕོ་ཉ་བ་ཞིག་གིས་མཐའ་མིའི་ཆས་གོས་སྤྲས་པ་ག་ལ་རུང”ཞེས་བརྗོད་སྟབས་དབྱི་མུའུ་ཞུན་ཐབས་ཟད་དེ་མཚན་མོར་བསུ་དགོས་བྱུང་། ཚུའེ་ཙོ་ཧྲི་ཡིས་བཀའ་ཡིག་གསང་མཐོར་བསྒྲགས་པ་ན། དབྱི་མུའུ་ཞུན་འཇིགས་ཏེ་གཡས་གཡོན་གྱི་མིར་ལྟ་བཞིན་གདོང་མདོག་ཀྱང་འགྱུར། གང་ལྟར་ཐང་ལ་མགོ་བཏགས་ཚར་བས་ངུ་འཁུན་དང་མཆི་མ་འདོན་བཞིན་ཕྱག་བཙལ། ལུས་པོ་སར་དུད་ནས་བཀའ་ཡིག་བླངས། ཀྲེང་ཧུའེ་ཞེས་པས་ལྐོག་ཏུ་ཚུའེ་ཙོ་ཧྲི་མཇལ་ནས་གནས་ཚུལ་ཞུས་པས་ཚུའེ་ཙོ་ཧྲིས་དེ་གའི་གནས་ཚུལ་ཡོངས་སུ་རྟོགས་པར་གྱུར། དེ་ནས་དབྱི་མུའུ་ཞུན་ལ་བོད་ཀྱི་ཕོ་ཉ་ཐམས་ཅད་གསོད་པ་དང་བོད་ཀྱིས་བསྩལ་བའི་ཆོ་ལོ་མི་སྤྱོད་པ། བོད་ཀྱིས་བསྩལ་བའི་གསེར་ཐམ་ཐང་ལ་ཕུལ་ནས་ནན་ཀྲའོ་ཞེས་པའི་སྔོན་གྱི་མིང་སོར་ཆུད་པར་བྱ་རྒྱུ་སོགས་གདམས་པ་ལ། དེས་ཀྱང་དེ་བཞིན་ཡོངས་སུ་བསྒྲུབས་པ་དང་འབྲེལ་གསེར་གྱི་བྱང་བུའི་ཐོག་དམ་ཚིག་བརྐོས་ནས་ཕུལ། རྒྱལ་བུ་ཞུན་མེང་ཚོའུ་སོགས་ཁྲིད་དེ་རི་བོ་ཏེན་ཚང་ཧྲན་ཞེས་པའི་ལྷ་ཁང་དུ་ཚུའེ་ཙོ་ཧྲི་དང་མནའ་གཙིགས་བཅས།

དེའི་སྔོན་ལ་བོད་ཀྱིས་པེ་ཐིང་རྩོད་པའི་ཆེད་དུ་ཡུ་གུར་དང་གཡུལ་ཆེན་བཀྱེས་ཏེ་ཤི་རྨས་མང་དུ་བྱུང་སྟབས་ཡུན་ནན་ནས་དམག་ཁྲི་གཅིག་འདྲེན་རྩིས་བྱས། དབྱི་མུའུ་ཞུན་གྱིས་རང་གི་རྒྱལ་ཁབ་ཆུང་བར་ཁ་གཡར་ཏེ་དམག་མི་སུམ་སྟོང་གཏོང་རྒྱུ་བྱས་ཀྱང་བོད་ཀྱིས་དེ་ཉུང་དྲགས་པར་བསམས། དམག་ལྔ་སྟོང་དུ་སྤར་བས་བོད་ཀྱིས་ཀྱང་དེ་བཞིན་ཆོག་པར་བཀའ་འཁྲོལ། དེར་དབྱི་མུའུ་ཞུན་གྱིས་དམག་མི་ལྔ་སྟོང་སྔོན་ལ་བཏང་བ་དང་། ཁོ་རང་གིས་དམག་མི་ཁྲི་འགའ་ཁྲིད་དེ་དེའི་རྗེས་སུ་ཉིན་མཚན་ལྟོས་མེད་དུ་བསྐྱོད། ཧྲེན་ཁྲོན་ཞེས་པའི་ས་ཆར་བོད་དམག་ལ་འཇབ་རྒོལ་གྱིས་ཕམ་ཁ་ཆེན་པོ་བསྐུར། ལྕགས་ཟམ་མཁར་སོགས་མཁར་བཅུ་དྲུག་འཕྲོག  དེ་དག་གི་རྗེ་བོ་ལྔ་བཟུང་བ་དང་དམག་མི་འབུམ་གཅིག་ལྷག་མགོ་བཏགས། ཚེས་ཉེར་བཞིའི་ཉིན། དབྱི་མུའུ་ཞུན་གྱིས་ཐང་ལ་བང་ཆེན་བཏང་ནས་རྒྱལ་ཁ་ཐོབ་ཚུལ་ཞུས།

(བམ་པོ་234པའི་ཤོག་ངོས26པ། 7552-7553) )    

(ཟླ་དྲུག་པ)ཡུན་ནན་གྱི་རྒྱལ་པོ་དབྱི་མུའུ་ཞུན་གྱིས་ཁོའི་ནུ་བོ་ཚོའུ་ལོ་ལེན་མངགས་ནས་ས་ཁྲ་དང་། ཡུལ་ཟོག བོད་ཀྱིས་བྱིན་པའི་གསེར་ཐམ་བཅས་ཐང་ལ་ཕུལ། རྒྱལ་ཁབ་ཀྱི་མིང་ནན་ཀྲའོ་རུ་སོར་ཆུད་རྒྱུའི་འདུན་པ་ཞུས། ཚེས་གཉིས་ཀྱི་ཉིན། གོང་མས་ཚི་པུའུ་ལང་ཀྲུང(ལུགས་སྡེའི་གུས་ལུགས་ལས་སྣ)གི་གོ་ཐོབ་ཅན་ཡོན་ཙི་བྱ་བ་ནན་ཀྲའོ་ལ་ཆོ་ལོ་སྩོལ་མཁན་ཕོ་ཉར་བསྐོས་ཤིང་གསེར་ཐམ་དངུལ་གྱི་སྒྲོམ་བུ་ཅན་ཞིག་བསྩལ། ཐམ་གའི་ཐོག“ཀྲེན་ཡོན་ཁྲི་ལོར་ནན་ཀྲའོ་ལ་ཆོ་ལོ་བསྩལ་བའི་ཐམ་ག”ཞེས་པའི་ཡི་གེ་བརྐོས་ཡོད། ཡོན་ཙི་ནན་ཀྲའོ་ལ་འབྱོར་རྗེས་དབྱི་མུའུ་ཞུན་གྱིས་ཁ་བྱང་དུ་ཕྱོགས་ཤིང་པུས་མོ་སར་བཙུགས་ནས་ཆོ་ལོའི་གསེར་ཡིག་དང་ཐམ་ག་བླངས། མགོ་བོ་སར་ཕབ་ནས་ཡང་བསྐྱར་ཕྱག་བཙལ། དེ་ནས་ཕོ་ཉར་གསོལ་སྟོན་བཤམས། གོང་མ་ཞོན་ཙུང་གིས་གནང་བའི་གསེར་དངུལ་གྱི་ཚགས་རྒྱན་བཀོད་ཅིང་རྟའི་མགོ་བརྙན་ཡོད་པའི་གཞོང་པ་གཉིས་ཡོན་ཙིར་བསྟན་ཅིང་། དེ་ནས་ཡང་གླིང་བུ་གཏོང་མཁན་ཞིག་དང་གཞས་མ་ཞིག་བསྟན་ནས་“གོང་མས་ཆིའུ་ཚི་ཡི་རོལ་མོ་དཀྲོལ་མཁན་བསྩལ་པ་ལས་ད་ལྟའི་མི་འདི་གཉིས་ལས་ལྷག་མེད”ཟེར། ཡོན་ཙི་རེ“ད་ནས་ནན་ཀྲའོ་ཡིས་མེས་པོའི་མཛད་འཕྲིན་སྙིང་ལ་དམ་པོར་བཅངས་ནས་མི་རབས་རྒྱུད་དུ་ཐང་ལ་བློ་དཀར་བ་དགོས་”ཞེས་སྨྲས་པར། དབྱི་མུའུ་ཞུན་གྱིས་སླར་ཡང་གུས་འདུད་ཞུ་ཞོར“ཕོ་ཉའི་བཀའ་ལ་མི་ཉན་པ་བྱེད་ག་ལ་ཕོད”ཅེས་སྨྲས།

(བམ་པོ235པའི་ཤོག་ངོས2པ། 7561-7562)

ཝེ་ཀའོ་ཡིས་ཨོ་ཧོ་མཁར68དུ་བོད་དམག་ཕམ་ཚུལ་གོང་མར་ཞུས།

(བམ་པོ235པའི་ཤོག་ངོས3པ། 7562)

1_15 ཀྲེན་ཡོན་ཁྲི་ལོ་བཅུ་གཅིག་པ། (སྤྱི་ལོ795པ)

(ཟླ་བཅུ་པ)ནན་ཀྲོའུ་ཡིས་བོད་ཀྱི་ཁུན་མིང་མཁར69ལ་དམག་དཔུང་དྲངས་ནས་ཕབ་ཅིང་། ཧྲི་དང་ཧྲུན་ཞེས་པའི་མྱྭའི་རྗེ་བོ་གཉིས་ཀྱང་འཇུས།

(བམ་པོ235པའི་ཤོག་ངོས10པ། 7570)

1_16 ཀྲེན་ཡོན་ཁྲི་ལོ་བཅུ་གཉིས་པ། (སྤྱི་ལོ796པ)

(ཟླ་དགུ་པ)ཚེས་ཉེར་གཉིས་ཀྱི་ཉིན་བོད་དམག་ཆིང་ཀྲོའུ་ལ་དྲངས།

(བམ་པོ235པའི་ཤོག་ངོས15པ། 7575)

1_17 ཀྲེན་ཡོན་ཁྲི་ལོ་བཅུ་གསུམ་པ། (སྤྱི་ལོ797)

དཔྱིད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན། བོད་ཀྱིས་ཕོ་ཉ་མངགས་ནས་ཞི་བས་འདུམ་རྒྱུའི་འདུན་པ་ཞུས་ཀྱང་། གོང་མས་བོད་ཐེངས་འགར་མནའ་གན་དང་འགལ་བ་བསམས་ནས་ཞལ་བཞེས་མ་གནང་།

(བམ་པོ235པའི་ཤོག་ངོས16པ། 7576)

གོང་མས་ཧྥང་ཆུས་དང་། ཧོ་ཏའོ། མུའུ་པོ70གསུམ་ག་བོད་དམག་འདྲེན་པའི་ལམ་གལ་ཆེན་དུ་སོང་གཤིས་དེ་དག་ཏུ་མཁར་བརྩིག་པར་དགོངས། བང་ཆེན་མངགས་ཏེ་པིན་ཉིང་གི་ཅེ་ཏུའུ་ཧྲི་དབྱང་ཁྲའོ་ཧྲེང་ལ“མཁར་རྩིག་པར་དམག་ག་ཚོད་དགོས”ཞེས་བཀའ་འདྲི་གནང་བའི་ལན་དུ“པིན་ཉིང་གི་དམག་ཁོ་ནས་འདང་བས་ཏའོ་གཞན་ལ་འོ་བརྒྱལ་ཞུ་དགོས་མེད”ཞུས། དེར་གོང་མས་སླར་ཡང་བང་ཆེན་མངགས་ནས“སྔོན་དུས་ཡན་ཀྲོའུ་རུ་མཁར་རྩིག་དུས་སུ་དམག་མི་བདུན་ཁྲི་བསྐུལ་ཀྱང་དོན་དག་འགྲུབ་ཙམ་ལས་མ་བྱུང་། ད་ལམ་གྱི་མཁར་གསུམ་དགྲ་བོའི་དཔུང་དང་ཐག་ཉེ་བས་ལར་དམག་གྲངས་ལྡབ་འགྱུར་གྱིས་མང་བ་བསྐུལ་དགོས་ན་འགྲིག་པ་ལ། དེ་ལས་ལྡོག་པ་ཅིའི་ཕྱིར་རམ”ཞེས་དྲིས། ལན་དུ“ཡན་ཀྲོའུ་རུ་མཁར་རྩིག་མཁན་གྱི་དམག་གྲངས་དགྲ་བོས་ཡོངས་སུ་རྟོགས། ད་ལམ་པིན་ཉིང་གི་དམག་མི་བསྐུལ་ཚེ་ཉིན་བཅུ་ཡང་མ་འགྱངས་པར་དམིགས་སའི་ཡུལ་དུ་སླེབ་ཐུབ་ཅིང་། དགྲ་བོས་དོ་སྣང་བྱས་མེད་པའི་སྐབས་དང་བསྟུན་ནས་འཕྲལ་མར་མཁར་བརྩིགས་ཚེ། དགྲ་བོས་རང་རེའི་དམག་མི་ཡང་བདུན་ཁྲི་ལས་མི་ཉུང་བར་བསམ་ངེས་ཤིང་། ཁོ་ཚོའི་དམག་དཔུང་ལྷན་དུ་མ་བསྡུས་པའི་སྔོན་དུ་ཅི་མ་ཡིན་ལ་རང་རེར་དམག་འདྲེན་མི་སྤོབས། ཟླ་གཅིག་ལས་མ་འགོར་བར་རང་རེའི་མཁར་འགྲུབ་ཐུབ་ལ། དེར་དམག་མི་བཞག་ནས་བསྲུང་དུ་བཅུག་ཚེ་དགྲ་བོ་སླེབས་ཀྱང་ཐབས་ཤེས་ཅི་ཡང་མེད། མཁར་གྱི་ཉེ་འདབས་ཀྱི་རྩྭ་རྣམས་ཚར་ཚེ་དགྲ་བོ་ཡུན་རིང་སྡོད་ཐབས་བྲལ། དགྲ་བོ་ཕྱིར་འཐེན་རྗེས་དམག་འབྲུ་དབོར་འོངས་ནས་འབྲུ་རིགས་ཀྱིས་མི་ཕོངས་པ་བྱ་དགོས། འདི་ནི་ཐབས་བྱུས་རྨད་དུ་བྱུང་བ་ཞིག་ཡིན། གལ་སྲིད་ཏའོ་ཁག་གི་དཔུང་ཆེན་བསྡུས་ཚེ། ཟླ་གཅིག་བརྒལ་རྗེས་གཞི་ནས་འབྱོར་ཐུབ་པ་དང་། དེ་དུས་དགྲ་བོས་ཀྱང་དཔུང་ཚོགས་བསྡུས་ནས་སླེབས་ཏེ་རང་རེ་དང་འཐབ་ཚེ་རྒྱལ་ཕམ་གང་འབྱུང་མི་ཤེས་ན། མཁར་རྩིག་ལོང་ག་ལ་ཡོད”ཅེས་ཞུས་པས་གོང་མས་ཀྱང་དེ་བཞིན་གནང་། ཟླ་གཉིས་པར་དབྱང་ཁྲའོ་ཧྲེང་གིས་ཅུན་གྱི་དམག་མི་ཁག་གསུམ་དུ་བགོས་ཏེ་སོ་སོར་མཁར་རེ་བརྩིག་ཏུ་བཅུག ཅུན་གྱི་དཔོན་རིགས་ལ་ལས“ཧྥང་ཆུས་སུ་ཁྲོན་པ་མེད་པས་དམག་དཔུང་སྡོད་ཐབས་བྲལ”ཟེར་བར། ཕན་ཀོན(ལག་བསྟར་དཔོན་པོ)གྱི་གོ་ཐོབ་ཅན་མེང་ཙི་ཀྲོའུ་ན་རེ། “ཧྥང་ཆུས་ས་ཆར་རང་རེས་བཟུང་བའི་དུས་ནས་ཡུལ་མི་མང་པོ་གཞིས་ཆགས་ཡོད་ན། ཁྲོན་པ་མེད་པར་མི་ཚོགས་ཇི་ལྟར་འདུ་ཐུབ་པ་བྱུང་བ་ཡིན”ཞེས་ཁྲོན་པ་སྐམ་པོ་བརྐོ་རུ་བཅུག་པར་ཆུ་མིག་དྭངས་ལ་གཙང་བ་ཞིག་དངོས་འབྲེལ་བྱུང་། ཟླ་གསུམ་པར་མཁར་གསུམ་པོ་འགྲུབ། དབྱར་ཟླ་བཞི་པའི་ཚེས་ལྔའི་ཉིན། དབྱང་ཁྲའོ་ཧྲེང་གི་དམག་དཔུང་ཕྱིར་ལོག་སྟེ་མ་ལིང་རྫོང་དུ་འབྱོར་དུས། བོད་ཀྱིས་ད་གཟོད་དམག་དཔུང་ར་མདར་བཏང་ཡང་ཉིན་འགའི་བར་ཐག་ཆོད་པས་ཕྱིར་ལོག  དབྱང་ཁྲའོ་ཧྲེང་གིས་ཡང་མ་ལིང་རྫོང་དུ་མཁར་བརྩིགས་ནས་ལོག  ལེ་དབར་སུམ་བརྒྱའི་ས་རྒྱ་ཆེ་རུ་བསྐྱེད་པ་སོགས་དོན་དག་ཚང་མ་ཁོས་དཔགས་པའི་དུས་ཡུན་ཇི་བཞིན་འགྲུབ།

(བམ་པོ235པའི་ཤོག་ངོས16པ། 7576-7577)

(ཟླ་དང་པོ)བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་འདས། དེའི་བུ་མུ་ནེ་བཙན་པོ་རྒྱལ་ཁྲིར་འཁོད།71

(བམ་པོ235པའི་ཤོག་ངོས17པ། 7577)

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཀྱི་ཉིན། ཝེ་ཀའོ་ཡིས་བོད་དམག་རྒོལ་དུ་བྱུང་བ་དང་སོས་ཀྲོའུ་ཡི་ཚི་ཧྲི་དཔོན་པོ་ཀའོ་ཧྲི་ཡིས་ཐའེ་ཏེང་མཁར་འདབས་སུ་བོད་དམག་ཕམ་ཚུལ་གོང་མར་སྙན་སེང་ཞུས།

(བམ་པོ235པའི་ཤོག་ངོས17པ། 7577)

1_18 ཀྲེན་ཡོན་ཁྲི་ལོ་བཅུ་བཞི་པ། (སྤྱི་ལོ798པ)

(ཟླ་བཅུ་པ)ཚེས་ཉེར་བཞིའི་ཉིན་ཞ་ཀྲོའུ་ཡི་ཅེ་ཏུའུ་ཧྲི་ཧན་ཆོན་དབྱི་ཡིས་ཡན་ཀྲོའུ་ཡི་ནུབ་བྱང་དུ་བོད་དམག་ཕམ་ཚུལ་གོང་མར་ཞུས།

(བམ་པོ235པའི་ཤོག་ངོས21པ། 7581)

1_19 ཀྲེན་ཡོན་ཁྲི་ལོ་བཅོ་ལྔ་པ། (སྤྱི་ལོ799པ)

(ཟླ་བཞི་པ)ནན་ཀྲོའུ་ཡི་དབྱི་མུའུ་ཞུན་གྱིས་ཝེ་ཀའོ་ཡོད་སར་བང་ཆེན་མངགས་ཏེ་མཉམ་དུ་བོད་ལ་རྒོལ་རྒྱུའི་སྐོར་གྲོས་མོལ་བྱས། ཝེ་ཀའོ་ཡིས་དམག་འབྲུ་འཛོམས་མེད་པས་ཕྱིས་ཀྱི་ལོར་བསྒུག་དགོས་ཚུལ་སྨྲས།

(བམ་པོ235པའི་ཤོག་ངོས22པ། 7583)

(ཟླ་བཅུ་གཉིས་པ)བོད་དམག་ལྔ་ཁྲི་ཁག་གཉིས་སུ་བགོས་ནས་ནན་ཀྲའོ་དང་སོས་ཀྲོའུ་རུ་དྲངས། དབྱི་མུའུ་ཞུན་དང་ཝེ་ཀའོ་གཉིས་ཀྱིས་སོ་སོར་དམག་དཔུང་བཏང་ནས་བཀག་པས་བོད་དམག་ལ་ཁེ་བཟང་མ་རག་པར་ཕྱིར་ལོག

(བམ་པོ235པའི་ཤོག་ངོས25པ། 7585)

1_20 ཀྲེན་ཡོན་ཁྲི་ལོ་བཅུ་དྲུག་པ། (སྤྱི་ལོ800པ)

(ཟླ་ལྔ་པ)ལིང་ཀྲོའུ་ཡི་དམག་དཔུང་གིས་ཝུའུ་ལན་ཟམ་པར72བོད་དམག་ཕམ།

(བམ་པོ235པའི་ཤོག་ངོས28པ། 7589)

ཝེ་ཀའོ་ཡིས་བོད་དམག་ཐེངས་དུ་མར་ཕམ་པར་བྱས་པས། ལོ་འདིར་བོད་ཀྱི་མངའ་ཁོངས་ཀྱི་ནང་ཀོང་དང་ལ་ཁྲེང་སོགས་ས་ཆ་དགུའི་ཅེ་ཏུའུ་ཧྲི་ཡི་གོ་ཐོབ་ཅན་ཡིང་ཞེས་པ་དང་དཔོན་པོ་མ་ཏིང་ཏེ་གཉིས་ཀྱིས་རང་འོག་ཚོ་བའི་མི་ཁྲིད་དེ་ཐང་ལ་མགོ་བཏགས། མ་ཏིང་ཏེ་ཐབས་ཇུས་ལ་མཁས་པས་བོད་ཀྱི་དམག་དཔོན་རྣམས་ཀྱིས་དམག་འདྲེན་དུས་སུ་ཚང་མ་ཁོའི་ཐབས་ལ་བརྟེན་གྱི་ཡོད། ཁོ་རང་རྒྱུན་པར་རྟར་བཞོན་ཏེ་དམག་དཔོན་རྣམས་ལ་ཐབས་ཇུས་འདོན་དུ་འགྲོ། ད་ཆ་དམག་ཐེངས་འགར་ཕམ་པས་ཉེས་ཆད་གཅོད་པར་འཇིགས་ནས་མགོ་འདོགས་སུ་འོངས་པ་རེད།

(བམ་པོ235པའི་ཤོག་ངོས32པ། 7593)

1_21 ཀྲེན་ཡོན་ཁྲི་ལོ་བཅུ་བདུན་པ། (སྤྱི་ལོ801པ)

(ཟླ་ལྔ་པ)ཧྲོ་ཧྥང་གི་པིན་ཀྲོའུ་དང་། ཉུང་ཀྲོའུ་རུ་དམག་སྒར་བཏབ་ནས་སྟོན་བསྲུངས། ཚེས་ཉེར་བཞིའི་ཉིན་ཚེ་ལས་འདས།

(བམ་པོ236པའི་ཤོག་ངོས་དང་པོ། 7595)

སྟོན་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་བོད་དམག་ཡན་ཀྲོའུ་ལ་དྲངས།

(བམ་པོ236པའི་ཤོག་ངོས4པ། 7597)

ཚེས་ཉེར་དགུའི་ཉིན་བོད་དམག་གིས་ལིངས་ཀྲོའུ་ཕབ། དེའི་ཚི་ཧྲི་དཔོན་པོ་ཀོ་ཧྥེང་བསད། མཁར་རྨང་ནས་བཤིགས། གྲོང་མི་དང་ཏང་ཞང་གི་ཚོ་བའི་མི་འཕྲོག་ནས་ལོག་ཀོ་ཧྥེང་ནི་ཀོ་ཡའོ73ཡི་བུ་ཡིན།

བཙུན་པ་ཡན་སུའུ་ཞེས་པའང་བོད་ཀྱིས་བཟུང་། བོད་ཀྱི་དམག་དཔོན་མིང་ལ་ཞུའུ་ཧྲེ་རེན་ཞེས་པ་དེས་ཡན་སུའུ་ལ་“ཁོ་བོ་ནི་ཡིང་ཀུང74གི་བུ་རབས་ལྔ་པ་ཡིན། རྒྱལ་མོ་ཝུའུ་ཙེ་ཐེན་གྱི་དུས་སུ་ཁོ་བོའི་མེས་པོས་འོས་ལངས་བསླངས་པ་ཕམ་སྟབས75བུ་དང་ཚ་བོ་རྣམས་གཞན་ཡུལ་དུ་འཁྱར། ཁོ་བོ་ཅག་གིས་མི་རབས་རྒྱུད་དུ་བོད་ཀྱི་ཐོབ་གོ་ས་བཟུང་ཞིང་དམག་དཔུང་ལ་ཁ་ལོ་བསྒྱུར་བཞིན་ཡོད་མོད། རིགས་རུས་ཀྱི་ཁུངས་རྩ་ནམ་ཡང་ཡིད་ནས་བརྗེད་མ་མྱོང་། འོན་ཀྱང་ཁྱིམ་མི་མང་བས་རང་གཅིག་པུ་འབྲོ་ཐབས་མི་འདུག   ད་ཆ་ཁྱོད་རང་ཕྱིར་བཏང་ཆོག”ཅེས་གློད།

(བམ་པོ236པའི་ཤོག་ངོས4པ། 7597)

གོང་མས་བང་ཆེན་མངགས་ནས་ཝེ་ཀའོ་ལ་བོད་ནང་དུ་དམག་དཔུང་ཟབ་ཞུགས་ཀྱིས་བོད་ཀྱི་དཔུང་ཤུགས་ཁ་བཀྲམ་སྟེ་བྱང་རྒྱུད་མཐའ་མཚམས་ཀྱི་གནོད་པ་ཆུང་དུ་གཏོང་ཐབས་བྱ་དགོས་པའི་བཀའ་ཕབ། ཝེ་ཀའོ་ཡིས་དམག་མི་ཉིས་ཁྲི་ལམ་དགུར་བགོས་ཏེ་བོད་ཀྱི་ཝི་ཀྲོའུ་དང་། པའོ་ཀྲོའུ། སང་ཀྲོའུ། ཆི་ཅི་དང་ལའོ་ཝུན་མཁར76སོགས་ལ་རྒོལ་དུ་ཆས།

(བམ་པོ236པའི་ཤོག་ངོས4པ། 7598)

ཟླ་དགུ་པར། ཝེ་ཀའོ་ཡིས་ཡ་ཀྲོའུ་རུ་བོད་དམག་ལ་ཕམ་ཁ་ཆེན་ཁོ་བསྐུར་ཚུལ་གོང་མར་ཞུས།

(བམ་པོ་236པའི་ཤོག་ངོས5པ། 7598)

ཝེ་ཀའོ་ཡིས་བོད་དམག་ཐེངས་མང་ཕམ་པ་དང་། ལེ་དབར་སྟོང་གི་སའི་ཁྱོན་དུ་རུ་དཔུང་ཡར་འདྲེན་མར་འཁྲིད་ཀྱིས་གཡུལ་བཀྱེས། ཁྱོན་བསྡོམས་མཁར་བདུན་དང་དམག་སྡེ་ལྔ་ཕབ། མཁར་རྫོང་བརྒྱ་དང་ལྔ་བཅུ་མེར་བསྲེགས། མི་ཁྲི་ལྷག་གི་མགོ་བཅད། དགྲ་ཟླ་དྲུག་སྟོང་བཟུང་། དུད་ཁྱིམ་སུམ་སྟོང་མགོ་བཏགས། དེ་ནས་ཝི་ཀྲོའུ་མཁར་དང་ཁུན་མིང་མཁར་བསྐོར། དགུན་ཟླ་བཅུ་པའི་ཙེས་བཅུ་གཅིག་གི་ཉིན། གོང་མས་ཝེ་ཀའོ་ཡི་གོ་གནས་ཅན་ཞའོ་སི་ཐུའུ(ཞིབ་དཔྱོད་སི་ཐུའུ)དཔོན་དང་ཀྲུང་ཧྲུའུ་ལས་ཁུངས་ཀྱི་གཙོ་སྐྱོང་གཅིག་ལྕོགས་སུ་སྤར། ནན་ཁང་ཀྱུན་ཝང་ཞེས་པའི་ཆོ་ལོ་བསྩལ། ནན་ཀྲའོ་ཡི་རྒྱལ་པོ་དབྱི་མུའུ་ཞུན་གྱིས་བོད་དམག་དེ་ལས་མང་བ་བཟུང་བས་གོང་མས་བང་ཆེན་མངགས་ནས་ཁོར་སེམས་གསོ་གནང་།

(བམ་པོ236པའི་ཤོག་ངོས5པ། 7598)

ཚེས་ཉེར་དགུའི་ཉིན། ཡན་ཀྲོའུ་ཡི་ཚི་ཧྲི་དཔོན་པོ་ཏུའུ་ཡན་ཞན་གྱིས་མཁར་དོར་ཏེ་ཆིང་ཀྲོའུ་རུ་བྲོས།77

(བམ་པོ236པའི་ཤོག་ངོས5པ།7598)

1_22 ཀྲེན་ཡོན་ཁྲི་ལོ་བཅོ་བརྒྱད་པ། (སྤྱི་ལོ802པ)

(ཟླ་དང་པོ)བོད་ཀྱིས་བློན་ཆེན་པོ་དང་ཤར་རྒྱུད་ཏའོ་ལྔའི་ཅེ་ཏུའུ་ཧྲི་གཅིག་ལྕོགས་བློན་མང་བཞེར་ལ་དམག་མི་འབུམ་གཅིག་འཁྲིད་དུ་བཅུག་ནས་ཝི་ཀྲོའུ་སྐྱོབ་ཏུ་མངགས། ཞི་ཁྲོན་གྱི་དམག་དཔུང་ས་བབ་བཙན་སར་སྦས་ནས་བསྒུགས་ཤིང་། བོད་དམག་འབྱོར་བ་དང་མི་སྟོང་གཅིག་འཐབ་མོ་སློང་དུ་སོང་། དགྲ་བོའི་དམག་དཔུང་ཚང་མ་དེའི་ར་མདར་ཡོང་བའི་སྐབས་སུ་འཇབ་དམག་ཕྱིར་ཐོན་ནས་འཐབ་པས་བོད་དམག་ཆེར་ཕམ། བློན་མང་བཞེར་འཇུས། བོད་དམག་ཕྱེད་ཀ་ལས་མང་བ་ཤི། ཝི་ཀྲོའུ་དང་ཁུན་མིང་ལེན་མ་ཐུབ་པས་དམག་དཔུང་ཁྲིད་ནས་ཕྱིར་ལོག   ཚེས་བཅོ་བརྒྱད་ཀྱི་ཉིན་ཝེ་ཀའོ་ཡིས་མི་མངགས་ཏེ་བློན་མང་བཞེར་རྒྱལ་སར་བསྐྱལ་ཀྱང་གོང་མས་ཉེས་པ་མེད་པར་བྱས།

(བམ་པོ236པའི་ཤོག་ངོས5པ། 7599)

1_23 ཀྲེན་ཡོན་ཁྲི་ལོ་བཅུ་དགུ་པ། (སྤྱི་ལོ803པ)

དབྱར་ཟླ་བཞི་པར། ཅིང་ཡོན་གྱི་ཅེ་ཏུའུ་ཧྲི་ལིའུ་ཁྲང་གིས་ཞུ་ཡིག་ཕུལ་ཏེ་ཡོན་ཀྲོའུ་ཡི་སྲིད་གཞུང་ཕིང་ལེང་དུ་སྤོ་ཆོག་མིན་ཞུས་པས་གོང་མས་དེ་བཞིན་དགོངས་པ་འཁྲོལ།

(བམ་པོ236པའི་ཤོག་ངོས7པ། 7601)

ཚེས་ཉེར་དྲུག་གི་ཉིན། བོད་ཀྱིས་ཕོ་ཉ་བློན་རྒྱལ་བཞེར་ཐང་ལ་སྐྱེས་འབུལ་དུ་མངགས།

(བམ་པོ236པའི་ཤོག་ངོས7པ། 7601)

(ཟླ་དྲུག་པ)ཚེས་བཅུ་གསུམ་གྱི་ཉིན། གཡས་རུའི་ལུང་ཝུའུ་དམག་དཔོན་ཆེན་མོ་ཞུའེ་ཕི་བོད་དུ་ཕོ་ཉར་མངགས།

(བམ་པོ236པའི་ཤོག་ངོས7པ། 7601)

1_24 ཀྲེན་ཡོན་ཁྲི་ལོ་ཉི་ཤུ་བ། (སྤྱི་ལོ804པ)

(ཟླ་དང་པོ)བོད་ཀྱི་བཙན་པོ་འདས་པས་གཅུང78རྒྱལ་སར་བཀོད།

(བམ་པོ236པའི་ཤོག་ངོས11པ། 7605)

2 མཆན་འགྲེལ།

1.འདི་མཆིམས་གཟིགས་ཞེས་པ་ཡིན་ནམ་བརྟག་པར་འཚལ།

2.རྒྱ་ཡིག་གི་མ་ཕྱིའི་མཆན་འགྲེལ་དུ་འདིའི་ཡུན་ཀྲོའུ་ཞེས་པ་ལིང་ཀྲོའུ་ཡིན་འོས་པར་བརྗོད།

3.རི་བོ་ཧོ་ལན་ཧྲན་ནི་ད་ལྟའི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད། རི་འདིའི་མིང་ལ་བོད་སྐད་དུ་གླང་རི་ཟེར་ཚུལ་གཞན་ལས་ཐོས་མོད་ཁུངས་ཡོད་མེད་མ་ངེས།

4.ཆིང་ཧྲུའེ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཆིང་ཧྲུའེ་རྫོང(清水县)ཡིན།

5.འདིར་སྤྱི་ལོ782ལོར་ཐང་གི་བློན་ཆེན་ཀྲུའུ་ཚི་ངོ་ལོག་སྟེ་ཅིང་ཡོན་སྲིད་འགྱུར་བསླངས་པར་བརྟེན་ཐང་གི་གོང་མ་ཏེ་ཙུང་ཧྥིང་ཐེན་དུ་བྲོས་ཏེ་རྒྱལ་ས་ཤོར་བས་དེ་ལྟར་བརྗོད།

6.འདིར་ལོ་ཧོའི་ཀོང་བསྟན། 

7.ཞེ་ཀུའེ་ཞེས་པ་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཐའེ་པའེ་རྫོང(太白县)དུ་ཡོད།

8.ཝུའུ་ཀུང་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཞན་དབྱང་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཝུའུ་ཀུང་རྫོང(武功县)ཡིན།

9.དེ་ས་བབ་མཐོ་ཞིང་ངོ་སྙོམས། ཝུའུ་ཀོང་རྫོང་གི་ནུབ་ཕྱོགས་སུ་ཡོད་པས་ཞི་ཡོན(西原)དུ་ཐོགས། རྒྱ་ཡིག་གི་མ་ཕྱིའི་མཆན།

10.ཁྱི་དང་ལུག་ལྟ་བུའི་དཔུང་དམག་ཞེས་པ་འདིར་བོད་དམག་བསྟན།

11.ཞི་ཁྲེང་ཐུན་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཀྲེན་ཡོན་རྫོང(镇原县)གི་ཤར་ཕྱོགས་སུ་ཡོད།

12.ཧའོ་ཀྲི་རྫོང་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཡུང་ཧྲོའུ་རྫོང(永寿县)གི་ཧའོ་ཀྲི་ཧོ་གྲོང་རྡལ།(好峙河镇)

13.འདིར་ཐེངས་སྔོན་མར་གོང་མ་རྒྱལ་ས་ནས་བྲོས་ནས་སླར་ལོག་ཐུབ་པ་བྱུང་བ་དེ་བསྟན།

14.ཆན་ཁྲེང་མཁར་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཆན་དབྱང་རྫོང(千阳县)གི་ཁོངས་སུ་ཡོད། 

15.ལི་ཁྲེང་སྐབས་དེར་ཀྲུང་ཧྲུའུ་ལས་ཁུངས་ཀྱི་གཙོ་སྐྱོང་ཡིན་པས་དེ་ལྟར་བརྗོད་པ་ཡིན། འདི་ནི་ཞང་རྒྱལ་བཙན་གྱིས་ལི་ཁྲེང་དང་གོང་མའི་ར་དབྱེན་བྱེད་ཆེད་དེ་ལྟར་སྨྲས་པ་ཡིན། རྒྱ་ཡིག་མ་ཕྱིའི་མཆན།

16.ཡེ་ཧྲི་ནི་མཐའ་འཁོབ་མི་རིགས་ཀྱི་རུས་ཤིག་དང་ལེང་ཧྥུ་ནི་མིང་ཡིན། རྒྱ་ཡིག་མ་ཕྱིའི་མཆན།

17.ཧོ་ཧྲུའེ་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཆིང་དབྱང་རྫོང(庆阳县)གྱི་ཤར་ཕྱོགས་སུ་ཡོད།

18.ཕིང་ཁྲོན་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཧྭ་ཁྲི་རྫོང(华池县)གི་ཤར་ལྷོར་ཡོད།

19.ཧྲི་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧྲན་ཞི་ཞིང་ཆེན་གྱི་ལི་ཧྲི་རྫོང(离石县)དུ་ཡོད། 

20.ཧོ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧྲན་ཞི་ཞིང་ཆེན་གྱི་ཧྲོ་རྫོང(塑县)གི་ལྷོ་ནུབ་ཏུ་ཡོད།

21.ཞི་ལུའུ་རྫོང་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཞི་ཁྲང་གྲོང་ཁྱེར(西昌市)གྱི་ལྷོ་ནུབ་ཏུ་ཡོད།

22.འདིའི་རྒྱལ་ཁག་བརྒྱད་ཅེས་པ་ནི་རྒྱའི་ལོ་རྒྱུས་དག་ཏུ་ཞི་ཧྲན་རྒྱལ་ཁག་བརྒྱད(西山八国)དུ་འབོད་པའི་ཚོ་བ་ཁག་སྟེ། པའེ་ཀོའུ་ཆཱང་། (白狗羌)ཀེ་ལིན་ཆཱང་། (哥邻羌) པུའུ་ཙུའུ་ཆཱང་། (逋租羌) ནན་ཡུང་ཆཱང་། (南永强)རོག་ཆུའི་ཆཱང་། (弱水枪)ཞི་ཏུང་ཆཱང་། (悉董强) ཆིང་ཡོན་ཆཱང་། (清远强)ཏོ་པ་ཆཱང་། (咄巴羌) བཅས་ཡིན། རྒྱལ་ཁག་དེ་་དག་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་འབར་ཁམས་གྲོང་རྡལ(马尔康)གྱི་ལྷོ་རྒྱུད་དུ་ཡོད།

23.ལི་ཧྲོའུ་རྫོང་ནི་ད་ལྟའི་ཧོ་པེ་ཞིང་ཆེན་གྱི་ཞན་རྫོང(县献)ཡིན།

24.འདིར་ཁོས་ཧུན་ཅན་དང་ལྷན་དུ་ཀྲུའུ་ཚིར་དམག་དྲངས་མྱོང་བ་དེ་བསྟན།   རྒྱ་ཡིག་གི་མ་ཕྱིའི་མཆན།

25.ཕིང་ལེང་ཁྲོན་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཕིང་ལེང་རྫོང(平凉县)གི་ནུབ་བྱང་དུ་ཡོད།

26.ལི་ཁྲེང་ནི་ཐའོ་ཀྲོའུ་ཡི་མི་ཡིན་ཞིང་ཝང་ཀྲུང་སི་དང་ལི་པའོ་ཡུས་ཀྱི་ལག་འོག་ཏུ་དུས་ཡུན་རིང་པོར་བསྡད་དེ་བྱས་རྗེས་བཞག་མྱོང་། རྒྱ་ཡིག་མ་ཕྱིའི་མཆན།

27.ལོ་ཁོའུ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཅོག་ལ་རྫོང(庄狼县)གི་ཤར་ལྷོར་ཡོད།

28.པའེ་ཆོན་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཕིང་ལེང་རྫོང(平凉县)གི་ནུབ་བྱང་དུ་ཡོད།

29.ཡོན་ཀྲོའུ་ནི་ཀོང་ཏེ་ཁྲི་ལོའི་དུས་སུ་བོད་ལ་ཤོར། མཁར་བཤིགས་ཏེ་ཤུལ་ཙམ་ལས་ལྷག་མེད་པས་དེ་སྔའི་ཡོན་ཀྲོའུ་ཞེས་བརྗོད་པ་ཡིན།  རྒྱ་ཡིག་མ་ཕྱིའི་མཆན།

30.སྐབས་འདིའི་ཆཱང་ཞེས་པ་ཏང་ཞང་ངམ་མི་ཉག་ལ་གོ་དགོས་པ་འདྲ།

31.ཝུའུ་ཧྲན་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ལུང་རྫོང(陇县)གི་ལྷོ་ནུབ་ཏུ་ཡོད། ཧྭ་ིང་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཧྭ་ཐིང་རྫོང(华亭县)ཡིན།

32.ཨན་ཧྭ་འགག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཆིང་ཧྲུའེ་རྫོང(清水县)གི་ཤར་ཕྱོགས་སུ་ཡོད།

33.ཨན་ཆིང་ཞུས་ནི་ཐང་ཞོན་ཙུང་གི་དུས་སུ་ཐང་ལ་ངོ་ལོག་པའི་མཐའ་མཚམས་ཀྱི་བློན་ཆེན་ཨན་ལུའུ་ཧྲན་གྱི་བུ་ཡིན།

34.ཞང་ཅི་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཁྲང་ཨན་རྫོང(长安县)གི་ལྷོ་ཕྱོགས་སུ་ཡོད།

35.རི་བོ་ཚུང་ལིང་ཞེས་པ་ནི་ཕ་སྨིར་མཐོ་སྒང་དང་རི་བོ་ཁ་ལ་ཁུ་ནུ་སོགས་ད་ལྟའི་ཞིན་ཅང་ནུབ་ཕྱོགས་ཀྱི་རི་རྒྱུད་སྤྱིའི་མིང་།

36.ལེན་ཡུན་མཁར་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཅིང་ཁྲོན་རྫོང(泾川县)གི་ནུབ་ཕྱོགས་སུ་ཡོད།

37.ཐན་ཀྲེང་འགག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཧྭ་ཐིང་རྫོང(华亭县)དུ་ཡོད།

38.ཧྥིང་དབྱི་མཁར་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཀྲེན་ཡོན་རྫོང(镇原县)གི་ཤར་ཕྱོགས་སུ་ཡོད།

39.ཁྲང་ཝུའུ་མཁར་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཁྲང་ཝུའུ་རྫོང(长武县)དུ་ཡོད།

40.པེན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧོ་ནན་ཞིང་ཆེན་གྱི་ཁའེ་ཧྥེང་གྲོང་ཁྱེར(开封市)ཡིན།

41.པའེ་ཆི་ནི་ཀྲན་གོའི་དུས་སྐབས་ཀྱི་ཆིན་རྒྱལ་ཁབ་ཀྱི་དམག་དོན་གྲགས་ཅན་ཞིག་ཡིན།

42.ཏུའུ་ཡིའུ་ནི་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཞི་ཨན་གྲོང་ཁྱེར(西安市)གྱི་ནུབ་བྱང་དུ་ཡོད།

43.པའེ་ཆི་ཏུའུ་ཡིའུ་ས་ཆར་འདས་པས་དེར་ཁོའི་ལྷ་ཁང་རྙིང་པ་ཡོད། རྒྱ་ཡིག་མ་ཕྱིའི་མཆན།

44.ཐང་གི་སྐབས་སུ་ཐའེ་ཝེ་དང་། སི་ཐུའུ་བློན་ཆེན། སི་ཁུང་བློན་ཆེན་བཅས་ལ་གུང་གསུམ་དུ་འབོད། རྒྱ་ཡིག་མ་ཕྱིའི་མཆན།

45.ཞི་ཏེ་དང་ཡུ་གུར་གཉིས་ཀ་ཐེ་ལེ་ལས་ཆད་ཀྱང་ཚོ་བ་ཡན་གར་བ་ཡིན། རྒྱ་ཡིག་མ་ཕྱིའི་མཆན།

46.ཚིག་འདིའི་དོན་ནི་ཡུ་གུར་གྱི་མིང་རྒྱ་ཡིག་ཏུ་སྔོན་དུས་སུ....ཞེས་འབྲི་བ་སྐབས་འདིར།...རུ་བསྒྱུར་ཞེས་པའོ། ཡུ་གུར་གྱི་མིང་རྒྱའི་གནའ་རབས་ལོ་རྒྱུས་སུ་.........སོགས་འབྲི་སྟངས་སྣ་ཚོགས་མཆིས།

47.ཉག་ཆུའི་ཆུ་རྔ་དང་། ཉག་ཆུ་དང་འབྲི་ཆུ་གཉིས་འདྲེས་རྗེས་ཀྱི་ཆུ་རྒྱུད་དེར་རྒྱས་ལུའུ་ཆུ(泸水)ཟེར།

48.ཧུའེ་ཁྲོན་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཧུའེ་ལི་རྫོང(会理县)གི་ནུབ་ཕྱོགས་སུ་ཡོད།

49.ལེང་ལིན་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཞི་ཏེ་རྫོང(喜德县)གི་ཤར་ཕྱོགས་སུ་ཡོད།

50.པིའོ་ཕང་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཞི་ཁྲང་གྲོང་ཁྱེར(西昌市)གྱི་ནུབ་བྱང་དུ་ཡོད།

51.ཐུང་ཧྲན་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཧན་ཡོན་རྫོང(汉源县)གི་ནུབ་བྱང་དུ་ཡོད།

52.ཡའོ་ཁྲུང་མཁར་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཧན་ཡོན་རྫོང(汉源县)གི་ཤར་ལྷོར་ཡོད།

53.ཐའེ་ཏེང་གྲོག་མོ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་མེན་ཉིང་རྫོང(冕宁县)གི་ལྷོ་ཕྱོགས་སུ་ཡོད།

54.ཁྲའོ་ཀུའུ་མཁར་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཕིང་ལིང་རྫོང(平凉县)གི་ཤར་ཕྱོགས་སུ་ཡོད།

55.ཝུའུ་ཏེང་ཚོ་བ་ནི་མྱྭ་ནག་པོར་ཚོ་བ་བདུན་ཡོད་པའི་ནང་གི་ཚོ་བ་གཙོ་བོ་ཡིན། ཚོ་བ་དེ་ད་ལྟའི་ཟི་ཁྲོན་ཞིང་ཆེན་གྱི་ཀྲའོ་ཅུའེ(昭觉)རྫོང་དུ་ཡོད་པ་དང་། དེའི་མངའ་འོག་གི་ཚོ་བ་གཞན་དྲུག་ད་ལྟའི་ཟི་ཁྲོན་ཞིང་ཆེན་གྱི་ཀྲའོ་ཅུའེ(昭觉)དང་། ཡུའེ་ཞི།(越西)  མེན་ཉིང་།(冕宁)  ཞི་ཏེ(喜德)བཅས་རྫོང་རྣམས་སུ་ཐར་ཐོར་དུ་ཡོད།

56.ཕི་ཕ་ཁྲོན་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཡན་ཡོན་རྫོང(盐源县)དུ་ཡོད།

57.ཏིང་ཡོན་མཁར་འདི་ནི་ད་ལྟའི་ཉིང་ཞ་ཧུའེ་རང་སྐྱོང་ལྗོངས་ཀྱི་ཕིང་ལོ་རྫོང(平罗县)དུ་ཡོད།

58.ཧོའི་ཡོན་མཁར་ནི་ད་ལྟའི་ཉིང་ཞ་ཧུའེ་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར(银川市)དུ་ཡོད།

59.ཧེ་ཧྲུའི་མཁར་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་འབྲུག་ཆུ་རྫོང(舟曲县)གི་ལྷོ་ནུབ་ཏུ་ཡོད།

60.མུའུ་པོ་མཁར་རྫོང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཧོན་རྫོང(环县)གི་ཤར་ལྷོར་ཡོད།

61.ཁའེ་ཡོན་དང་ཐེན་པའོ་ཁྲི་ལོའི་སྐབས་ཀྱི་ནུབ་དང་བྱང་གི་རྒྱལ་ཁབ་གཉིས་ནི་ནུབ་བོད་དང་བྱང་གྲུ་གུར་གོ་བ་དང་། རྒྱལ་ཁབ་བསྐྱར་དར་བྱུང་རྗེས་ཀྱི་རྒྱལ་ཁབ་གཉིས་ཞེས་པ་ནུབ་བོད་དང་བྱང་ཡུ་གུར་ལ་གོ་དགོས། རྒྱ་ཡིག་མ་ཕྱིའི་མཆན།

62.ཧྲེན་ཚེ་ཅུན་ཞེས་པ་འདི་མ་གཞི་ཀེ་ཧྲུའུ་ཧན་གྱིས་བཙུགས་པའི་ནུབ་ཕྱོགས་ཀྱི་མཐའ་མཚམས་སྲུང་བའི་དམག་དཔུང་ཡིན་ཡང་ཕྱིས་སུ་རྒྱལ་ས་སྲུང་མཁན་གྱི་དམག་དཔུང་དུ་བསྒྱུར།

63.ཆའན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཕེང་ཧྲུའེ་རྫོང(彭水县)དུ་ཡོད། མངའ་ཁོངས་སུ་ད་ལྟའི་ཕེང་ཧྲུའེ་དང་ཆའན་ཅང(黔江)སོགས་རྫོང་དང་ས་ཁུལ་ཁག་མཆིས། ཨན་ནན་ནི་ད་ལྟའི་ཝེ་ཐེ་ནམ་རྒྱལ་ཁབ་ཡིན།

64.བཙན་པོའི་གཅུང་ཞེས་པ་ནི་བོད་ཀྱི་བཙན་པོས་གནང་བའི་ཆོ་ལོ་ཞིག་ཡིན་ཚུལ་དེབ་ཐེར་འདིར་བྱུང་བའི་ཞིང་ཏུན་ཧོང་ཡིག་རྙིང་དུ་བཀོད་པ་དང་མཐུན།

65.པཱ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང(毛县)གི་ནུབ་བྱང་དུ་ཡོད། མངའ་ཁོངས་སུ་མའོ་རྫོང་ནུབ་བྱང་གི་ས་ཆ་ཁག་ཅིག་འདུས།

66.མཁར་འདིའི་མིང་འབྲི་ཚུལ་མ་གཅིག་པ་མ་གཏོགས་ཡིན་རྒྱུ་གོང་འཁོད་ཅུས་མིའེ་མཁར་ཞེས་པ་དེ་ཡིན།

67.ཙང་ཀེ་ནི་ད་ལྟའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་དབུས་རྒྱུད་དང་ཡུན་ནན་ཞིང་ཆེན་ཤར་རྒྱུད་ཀྱི་ས་ཆ་ཁག་ཅིག་ལ་གོ་བ་དང་། ས་དེའི་གྲངས་ཉུང་མི་རིགས་ཀྱི་སྤྱི་མིང་ལ་རྒྱས་ཙང་ཀེམྱྭ(牂柯蜜)ཞེས་འབོད།

68.ཨོ་ཧའོ་མཁར་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆྰང་རིགས་རང་སྐྱོང་ཁུལ་གྱི་མའོ་ཝུན་རྫོང(茂汶县)གི་ནུབ་བྱང་དུ་ཡོད།

69.ཁུན་མིང་མཁར་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཡན་ཡོན་རྫོང(盐源县)དུ་ཡོད།

70.ཧྥང་ཆུས། ཧོ་ཏའོ། མུའུ་པོ་གསུམ་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཧོན་རྫོང(环县)གི་ཉེ་འཁོར་དུ་ཡོད།

71.འདི་རྒྱ་ཡིག་མ་ཕྱིར་ཡབ་སྲས་གཉིས་ཀྱི་མཚན་ལ་ཆི་ལི་བཙན(乞赞立)དང་ཙུའུ་ཀྲི་ཅན(足之煎)ཞེས་བྲིས་འདུག་མོད། ཚིག་དོན་སྔ་ཕྱིའི་བབ་ལ་དཔྱད་ན་སྔོན་མ་ཁྲི་སྲོང་ལྡེ་བཙན་དང་། ཕྱི་མ་མུ་ནེ་བཙན་པོ་ཡིན་པར་བསམས་ནས་དེ་ལྟར་བསྒྱུར།

72.ཝུའུ་ལན་ཟམ་པ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཅིང་ཡོན་རྫོང(靖远县)གི་བྱང་ཕྱོགས་ཧྲི་མོན(石门)ཞེས་པའི་ས་དེར་ཡོད།

73.ཀོ་ཡའོ་ནི་ཀོ་ཙི་དབྱིའི་བུ་ཡན། རྒྱ་ཡིག་མ་ཕྱིའི་མཆན།

74.ལི་ཅི་ལ་ཡིང་ཀོ་ཀུང་གི་ཆོ་ལོ་བསྩལ་བས་དེ་སྐད་བརྗོད། རྒྱ་ཡིག་མ་ཕྱིའི་མཆན།

75.འདིར་བརྗོད་པ་ནི་ཞུས་ཅིང་ཡེ་ཡིན། རྒྱ་ཡིག་མ་ཕྱིའི་མཆན།

76.ཆི་ཅི་མཁར་དང་ལའོ་ཝུན་མཁར་གཉིས་ཀ་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང(茂县)གི་ནུབ་བྱང་དུ་ཡོད།

77.བོད་དམག་གིས་མནན་པའི་རྐྱེན་གྱིས་བྲོས་པ་ཡིན། འདི་ལོའི་བར་ཡན་ཀྲོའུ་ཡི་མཁར་བརྩིགས་ནས་ལོ་བརྒྱད་མ་གཏོགས་འགོར་མེད།  རྒྱ་ཡིག་མ་ཕྱིའི་མཆན།

78.རྒྱལ་རབས་འདི་དང་ཐང་ཡིག་གསར་རྙིང་གཉིས་ཀར་ཀྲེན་ཡོན་ཁྲི་ལོ་ཉི་ཤུ་བ་སྟེ་སྤྱི་ལོ804ལོར་ཙུའུ་ཀྲི་ཅན(མུ་ནེ་བཙན་པོ)གྲོངས་རྗེས་དེའི་གཅུང་རྒྱལ་ཁྲིར་བཀོད་ཚུལ་ལས་གཅུང་གི་མཚན་གསལ་པོར་བཀོད་མི་འདུག་མོད་ཡིན་རྒྱུ་ཁྲི་ལྡེ་སྲོང་བཙན་ཡིན་པར་སྙམ། ཐང་ཡིག་རྙིང་མའི་ནང་དུ་ཁྲི་སྲོང་ལྡེ་བཙན་ཀྲེན་ཡོན་ཁྲི་ལོ་བཅུ་གསུམ་པ་སྟེ་སྤྱི་ལོ797ལོའི་ཟླ་བཞི་པར་གྲོངས་རྗེས་སྲས་ཆེ་བ་རྒྱལ་སར་བཀོད་པ་དང་། དེ་ལོ་གཅིག་མ་འདས་པར་གྲོངས་པས་སྲས་གཉིས་པ་རྒྱལ་ཁྲིར་མངའ་གསོལ་ཚུལ་བཀོད་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-25

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།