ཁའེ་ཡོན་ཁྲི་ལོ་ཉེར་བརྒྱད་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་ཉེར་བརྒྱད་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་ཉེར་བརྒྱད་པ། (སྤྱི་ལོ740)

(ཟླ་གསུམ་པ)ཀྲང་ཁྲོའུ་ཅན་ཆོང་གིས་མངོན་ཆུང་དང་ཨན་རུང་མཁར་དུ་ཡོད་པའི་བོད་ཀྱི་ཀྲའེ་ཏུའུ་ཅུས་ཞེས་པ་དང་ཝི་ཀྲོའུ1ཡི་པེ་ཅ(ཚི་ཧྲིའི་གཞོགས་འདེགས་དཔོན)ཏུང་ཁྲེང་ཡན་དང་ལྐོག་གྲོས་བགྱིས། ཀྲའེ་ཏུའུ་ཅུས་ཀྱིས་མཁར་སྒོ་ཕྱེ་སྟེ་ཐང་དམག་ནང་དུ་དྲངས་ནས་བོད་ཀྱི་དམག་དཔོན་དང་དམག་མི་མ་ལུས་པར་བསད། ཅན་ཁྲ་ཡུས་ཧྲི(ཞིབ་བཤེར་དཔོན་པོ)ཞུས་ཡོད་ལ་དམག་དང་བཅས་བསྲུང་དུ་བཅུག ཞུས་ཡོན་ནི་ཞུས་ཅིང་ཙུང་གི་ཡང་ཚ་རེད།

(བམ་པོ214པའི་ཤོག་ངོས33པ། 6840-6841)

ཟླ་དྲུག་པར། བོད་དམག་གིས་ཨན་རོང་མཁར་བསྐོར།

(བམ་པོ214པའི་ཤོག་ངོས34པ། 6842)

གོང་མས་ཀའེ་ཅ་ཡུན་གྱིས་བྱས་རྗེས་བཞག་པར་གཟེངས་བསྟོད་དང་བཅས་ཧོ་ཞི་དང་ལུང་ཡིའུ་ཡི་ཅེ་ཏུའུ་ཧྲིར་བསྐོས་ནས་བོད་འདུལ་བའི་དོན་དག་གཉེར་དུ་བཅུག ཀའེ་ཅ་ཡུན་ལ་གོང་མའི་དྲིན་གཟིགས་ཐོབ་གཤིས། དེར་ཞེན་ཆགས་ཀྱིས་རྒྱལ་ས་ནས་དུས་ཐོག་ཏུ་མ་ཐོན་པས་གཡོན་གྲལ་ཕྱིང་སང་བློན་ཆེན་ཕེ་ཡའོ་ཆིང་གིས་གོང་མར་ཞུ་ཡིག་ཕུལ་ཏེ་ན་རེ། “བློན་པོ་ཕྲན་གྱིས་ཉེ་ལམ་ཀའེ་ཅ་ཡུན་དང་མཉམ་དུ་ལས་ཀ་བྱེད་དུས་སུ་ཁོའི་སྤྱོད་སྟངས་ལ་བརྟགས་པ་ཡིན། ཁོ་རང་དཔའ་ཞིང་རྟུལ་ཕོད་ཆེ་བ་ངེས་པར་བདེན་མོད། ང་རྒྱལ་ཆེ་ཞིང་སྐད་ཆ་སྦོམ་པོ་སྨྲ་བས་དོན་དག་འགྲུབ་པར་དཀའ་སྙམ། འདས་པའི་དུས་སུ་ཁྲུའུ་རྒྱལ་ཁབ་ཀྱི་མོ་ཨའོ་ཞེས་པས་ཕུའུ་སའོ་ས་ཆར་དམག་རྒྱལ་བའི་ང་རྒྱལ་གྱིས་ཕྱིས་སུ་ཁྲུའུ་རྒྱལ་ཁབ་ཀྱི་དམག་ལ་ཕམ་ཁ་བྱུང་། ད་ལྟ་ཀའེ་ཅ་ཡུན་ལ་ཡང་དགྲ་བོར་མཐོང་ཆུང་བྱེད་པའི་ཁེངས་ཉམས་འདུག་པས་བློན་པོ་ཕྲན་སེམས་ཁྲལ་ཧ་ཅང་ཆེ། དེར་མ་ཟད་སྟོན་ཁར་དགྲར་ཟོན་པའི་དུས་ལ་སླེབ་ཉེ་ཡང་ད་དུང་དམག་དཔུང་ནམ་སྐྱོད་རྗོད་ཀྱི་མེད། གལ་སྲིད་ནམ་ཞིག་གློ་བུར་དུ་ཆས་དགོས་བྱུང་ཚེ། དམག་མི་རྣམས་ཕན་ཚུན་ངོ་ཡང་མི་ཤེས་པས་དགྲ་བོ་ཇི་ལྟར་འགོག་དགོས་སམ། གཞན་ཡང་དམག་དཔོན་རྣམས་ལ་དཔུང་འདྲེན་པའི་བཀའ་ཐོབ་རྗེས། གཤིན་སྒོ་བརྟོལ་ནས་ཕྱིར་འཐོན་དགོས་ཀྱི་ཡོད་མོད།2 ད་ཆ་ཀའེ་ཅ་ཡུན་ནི་ཉིན་མཚན་མེད་པར་ར་བཟི་ནས་ཡོད་པས། རྒྱལ་ཁབ་ལ་སེསམ་ཁུར་དང་འབངས་ལ་བྱམས་པའི་སེམས་ཅུང་ཟད་ཀྱང་མི་ལྡན། གལ་སྲིད་ཁོ་རང་བསྐོ་མངག་བྱེད་པའི་དོན་དེར་འགྱུར་བ་གཏོང་མི་རུང་ཚེ་གང་མྱུར་ལམ་དུ་མངགས་པས་དགའ། དེར་མ་ཟད་གོང་མས་དྲིན་གྱིས་བསྐྱངས་ཏེ་བསླབ་སྡོམ་ནན་དྲག་གནང་བར་འཚལ”ཞེས་ཞུས། དེར་གོང་མས་ཀའེ་ཅ་ཡུན་བསྐྱོད་པར་བཀས་བསྐུལ། ཁོ་རང་མཐའ་མཚམས་སུ་བསྐྱོད་ཀྱང་བྱས་རྗེས་གང་ཡང་འཇོག་མ་ཐུབ།

(བམ་པོ214པའི་ཤོག་ངོས34པ། 6842)

(ཟླ་བཅུ་པ)བོད་ཀྱིས་ཨན་རོང་མཁར་དང་ཝི་ཀྲོའུ་རུ་དམག་དྲངས། ཀོན་ཀྲུང་ས་ཆའི་རྟ་དམག་སྐྱོབ་ཏུ་མངགས་པས་བོད་དམག་ཕྱིར་འཐེན། ཨན་རོང་མཁར་གྱི་མིང་ཕིང་རོང་མཁར་དུ་བསྒྱུར།

(བམ་པོ214པའི་ཤོག་ངོས་35པ། 6842)

(ཟླ་བཅུ་གཉིས་པ།)གྱིམ་ཤང་ཀོང་ཇོ་གྲོངས།3 བོད་ཀྱིས་དེ་ལུགས་བརྡ་བཏང་ཞིང་འདུམ་རྒྱུའི་འདུན་པ་ཞུས་ཀྱང་གོང་མས་དགོངས་འཁྲོལ་མ་གནང་།

(བམ་པོ214པའི་ཤོག་ངོས་36པ། 6843)

2 མཆན་འགྲེལ།

1.ཝི་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་ལི་རྫོང(理县)གི་ཤར་ལྷོར་ཡོད། མངའ་ཁོངས་ད་ལྟའི་ལི་རྫོང་དང་མཉམ།

2.རྒྱའི་གནའ་བོའི་སྲོལ་ལ་འདས་མཆོད་བྱེད་དུས་བྱང་སྒོ་ནས་འཐོན་གྱི་ཡོད་ཅིང་དེར་གཤིན་སྒོ་ཟེར། དམག་དཔོན་གྱིས་གོང་མའི་བཀའ་དང་དུ་བླངས་ཏེ་གཤིན་སྒོ་ནས་དམག་ལ་ཆས་པ་ནི་གཅེས་པའི་སྲོག་ཀྱང་འདོར་ཕོད་པའི་སེམས་ཤུགས་མཚོན་པའི་ཆེད་དུ་ཡིན།

3.ཏུན་ཧོང་ཡིག་རྙིང་ལྟར་ན་ཡོས་ལོ་སྟེ་སྤྱི་ལོ739ལོར་གྱིམ་ཤིང་ཀོང་ཇོ་གྲོངས་པར་བརྗོད་པས་ལོ་གཅིག་གི་རྗེས་སུ་གཞི་ནས་ཐང་ལ་བརྡ་འབྱོར་བ་མངོན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-14

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།