- བོད་བརྒྱུད་ནང་བསྟན་གྱི་དུས་ཆེན་ཞིག
- གླིང་སྒྲུང་།
- དག་ཡིག
- མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་པ་ཡན་མདོར་མའི་སྲིབ་ན་ཡོད་པའི་སྤྱི་བསང་གཏོང་ཡུལ་ཞིག
གདང་ལའི་པ་ཡན་རི་རྒྱུད་ཀྱི་ཁོངས་སུ་གཏོགས་ལ་པ་ཡན་མདོར་མའི་སྲིབ་ན་བཀྲ་ཤིས་དར་ཟམ་ཡོད་སར་འཛམ་གླིང་སྤྱི་བསང་འཕུད་སའི་བསང་ཁྲི་དང་མ་ཎི་རྡོ་འབུམ། དར་གདང་བཅས་ཡོད། ལོ་རེར་བོད་རྩིས་ཀྱི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་བླ་མ་འཇའ་འོད་ཚེ་རིང་གིས་མགོ་འཛིན་འོག་གདང་ལའི་མང་ཚོགས་གཙོ་བྱས་པའི་བོད་ལྗོངས་ཀྱི་དད་ལྡན་པ་དང་ཡུལ་ཤུལ་གྱི་དད་ལྡན་པ། རྒྱ་རིགས། སོག་རིག ཕྱི་གླིང་བ་བཅས་གང་མང་གནས་དེར་འདུས་ནས་བསང་འཕུད་ཀྱིན་ཡོད་པ་རེད། གླིང་སྒྲུང་དུ་འཛམ་གླིང་གེ་སེར་རྒྱལ་བོས་བོད་ལ་འཛམ་གླིང་སྤྱི་བསང་འཕུད་ནས་རྟ་རྒྱུག་སོགས་རྩེད་མོང་དར་བ་ནས་བཟུང་ཡུན་བཞིན་མི་རབས་ནས་མི་རབས་ལ་ལུགས་སྲོལ་དར་བ་ཡིན་ལ། ད་སྔ་ཡང་གདང་ལའི་ངག་རྒྱུན་དུ་གླིང་ཨ་ཆུང་སྡེ་བའི་གདོང་རྒྱུད་ཡིན་པར་བཤད་སྲོལ་ཡོད་པས་མི་རིབས་ཕྱི་མ་རྣམས་ཀྱིས་ཕ་མེས་ལུགས་སྲོལ་དོར་མེད་པ་རེད།
གནས་འདིར་ནམ་མཁའ་གཡའ་དག་ཅིང་སྤང་ལྗོངས་སྔོན་མོ་གཡུ་ལྟར་ཆགས་པ་དང་མེ་ཏོག་སྣ་བརྒྱའི་དྲི་བསུང་མཚན་བརྒྱད་ལ་ཁྱབ་ཅིང་། ཡན་ལག་བརྒྱད་ལྡན་གྱི་དལ་འབབ་གཙང་བོ་ཤང་ཤང་དུ་རྒྱུ་ཞིང་ཉ་མོ་གར་ལ་རྩེན་པ། རི་སྐྱེས་རི་དྭགས་གང་མང་བག་ཕེབས་སུ་འཚོ་བའི་དག་པའི་ཞིང་ཁམས་ཤིག་དང་གཉིས་སུ་མ་མཆིས། ཡིན་ཡང་སྲིད་དེ་བོད་ཁུལ་ཀུན་ལ་གླིང་རྗེ་གེ་སེར་རྒྱལ་བོའི་མཛད་འཕྲིན་གྱི་སོན་བཟང་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་ནང་བཞིན། གནས་འདི་ནི་གླིང་རྗེ་གེ་སེར་རྒྱལ་བོས་བོད་ལ་འཛམ་གླིང་སྤྱི་བསང་ཕུད་པ་ནས་བཟུང་ད་སྔའི་བར་དུ་ལུགས་སྲོལ་དེ་མ་དོར་བར་རྒྱུན་འཛིན་བྱས་ཡོད་པ་རེད། དེ་བས་ཡུལ་མི་ཚོ་དང་དད་ལྡན་པ་གང་མང་གི་སེམས་ཁོངས་སུ་གནས་འགངས་ཆེན་ཞིག་ཏུ་བཀུར་བསྟི་བྱེད་བཞིན་ཡོད། ཡུལ་སྐོར་བ་གང་མང་ཡང་གནས་དེར་ཕྱིན་ཚེ་བོད་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་བྱས་ཏེ་ལྷ་བསང་གཏོང་བ་དང་དར་ལྕོག་འཐེན་པ། རླུང་རྟ་སྤུར་བ་སོགས་བྱེད་པ་ཡིན། འདི་ལྟ་བའི་གནས་ཁམས་ཆེན་དུ་རི་དྭགས་རྔོན་པ་དང་ཤིང་ནགས་གཅོད་འབྲེག ས་བརྐོ་རྡོ་སློག གཏེར་ཁ་འབྱེད་པ་སོགས་རང་བྱུང་ཁམས་ཆེན་མོར་གཏོར་བརླག་གཏོང་བའི་དཔེ་མེད་པ་དང་ད་དུང་འཛེམ་བྱ་ཞིག་ཏུ་རྩིས་པ་ཡིན། རང་བྱུང་ཁམས་ལ་གཏོར་བརླག་བཏང་ན་འབྱུང་ཁམས་ཀྱི་འཇིགས་པ་ཆེན་པོ་འབྱུང་བ་དང་མི་ཕྱུགས་ཀུན་ལ་གནོད་འཚེ་ཐེབས་པའི་བཤད་སྲོལ་ཡོད་ལ། འདི་ལྟ་བུའི་གནས་ཀྱི་རི་དྭགས་དང་སྲོག་ཆགས་འབའ་འབུ་གང་རུང་ལ་ས་བདག་གནས་བདག་གིས་མགོན་སྐྱབས་བྱས་ཡོད་པའི་བཤད་སྲོལ་ཡང་ཡོད། མདོར་ན་གནས་འདི་ནི་རང་གི་སྐྱབས་བཅོལ་སའམ་རེ་སྙེག་བྱེད་ཡུལ་དུ་གྱུར་ཡོད་ལ། བདེ་སྡུག་གི་སེམས་པ་གླན་ས་ཞིག་ཏུའང་གྱུར་ཡོད་པ་རེད།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2018-05-28
གསར་སྤེལ་མཁན། :སེང་ལྡེང་མཚོ།