ཁའེ་ཡོན་ཁྲི་ལོ་ཉེར་དྲུག་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁའེ་ཡོན་ཁྲི་ལོ་ཉེར་དྲུག་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 འགྱུར་ཡིག

ཁའེ་ཡོན་ཁྲི་ལོ་ཉེར་དྲུག་པ། (སྤྱི་ལོ738པ)

ཟླ་གསུམ་པར་བོད་ཀྱིས་ཧོ་ཞིར་དམག་དྲངས་པ་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཚུའེ་ཞི་དབྱི་ཡིས་ཕམ་པར་བྱས། ཧྲན་ཀྲོའུ་ཡི་ཏུའུ་ཏུའུ་དམག་དཔོན། ལུང་ཡིའུ་ཡི་ཅེ་ཏུའུ་ཧྲི་ཚབ་མ་ཏུའུ་ཞི་ཝང་གིས་བོད་ཀྱི་ཞིན་ཁྲེང་མཁར1ལ་དམག་དྲངས་ནས་ཕབ། དེར་ཝེ་རོང་ཅུན་ཞེས་པ་བཙུགས། དམག་ཆིག་སྟོང་ལྷག་བཞག་ནས་བསྲུང་དུ་བཅུག

(བམ་པོ214པའི་ཤོག་ངོས26པ། 6832)

(ཟླ་ལྔ་པ)ཚེས་ཉེར་དགུའི་ཉིན། ཚུའེ་ཞི་དབྱི་ཧོ་ནན་ལོ་དབྱང་མཁར་གྱི་གཙོ་སྐྱོང་དུ་བསྐོས། ཁོས་རང་ཉིད་ཁ་དན་ཚིག་ལ་མ་གནས་པར་མནའ་གཙིགས་དང་འགལ་བར་གནོངས་ཤིང་འགྱོད་དེ་རིང་པོ་མ་ཕྱིན་པར་ཚེ་ལས་འདས།

(བམ་པོ214པའི་ཤོག་ངོས26པ།6832)

(ཟླ་དྲུག་པ)ཚེས་བཞིའི་ཉིན་ཆི་ཀྲོའུ2ཡི་ཚེ་ཧྲི་དཔོན་པོ་ཞའོ་ཅོང་ཞེས་པ་ཧོ་ཞིའི་ཅེ་ཏུའུ་ཧྲི་ཚབ་མར་བསྐོས་པ་དང་། ཧྲན་ཀྲོའུ་ཡི་ཏུའུ་ཏུའུ་དམག་དཔོན་ཏུའུ་ཞི་ཝང་བྱ་བ་ལུང་ཡིའུ་ཡི་ཅེ་ཏུའུ་ཧྲིར་བསྐོས། ཐའེ་ཕུའུ་ཧྲའོ་ཆིང(ཕྱུགས་ལས་གཙོ་སྐྱོང་གཞོན་པ)ཝང་ཡུས་ཞེས་པ་ཅན་ནན་གྱི་ཅེ་ཏུའུ་ཧྲིར་བསྐོས་ཏེ་ཕྱོགས་དང་ལམ་དུ་མ་ནས་བོད་འདུལ་རྩིས་བྱས་ཤིང་། རི་བོ་ཁྲི་ལིང་གི་རྡོ་རིང་བཤིགས།

(བམ་པོ214པའི་ཤོག་ངོས27པ། 6833)

ཐུའུ་ཆི་ཧྲི་ཡི་ཁ་གན་སུའུ་ལུའུ་ལར་ནས་སྤྱོད་ལམ་གཙང་ཞིང་བརྐམ་སྲེད་ཆུང་། གཡུལ་འཁྲུག་ཐེངས་རེར་ཐོབ་པའི་རྒྱུ་ནོར་རྣམས་རྟག་པར་ཚོ་བ་ཁག་ལ་བགོ་བ་ལས་རང་གིས་ཟུར་དུ་མི་ཉར། དེར་བརྟེན་ཚོ་བ་རྣམས་ཁོའི་དམག་ཏུ་དགོལ་བར་དགའ། ཁོར་ཀོང་ཇོ་ཐོབ་པར་མ་ཟད་གྲུ་གུ་དང་བོད་ལ་ཡང་ལྐོག་ཏུ་མཐུན་ལམ་བཙུགས་ནས་དེ་གཉིས་ཀས་ཁོར་བཙུན་མོ་རེ་བྱིན་པས། ཁོས་རྒྱལ་ཁབ་གསུམ་གྱི་སྲས་མོ་ཁ་དུན་དུ་བསུས་པ་རེད།3

(བམ་པོ214པའི་ཤོག་ངོས27པ། 6833)

(ཟླ་བདུན་པ)ཏུའུ་ཞི་ཝང་གིས་ཧྲན་ཀྲོའུ་ཡི་དམག་དཔུང་དྲངས་ཏེ་བོད་ཀྱི་རྨ་ཆུའི་ཟམ་པ་འཕྲོག རྨ་ཆུའི་གཡོན་དུ་ཡན་ཆོན་མཁར4ཞེས་པ་བརྩིགས། བོད་ཀྱིས་དམག་ཁྲི་གསུམ་བཏང་ནས་འཐབ་ཏུ་འོངས་པ་ན། ཏུའུ་ཞི་ཝང་ལ་དམག་གྲངས་ཉུང་བས་དཔོན་དམག་ཚང་མ་འཇིགས་པར་གྱུར། དེར་གཡོན་རུའི་ཝེ་ཝེ་དམག་དཔོན་གཞོན་པ་ཝང་ཀྲུང་སི་ཡིས་རང་འོག་དམག་མི་ཁྲིད་དེ་དགྲ་བོའི་རུ་དཔུང་ནང་ཐོག་མར་རྦབ་ཆུ་ཤོར་བ་བཞིན་ཐོགས་པ་མེད་པར་བརྒྱུགས་ཏེ་མི་བརྒྱ་ཕྲག་འགའ་བསད་པས་དགྲ་བོའི་རུ་དཔུང་ཟང་ཟིང་དུ་གྱུར། སྐབས་དེར་བསྟུན་ནས་ཏུའུ་ཞི་ཝང་གིས་དམག་བཏང་བས་དགྲ་ཟླ་ཚབས་ཆེར་ཕམ། ཡན་ཆོན་མཁར་དུ་ཀྲེན་ཞི་ཅུན་ཞེས་པ་བཙུགས། ཝང་ཀྲུང་སིས་བྱས་རྗེས་བཞག་པར་བརྟེན་གཡོན་རུའི་ཅིན་ཝུའུ་དམག་དཔོན་དུ་གོ་གནས་སྤར།

(ཟླ་དགུ་པ)སྔར་དབྱི་ཧྥེང་ཁྲི་ལོའི་དུས་སུ་བོད་ཀྱིས་ཨན་རོང་མཁར5ཕབ་སྟེ་བསྲུངས། དེ་ས་བབ་བཙན་པས་ཐང་གིས་ཐེངས་དུ་མར་དམག་དྲངས་ཀྱང་ལེན་མ་ཐུབ། ཅན་ནན་གྱི་ཅེ་ཏུའུ་ཧྲིའི་གོ་ཐོབ་ཅན་ཝང་ཡུས་ཀྱིས་དེའི་འགྲམ་དུ་མཁར་གཉིས་བརྩིགས་ཤིང་། རི་བོ་ཕུའུ་ཕོ་ཧྲན6གྱི་ལ་འདབས་སུ་དམག་སྒར་བཏབ། དམག་ཆས་དང་དམག་རྒྱགས་དབོར་འདྲེན་གྱིས་འཇིགས་ཟིལ་བསྟན། བོད་ཀྱིས་ཨན་རོང་མཁར་སྐྱོབ་པར་དཔུང་ཆེན་བཏང་བས་ཝང་ཡུས་ཀྱི་དམག་དཔུང་ལ་ཕམ་ཉེས་ཚབས་ཆེན་བྱུང་། མི་སྟོང་ཕྲག་འགའ་ཤི ། ཝང་ཡུས་བྲོས་ནས་ཐར་ཅིང་དམག་འབྲུ་དང་དམག་ཆས་མཐའ་དག་དོར། དེར་ཝང་ཡུས་ཀྱི་གོ་གནས་ཕབ་སྟེ་ཁའོ་ཀྲོའུ7ཡི་ཚི་ཧྲི་དཔོན་དུ་བསྐོས། རྗེས་སུ་ཡང་ཀའོ་ཡའོ8ཡི་བདེ་སྲུང་བར་གོ་གནས་ཕབ་ཅིང་དེར་འདས།

(བམ་པོ214པའི་ཤོག་ངོས29པ། 6835)

ཚེས་ཉེར་གསུམ་གྱི་ཉིན། ནན་ཀྲའོ་ཡི་མེང་ཀུའེ་དབྱི་ཡུན་ནན་གྱི་རྒྱལ་པོར་བསྐོས། མེང་ཀུའེ་དབྱིའི་མེས་པོ་མ་གཞི་ཨའེ་ལའོ་ཞེས་པའི་མཐའ་འཁོབ་མི་རིགས་ཡིན་ཞིང་། ཡའོ་ཀྲོའུ9ནུབ་རྒྱུད་དུ་འཚོ། ཤར་ལྷོ་ཅའོ་ཀྲི10དང་འབྲེལ། ནུབ་བྱང་བོད་དང་འབྲེལ། མྱྭའི་སྐད་དུ་རྒྱལ་པོར“ཀྲའོ”ཞེས་འབོད། ཐོག་མར་མེང་ཧྲེ་དང་། མེང་ཡུའེ། ཡུའེ་ཞི། ལང་ཆོང་། དབྱང་པེ། ཡུའེ་ཏན་བཅས་ཀྲའོ་དྲུག11ཡོད་པ་དམག་ཤུགས་མཉམ་པས་གཅིག་འོག་གཅིག་ཏུ་མ་འདས་པར་གནས། རྒྱའི་རྒྱལ་རབས་ཚང་མས་ཀྱང་དེ་ལྟར་ཚོ་ཁག་སོ་སོར་བཞག་ནས་སྟོབས་ཤུགས་གཅིག་ཏུ་འགྲིལ་མི་ཐུབ་པ་བྱས། མེང་ཧྲེ་ཀྲའོ་ལྷོ་མཐར་ཡོད་པས་མིང་ལ་ནན་ཀྲའོ་རུ་འབོད། ཀའོ་ཙུང་གི་སྐབས་སུ་མེང་ཧྲེའི་ཞི་ནུའུ་ལོ་ཞེས་པ་ཐོག་མར་གོང་མའི་ཕོ་བྲང་དུ་མཇལ་བར་སླེབས། དེའི་བུ་ལོ་ཧྲེང་ཡིན། དེའི་བུ་ཧྲེང་ལོ་ཕི་ཡིན། དེའི་བུ་ཕི་ལོ་ཀག་ཡིན། ཁོ་རང་རིམ་བཞིན་དཔུང་སྟོབས་ཆེ་རུ་རྒྱས་ཤིང་ཀྲའོ་གཞན་ལྔ་པོ་ཉམས་ཞན་པར་གྱུར། ཁོས་ཨར་ཧོ་ཡི་མྱྭ12འདུལ་བའི་བྱས་རྗེས་བཞག་ཡོད་སྟབས་ཝང་ཡུས་ལ་ལྐོག་རྔན་བརྫངས་ནས་ཀྲའོ་ལྔ་པོ་གཅིག་ཏུ་བསྡུ་རྒྱུའི་རེ་བ་ཞུས།  ཝང་ཡུས་ཀྱིས་དོན་དེ་གོང་མར་ཞུས་པར་དེ་ལྟར་བཀའ་འཁྲོལ་ཅིང་མིང་ལ་མེང་ཀུའེ་དབྱི་ཞེས་བཏགས། དེ་ནས་དམག་ཤུགས་ལ་བརྟེན་ནས་མྱྭའི་ཚོ་བ་ཁག་ལ་འཇིགས་བསྐུལ་ཅིང་། བསྒོ་བ་མི་རྩི་མཁན་རྣམས་རྩ་མེད་དུ་བཏང་། བོད་དམག་ཕམ་པར་བྱས་ནས་ཏ་ཧོ་མཁར13དུ་སྤོས་ནས་བསྡད་པ་ཕྱིས་སུ་མཐའ་མཚམསས་ཀྱི་གནོད་སྐྱོན་དུ་གྱུར་པ་རེད།

(བམ་པོ214པའི་ཤོག་ངོས29པ། 6835-6836)

2 མཆན་འགྲེལ།

1.ཞིན་ཁྲེང་མཁར་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མོན་ཡོན་རྫོང(门源县)དུ་ཡོད།

2.ཆི་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཧྥེང་ཞང་རྫོང(凤翔县)དུ་ཡོད།

3.ཐུའུ་ཆི་ཧྲིའི་ཁ་གན་ལ་བོད་ཀྱི་སྲས་མོ་བག་མར་ཐོབ་པའི་སྐོར་ཏུན་ཧོང་ཡིག་རྙིང་དུ་སྤྱི་ལོ734པའི་གནས་ཚུལ་འགོད་དུས། “ཁྱྀའྀ :ལོ་ལ:བཙན་པོ:ཕོ་བྲང་དབྱརད:དྲོན་ན་བཞུགས། རྒྱའྀ: ཕོ་ཉ:འྭང་འདོ་ཤྀ: ཕྱགའཙལད: ཇེ་བ:འདྲོན་མ:ལོད་དུར་གྱྀས:ཁ་གན་ལ:བག་མར་བཏང.......”ཞེས་བརྗོད་པ་དེ་ཡིན་འོས་པར་སྙམ།

4.ཡན་ཆོན་མཁར་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཞུན་ཧྭ་རྫོང(循化县)དུ་ཡོད།

5.ཨན་རོང་མཁར་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་འབར་ཁམས་རྫོང(马尔康县)གི་ཤར་ལྷོར་ཡོད།

6.རི་བོ་འདིའི་མིང་སྐུ་ཞབས་དོན་གྲུབ་རྒྱལ་དང་སྐུ་ཞབས་ཁྲིན་ཆིན་དབྱིན་གཉིས་ཀྱིས་སྤོ་འབོར་སྒང་དུ་བསྒྱུར་འདུག་མོད། ཨན་རོང་མཁར་ད་ལྟའི་འབར་ཁམས་ས་ཆར་ཡོད་པར་གཞིགས་ན། ཡུལ་འདི་འབྲི་ཆུ་དང་ཟླ་ཆུའི་བར་དུ་ཡོད་པའི་སྤོ་འབོར་སྒང་དང་བར་ཐག་རིང་ཙམ་ཡོད་པས་འགྲིག་མིན་བརྟག་པར་འཚལ།

7.ཁོའ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཀྲེ་ཅང་ཞིང་ཆེན་གྱི་ལི་ཧྲུའུ་གྲོང་ཁྱེར(丽水市)དུ་ཡོད།

8.ཀའོ་ཡའོ་ཞེས་པ་ནི་ད་ལྟའི་ཀོང་ཏུང་ཞིང་ཆེན་གྱི་ཀའོ་ཡའོ་རྫོང(高要县)ཡིན།

9.ཡའོ་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཡའོ་ཨན་རྫོང(姚安县)གི་བྱང་ཕྱོགས་སུ་ཡོད། མངའ་ཁོངས་ཕལ་ཆེར་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཡའོ་ཨན་རྫོང་དང་ཏ་ཡའོ་རྫོང(大姚县)དང་མཉམ།

10.ཅའོ་ཀྲི་ཞེས་པ་སྒྲ་ཡངས་འཇུག་ཏུ་རི་བོ་ལིང་ནན(岭南)ལྷོ་ཕྱོགས་ལ་གོ ། ཡང་ཀྱུན་དང་རྫོང་ལ་གོ་དུས་ད་ལྟའི་ཝེ་ཐེ་ནན་རྒྱལ་ཁབ་ཀྱི་བྱང་རྒྱུད་དང་ཧོ་ནེ་གྲོང་ཁྱེར(河内市)གྱི་ནུབ་བྱང་ལ་གོ །

11.དེ་དག་ཚང་མ་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཡོད། དང་པོ་ཝེ་ཧྲན་རྫོང(薇山县)དང་། གཉིས་པ་ཏ་ལི་གྲོང་ཁྱེར(大理市)གྱི་ལྷོ་ཕྱོགས། གསུམ་པ་པིན་ཁྲོན་རྫོང་།(宾川县)བཞི་པ་ལྔ་པ་གཉིས་ཨར་ཡོན་རྫོང་། (洱源县)དྲུག་པ་ཨར་ཡོན་རྫོང(洱源县)གི་ལྷོ་ཕྱོགས་བཅས་སུ་ཡོད།

12.ཨར་ཧོ་ཡི་མྱྭ་ཞེས་པ་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཨར་ཧའེ་མཚོ་མོའི(洱海)རྒྱུད་ཀྱི་མྱྭ་ལ་གོ །

13.ཏ་ཧོ་མཁར་ནི་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཏ་ལི་གྲོང་ཁྱེར(大理市)དུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-14

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།