བྱེ་བྲག་རྟོགས་བྱེད་འབྲིང་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་བྲག་རྟོགས་བྱེད་འབྲིང་པོ་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་ནས་གཏན་ཕབ་པའི་སཾ་བོད་ཤན་སྦྱར་ཚིག་མཛོད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བྱེ་བྲག་རྟོགས་བྱེད་འབྲིང་པོ།
དུས་ཚོད།
བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས།
1 ངོ་སྤྲོད་མདོར་བསྡུས།

བྱེ་བྲག་རྟོགས་བྱེད་འབྲིང་པོ་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་ནས་གཏན་ཕབ་པའི་སཾ་བོད་ཤན་སྦྱར་ཚིག་མཛོད་ཅིག་ཡིན།  དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྲས་ཁྲི་ལྡེ་སྲོང་བཙན་གྱིས་སྔོན་ལྷ་སྲས་ཡབ་ཀྱི་དགོངས་པའི་རྒྱུན་བསྐྱངས་ཏེ་ཐུབ་པའི་བསྟན་པ་རྒྱ་ཆེར་སྤེལ་བ་དང་སངས་རྒྱས་ཀྱི་གསུང་རབ་སྒྲ་འགྱུར་ལོ་ཙཱའི་འཕྲིན་ལས་དེ་བས་དར་ཞིང་རྒྱས་པར་བྱས།  བཙན་པོ་རིམ་བྱོན་ནས་བསགས་པའི་ལོ་ཙཱའི་ཉམས་མྱོང་རྣམས་གཅིག་ཏུ་བསྡུས་པ་ལས།  དམ་པའི་ཆོས་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་གཏན་ཚིགས་ཀྱི་སྒོ་ནས་དོན་འགྲེལ་ཏེ་དཀར་ཆག་ཏུ་བཀོད་པ་དང་།  ལྷག་པར་དུ་ལོ་ཙཱའི་གཞུང་ལུགས་གཏན་ལ་ཕབ་པའོ།།

2 མཚན་གྱི་བྱུང་བ།

དེའང་གཞུང་གི་མཚན་བྱང་ལ་བྱེ་བྲག་རྟོགས་བྱེད་འབྲིང་པོ་ཞེས་པ་ཞིག་དངོས་སུ་མི་སྣང་ཡང་།  <<དཀར་ཆག་འཕང་ཐང་མ་སྒྲ་སྦྱོར་བམ་པོ་གཉིས་པ>>ཡི་ཤོག་ངོས204སུ། “བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ། བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ་།  སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ།།” ཞེས་པའི་ཚིག་ཟིན་ལས་བྱེ་བྲག་རྟོགས་བྱེད་འབྲིང་པོ་ནི།  <<སྒྲ་སྦྱོར་བམ་གཉིས>>ལས། “སངས་རྒྱས་ཀྱི་མཚན་དང་ཡོན་ཏན་གྱི་མིང་ལ་སོགས་པ་སྐད་དཀའ་བ་རྣམས་ཐོག་ཐོག་བཤད་པ”ནས“པཉྩ་ཀ་ཁཱ་ཡ་ཞེས་བྱ་བ་སྙིགས་མ་ལྔ་ཡིན་ཏེ།  སྔོན་ལས་སེམས་ཅན་རྣམས་ཚེ་དང་ལྟ་བ་ལ་སོགས་པ་ཉམས་ཤིང་བྲི་སྟེ།  སྨན་གྱི་ཉིང་ཁུ་བཀུས་པའི་ཚིགས་མ་དང་འདྲ་བར་ཚེ་དང་སེམས་ཅན་དང་དུས་ནི་དམན་པར་གྱུར་ཏེ་བྲི།  ཉོན་མོངས་པ་དང་ལྟ་བ་ལོག་པའི་ཤས་ནི་ཕྱིར་ཞིང་སྐྱེས་པས་ན།  སྙིགས་མ་ལྔ”ཞེས་བྱ་བའི་བར་བཀོད་པའི་ལེགས་སྦྱར་གྱི་སྐད་དང་བོད་སྐད་ཤན་སྦྱར་གྱི་ཚིག་མཛོད་དེ་ལ་བྱ་བ་ངེས་ཤེས་རྙེད་ཐུབ།

3 ནང་དོན་གནད་བསྡུས།

<<བྱེ་བྲག་རྟོགས་བྱེད་འབྲིང་པོ>>ར་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པའི་ཆོས་ལུགས་ཀྱི་མིང་ཚིག་རྣམས་སཾ་བོད་ཤན་སྦྱར་ཙམ་དུ་མ་ཟད་དེ་དག་གི་གོ་དོན་མ་འདྲེས་པར་འགྲེལ་བཤད་རྒྱས་བསྡུས་རན་པོ་ཞིག་མཛད་འདུག བྱེ་བྲག་རྟོགས་བྱེད་འབྲིང་པོའི་མིང་ཚིག་ཡོད་ཚད་སྤྱིར་བྱེ་བྲག་རྟོགས་བྱེད་ཆེན་མོར་འདུས་ཡོད་ན་ཡང་།  གཞུང་འདི་ཉིད་བྱེ་བྲག་རྟོགས་བྱེད་ཆེན་མོའི་དཀའ་བའི་གནས་རྣམས་ཀྱི་འགྲེལ་པ་ཡིན་པ་མཇུག་གི“སྐད་བྱེ་བྲག་ཏུ་བཤད་པ་འདི་ནི་འབྲིང་པོའོ།།  ཆེན་པོའི་དཀའ་བའི་གནས་དང་སྒྲའི་གཞུང་དང་སྦྱར་ཏེ་བཤད་པ་ཡིན་ནོ།”  ཞེས་པའི་ཚིག་གིས་གསལ་ནུས་པ་མ་ཟད།  མཚན་བྱང་ལ་ཡང་ཐད་ཀར<<བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཆེན་མོའི་འགྲེལ་པ་སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས་སོ>>ཞེས་པའི་དཔེ་ཆ་བྲིས་མ་ཞིག་ཀྱང་མཇལ་བྱུང་།  དེ་བཞིན་གཞུང་འདི་གཉིས་པོའི་ནང་དོན་ལ་བསྡུར་བ་བྱས་ཚེ།  སྔ་མ་ནི་ཕྱི་མའི་རྨང་གཞི་དང་ཕྱི་མ་ནི་སྔ་མའི་འཕེལ་རྒྱས་ཡིན་པས་བྱེ་བྲག་འབྲིང་པོ་ནི་བྱེ་བྲག་རྟོགས་བྱེད་ཆེན་མོའི་དཀའ་གནད་མིང་ཚིག་གི་འགྲེལ་པ་ཡིན་ཞེ་ན་དོན་གནས།

4 <<བྱེ་བྲག་རྟོགས་བྱེད་འབྲིང་པོ>>འི་ཐ་སྙད།

<<སྡེ་དགེ་བསྟན་འགྱུར>>(སྣ་ཚོགས་ཅོ་པ)འི་ནང<<བྱེ་བྲག་རྟོགས་བྱེད་འབྲིང་པོ>>འི་ཐ་སྙད་དེ་དག་སྤྱིའི་ཚན་པ་ལྔ་བཅུར་ཕྱེས་འདུག་པ་རིམ་པར་དྲངས་པ།

1.སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས།

2.དེ་བཞིན་གཤེགས་པ་སོ་སོའི་མཚན།

3.སངས་རྒྱས་ཀྱི་ཡོན་ཏན་གྱི་མིང་ལ་མི་མཉམ་པའི་ཕུང་བོ་དང་ཡེ་ཤེས་དང་སྐུ་གསུམ།

4.དེ་བཞིན་གཤེགས་པའི་སྟོབས་བཅུ།

5.དེ་བཞིན་གཤེགས་པའི་མི་འཇིགས་པ་བཅུ།

6.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད།

7.སོ་སོ་ཡང་དག་པར་རིག་པ་བཞི།

8.ཆོ་འཕྲུལ་གསུམ།

9.བྱང་ཆུབ་སེམས་དཔའི་སྒྲ་བཤད་པ།

10.སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སའི་རིམ་པའི་མིང་།

11.མོས་པས་སྤྱོད་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རིམ་པའི་མིང་།

12.རང་སངས་རྒྱས་དང་ཉན་ཐོས་ཀྱི་གང་ཟག་གི་རིམ་པའི་མིང་།

13.དམ་པོའི་ཆོས་ཀྱི་རྣམ་གྲངས།

14.འཇིག་རྟེན་པའི་ལྷའི་མིང་།

15.ཕ་རོལ་ཏུ་ཕྱིན་པ་བཅུའི་མིང་།

16.བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་མིང་།

17.ཚད་མ་མེད་པ་བཞིའི་མིང་།

18.བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པའི་མིང་།

19.རྣམ་པར་ཐར་བའི་སྒོ་དང་གཟུངས་དང་མངོན་པར་ཤེས་པ།

20.སྟོང་བ་ཉིད་བཅོ་བརྒྱད།

21.ཞི་གནས་དང་ལྷག་མཐོང་ལ་སོགས་པའི་མིང་།

22.འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་བ་ལ་སོགས་པའི་མིང་།

23.སེམས་ཀྱི་སྐད་ཅིག་བཅུ་དྲུག

24.མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་དབང་པོ་གསུམ།

25.ལམ་བཞི།

26.ཀུན་རྫོབ་དང་དོན་དམ་པའི་བདེན་པ།

27.ལུང་དུ་བསྟན་པའི་རྣམ་གྲངས་མིང་།

28.མཚད་ཉིད་གསུམ།

29.དགོངས་པ་བཞི།

30.ལྡེམ་པོར་དགོངས་པ་བཞི།

31.ཕུང་བོ་ཁམས་དང་སྐྱེ་མཆེད།

32.རྟེན་དང་འབྲེལ་བ་བྱུང་བ།

33.དགེ་བ་བཅུ་དང་མི་དགེ་བ་བཅུའི་ལས་ཀྱི་ལམ།

34.བསོད་ནམས་བྱ་བའི་ཡོན་ཏན།

35.དགེ་སྦྱོང་བྲམ་ཟེ་དང་མུ་སྟེགས་ཅན་གྱི་མིང་།

36.སྔགས་ཀྱི་ནང་ནས་བྱུང་བའི་མིང་།

37.འདུལ་བ་ལས་བྱུང་བའི་སྐད་ཀྱི་མིང་།

38.གནོད་སྦྱིན་ལ་སོགས་པའི་མིང་།

39.མུ་སྟེགས་ཅན་གྱི་བདག་ཏུ་བརྗོད་པའི་རྣམ་གྲངས།

40.དུད་འགྲོའི་རྒྱུད།

41.གླིང་བཞི་དང་འཇིག་རྟེན་བཤད་པ།

42.ཡུལ་དང་མཐོ་རིས་དང་ཤིང་གི་མིང་།

43.འདོད་པའི་ཁམས་ཀྱི་གནས་ཀྱི་མིང་།

44.བསམ་གཏན་དང་པོའི་སའི་མིང་།

45.བསམ་གཏན་གཉིས་པའི་སའི་མིང་།

46.བསམ་གཏན་གསུམ་པའི་སའི་མིང་།

47.བསམ་གཏན་བཞི་པའི་སའི་མིང་།

48.གནས་གཙང་མའི་སའི་མིང་།

49.གཟུགས་མེད་པའི་སའི་མིང་།

50.མངོན་པར་མཐོ་བ་དང་ངེས་པར་ལེགས་པོ་ལ་སོགས་པའི་མིང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།