ཐང་ཐའེ་ཙུང་གི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཐང་ཐའེ་ཙུང་གི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས་ཁག་ཅིག
1 ​འགྱུར་ཡིག
1_1          ཀྲེན་ཀོན་ཁྲི་ལོ་བརྒྱད་པ། (སྤྱི་ལོ634པ)

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་གི་ཉིན། བོད་ཀྱི་བཙན་པོ་ཁྲི་སྲོང་བཙན་གྱིས་ཐང་ལ་སྐྱེས་འདེགས་མཁན་ཕོ་ཉ་མངགས་ཏེ་གཉེན་བསྡེབ་རྒྱུ་ཞུས། བོད་ནི་ཐུ་ལུ་ཧུན1‍གྱི་ལྷོ་ནུབ་ཏུ་ཡོད། འདིའི་སྔོན་ཙམ་ནས་སྟོབས་ཤུགས་ཆེར་རྒྱས་ཏེ་རྒྱལ་ཁབ་གཞན་དབང་དུ་བསྡུས། མངའ་ཁོངས་རྒྱ་ཆེ་ཞིང་དམག་མི་འབུམ་ཕྲག་དུ་མ་ཡོད་ཀྱང་ཀྲུང་གོར་འབྲེལ་ལམ་ནི་བྱུང་མ་མྱོང་། རྒྱལ་པོ་བཙན་པོར་འབོད་ཅིང་། རུས་འབོད་པའི་སྲོལ་མེད་པར་རྒྱལ་རྒྱུད་རྣམས་ལ་བློན་དང་དཔོན་རྒྱུད་རྣམས་ལ་ཞང་དུ་འབོད། ཁྲི་སྲོང་བཙན་དཔའ་སྙིང་འཛོམས་ཤིང་ཇུས་ལ་མཁས་པས་མཐའ་བཞིའི་རྒྱལ་ཁབ་རྣམས་ཀྱང་ཁོ་ལ་སྐྲག གོང་མས་ཧྥེང་ཏེ་ཞ་ཕོ་ཉར་མངགས་ནས་འཚམས་འདྲི་དང་སེམས་གསོ་གནང་།‍‍‍‍             

(བམ་པོ190པའི་ཤོག་ངོས14པ། 6107-6108)

1_2          ཀྲེན་ཀོན་ཁྲི་ལོ་བཅུ་གཉིས་པ། (སྤྱི་ལོ638པ)

(ཟླ་བདུན་པ)ཚེས་ཉེར་དགུའི་ཉིན། བོད་ཀྱིས་ཧུང་ཀྲོའུ2ལ་དམག་དྲངས།

(བམ་པོ195པའི་ཤོག་ངོས10པ། 6138)

ཟླ་བརྒྱད་པ། སྔོན་གོང་མས་ཧྥེང་ཏེ་ཞ་ཕོ་ཉར་མངགས་ཏེ་བོད་ལ་འཚམས་འདྲི་དང་སེམས་གསོ་གནང་། གྲུ་གུ་དང་ཐུ་ལུ་ཧུན་གཉིས་ཀར་ཀོང་ཇོ་རེ་གནང་བ་བོད་ཀྱིས་ཐོས་རྗེས། ཧྥེང་ཏེ་ཞ་དང་ལྷན་དུ་ཕོ་ཉ་མངགས་ཏེ་གོང་མའི་སྲིད་གཞུང་དུ་སླེབས། གསེར་སོགས་རིན་པོ་ཆེ་མང་དུ་ཁྱེར་ནས་གཉེན་སློང་བའི་ཞུ་ཡིག་ཕུལ་ཀྱང་གོང་མས་གསན་དུ་མ་བཞེད། ཕོ་ཉ་ཕྱིར་ལོག་རྗེས་བཙན་པོ་ཁྲི་སྲོང་བཙན་ལ་བློན་པོ་བདག་ཐང་ལ་ཐོག་མར་སླེབས་དུས་ཐང་གིས་བདག་ལ་ངོ་སོ་ཆེན་པོ་བཟུང་། ཀོང་ཇོ་སྟེར་རྒྱུ་ཁས་བླངས་མོད། ཏག་ཏག་ཐུ་ལུ་ཧུན་གྱི་རྒྱལ་པོ་སླེབས་ནས་ཕྲ་མ་བཅུག་པས་ངོ་སོ་ཡང་ཆུང་དུ་བཏང་། ཀོང་ཇོ་སྟེར་རྒྱུ་ཡང་ཁས་མ་བླངས་ཞེས་ཞུས། དེར་ཁྲི་སྲོང་བཙན་གྱིས་ཐུ་ལུ་ཧུན་ལ་དམག་དྲངས་ཤིང་། ཐུ་ལུ་ཧུན་གྱིས་ཁ་ཡ་མ་ཡོང་བར་མཚོ་སྔོན་པོའི་བྱང་ཕྱོགས་སུ་བྲོས། འབངས་དང་ཕྱུགས་ཟོག་མང་ཤོས་བོད་ལ་ཤོར།

དེར་བོད་ཀྱིས་ཏང་ཞང3དང་པའེ་ལན་སོགས་ཆཱང་པ་རྣམས་ལ་དམག་དྲངས་པ་དང་། དམག་དཔུང་འབུམ་གཉིས་ལྷག་ཁྲིད་ནས་སུང་ཀྲོའུ་ནུབ་རྒྱུད་དུ་སྒར་བཏབ། ཕོ་ཉ་མངགས་ནས་གསེར་དང་དར་གོས་ཕུལ་ཏེ་ཀོང་ཇོ་བསུ་རུ་འོངས་ཚུལ་བརྗོད། ཡུན་རིང་མ་འགོར་བར་སུང་ཀྲོའུ་ལ་ཚུར་རྒོལ་བྱས་ནས་དེའི་ཏུའུ་ཏུའུ་དམག་དཔོན་ཧན་ཝེ་ཕམ་པར་བྱས། ཆཱང་གི་ཚོ་དཔོན་ཏེ་ཡཱན་ཀྲོའུ4ཡི་ཚེ་ཧྲི་དཔོན5པོ་ཚུང་ཝོ་ཧྲི་དང་ནོ་ཀྲོའུ6ཡི་ཚི་ཧྲི་དཔོན་པཱ་ལི་པི་ལི་གཉིས་ཀྱིས་རང་འོག་གི་ཀྲོའུ་བོད་དམག་ལ་ཕུལ་ནས་མགོ་བཏགས། བསྟུད་མར་དམག་རྒྱབ་སྟེ་མཚམས་མ་བཞག་པ་ལ། བོད་ཀྱི་བློན་ཆེན་གྱིས་དམག་ཕྱིར་འཐེན་པར་ཞུས་ཀྱང་རྒྱལ་པོས་མ་མཉན་པར་བློན་ཆེན་བརྒྱད་ཀྱིས་རང་སྲོག་བཅད། ཚེས་ཉེར་བདུན་གྱི་ཉིན། ལིས་པུའུ་ཧྲང་ཧྲུའུ)བློན་སྡེའི་ཁུར་འཛིན་བློན་ཆེན)ཧོའུ་ཅན་ཅི་ཞེས་པ་ཏང་མི་ཏའོ7ཡི་གཡུལ་འདེགས་སྤྱི་འདོམས་དམག་དཔོན་ཆེན་མོར་བསྐོས་པ་དང་། ཚེས་ཉེར་དགུའི་ཉིན། གཡས་རུའི་དཔུང་འདོམས་དམག་དཔོན་ཆེན་མོ་ཀྲི་ཧྲི་སི་ལི་ཞེས་པ་པའེ་ལན་ཏའོ་དང་། གཡོན་རུའི་ཝུའུ་ཝེ་དམག་དཔོན་ཉིའུ་ཅིན་ཏ་ཞེས་པ་མཁོ་ཧྲུའེ་ཏའོ། གཡོན་རུའི་ལིང་ཅུན་དམག་དཔོན་ལིའུ་ཅན8ཞེས་པ་ཐའོ་ཧོ་ཏའོ་ཡི་རུ་འདེགས་སྤྱི་འདོམས་དམག་དཔོན་བཅས་ལ་བསྐོས་ཐོག རྟ་དམག་དང་རྐང་དམག་ཁྲི་ལྔ་བསྐུལ་ཏེ་རྒོལ་དུ་ཆས།

བོད་ཀྱིས་ཉིན་བཅུ་ལྷག་རིང་མཁར་ལ་ཚུར་རྒོལ་བྱས། ཟླ་དགུ་པའི་ཚེས་དྲུག་གི་ཉིན། ཉིའུ་ཅིན་ཏས་གདོང་ལེན་དམག་དཔོན་བྱས་ནས་ཕ་རོལ་པོར་བག་ཟོན་མེད་པའི་གླགས་དང་བསྟུན་ནས་འཇབ་རྒོལ་བྱས་ཏེ་སུང་ཀྲོའུ་མཁར་འདབས་སུ་བོད་དམག་ལ་ཕམ་ཁ་བསྐུར་། མི་སྟོང་ལྷག་གི་མགོ་བཅད། དེར་སྲོང་བཙན་འཇིགས་ཏེ་དམག་ཕྱིར་འཐེན་པ་དང་ཕོ་ཉ་མངགས་ཏེ་བཟོད་གསོལ་ཞུས། ཡང་བསྐྱར་གཉེན་བསྡེབ་རྒྱུ་ཞུས་པས་གོང་མས་ཀྱང་ཞལ་བཞེས་གནང་།

(བམ་པོ195པའི་ཤོག་ངོས10པ། 6139-6140)

1_3          ཀྲེན་ཀོན་ཁྲི་ལོ་བཅུ་བཞི་པ།(སྤྱི་ལོ640)

ཟླ་གཉིས་པའི་ཚེས་བཅུའི་ཉིན། གོང་མ་ཀོ་ཙི་ཅན9དུ་ཀོང་ཙིར་གསོལ་མཆོད་བྱེད་པར་གཟིགས་སུ་ཕེབས། གསོལ་མཆོད་དཔོན10ཁུང་ཡིང་ཏར་སྲི་ཞུའི་གཞུང་འཆད་པའི་བཀའ་ཕབ་ཅིང་། གསོལ་མཆོད་དཔོན་མན་ནས་སློབ་གཉེར་བ་ཚང་མར་རིམ་པ་མཐོ་དམན་ལྟར་གསོལ་རས་བསྩལ། དུས་དེར་གོང་མས་གནམ་འོག་གི་རུའུ་ལུགས་ཀྱི་མཁས་པ་སྐད་གྲགས་ཅན་རྣམས་བསྐངས་ཏེ་དགེ་བའི་བཤེས་གཉེན་དུ་བསྐོས་པ་དང་། ཀོ་ཙི་ཅན་ལ་ཐེངས་དུ་མར་ཞབས་ཀྱིས་བཅགས་ཏེ་ཁོ་ཚོར་གཞུང་འཆད་དུ་བཅུག སློབ་གཉེར་བའི་ཁྲོད་དུ་གཞུང་ཆེན་པོ་གཅིག11གི་ཡན་བྱང་ཆུབ་པ་ཚང་མ་དཔོན་རིགས་སུ་བསྐོ་ཆོག་པར་བྱས། སློབ་གཉེར་བ་སྡོད་སའི་ཁང་མིག་ཆིག་སྟོང་ཉིས་བརྒྱ་གསར་དུ་བརྒྱབ། སློབ་གཉེར་བ་ཉིས་སྟོང་ཉིས་བརྒྱ་དྲུག་ཅུ་གསར་སྣོན་བྱུང་། ཐ་ན་མཁར་སྲུང་དམག་སྒར་དང་དམག་དཔུང་ལའང་དགེ་བའི་བཤེས་གཉེན་མངགས་ནས་གཞུང་འཁྲིད་དུ་བཅུག་ཅིང་། གཞུང་དོན་བྱང་ཆུབ་པ་ཚང་མ་ཀྲོའུ་དང་རྫོང་གིས་གོང་མའི་སྲིད་གཞུང་ལ་འོས་སྦྱོར་བྱེད་པའི་དཔོན་རིགས་བསྐོ་འཇོག་གི་ཡིག་ཚད་ལ་ཞུགས་ཆོག་པར་བྱས། དེར་བརྟེན་ཕྱོགས་བཞིའི་རིག་པ་སྨྲ་བ་རྣམས་རྒྱལ་སར་འདུས་ཤིང་ཐ་ན་ཀའོ་ལི་དང་། པའེ་ཅི། ཞིན་ལོ། ཀའོ་ཁྲང།12  བོད་བཅས་ཀྱི་ཚོ་དཔོན་རྣམས་ཀྱིས་ཀྱང་བུ་ཚ་ཀོ་ཙི་ཅན་དུ་སློབ་གཉེར་དུ་མངགས་པས། དཔེ་ཁྲིད་ཉན་མཁན་བརྒྱད་སྟོང་ལྷག་ལ་སོན།

(བམ་པོ195པའི་ཤོག་ངོས23པ། 6152-6153)

(ཟླ་བཅུ་པ)ཚེས་ཉེར་གསུམ་གྱི་ཉིན། བོད་ཀྱི་བཙན་པོས་བློན་ཆེན་པོ་མགར་སྟོང་བཙན་མངགས་ནས་གསེར་སྲང་ལྔ་སྟོང་དང་རིན་པོ་ཆེའི་རིགས་བརྒྱ་ཕྲག་དུ་མ་སྐྱེས་སུ་ཕུལ་ཏེ་གཉེན་བསླངས་པར། གོང་མས་འུན་ཤིང་ཀོང་ཇོ་བཙུན་མོར་གནང་རྒྱུ་ཞལ་གྱིས་བཞེས།

(བམ་པོ195པའི་ཤོག་ངོས28པ། 6157)

1_4          ཀྲེན་ཀོན་ཁྲི་ལོ་བཅོ་ལྔ་པ། (སྤྱི་ལོ641པ)

དཔྱིད་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་ཉིན། བོད་ཀྱི་བློན་ཆེན་པོ་མགར་སྟོང་བཙན་ལ་གཡས་རུའི་ཝེའི་དམག་དཔོན་ཆེན་མོའི་གོ་ཐོབ་བསྩལ། མགར་སྟོང་བཙན་གཏམ་ལན་ལྡོན་མཁས་པར་གོང་མ་ཐུགས་དགྱེས་ཏེ་ལང་ཡ་ཀོང་ཇོའི་ཚ་མོ་ཏོན་ཞེས་པ་ཆུང་མར་གནང་མོད། མགར་གྱིས“བློན་པོ་བདག་ལ་རང་གི་རྒྱལ་ཁབ་ཏུ་ཕ་མས་ཁྱིམ་ཐབ་སྔ་མོ་ནས་བསུས་ཡོད་པ་དེ་འདོར་རུང་བ་མིན། དེའི་ཁར་བཙན་པོ་དང་ཀོང་ཇོ་གཉིས་ཞལ་མ་མཇལ་གོང་། ཕོ་ཉའི་བདག་གིས་ཁྱིམ་ཐབ་བསུ་ག་ལ་སྤོབས”ཞེས་ཁས་མ་བླངས། དེར་བརྟེན་ནས་གོང་མས་ཁོའི་མཛངས་པའི་ཡོན་ཏན་དེ་བས་མཁྱེན་ན་ཡང་། དྲིན་ཆེན་པོས་བསྐྱང་བར་དགོངས་ནས་མགར་གྱི་ཞེ་འདོད་དང་མ་བསྟུན།

(བམ་པོ196པའི་ཤོག་ངོས་དང་པོ། 6164)

ཚེས་བཅོ་ལྔའི་ཉིན། ལི་པུའུ་ཧྲང་ཧྲུའུ(ལུགས་སྡེའི་ཁུར་འཛིན་བློན་ཆེན)འམ་ཅང་ཞ་ཝང་གི་ཆོ་ལོ་ཅན་ལི་ཏའོ་ཙུང་གིས་གོང་མའི་གསེར་ཡིག་དང་བཅས་འུན་ཤིང་ཀོང་ཇོ་བོད་དུ་བསྐྱལ། བཙན་པོ་རབ་ཏུ་དགའ་ནས་ལི་ཏའོ་ཙུང་མཇལ་ཅིང་མག་པའི་ལུགས་ཀྱི་གུས་འདུད་ཞུས། ཀྲུང་གོའི་རྒྱན་གོས་དང་སྐུ་སྲུང་དམག་གི་མཛེས་པའི་ཡོན་ཏན་ལ་ཡིད་སྨོན་སྐྱེས་ཤིང་། ཀོང་ཇོ་བཞུགས་སའི་ཕོ་བྲང་གསར་དུ་བརྩིགས་ནས་དེར་བཞུགས་སུ་བཅུག བཙན་པོ་རང་གིས་ཀྱང་གོས་ཆེན་གྱོན་ནས་ཀོང་ཇོར་མཇལ་འཕྲད་བྱས། ཀོང་ཇོ་རྒྱལ་ཁམས་དེའི་སྐྱེ་བོ་ཚང་མས་གདོང་ལ་མཚལ་འབྱུག་པར་མ་དགའ་བས་བཙན་པོས་ཕྱིན་ཆད་གདོང་ལ་མཚལ་འབྱུག་མི་ཆོག་པའི་བཀའ་ཕབ། བཙན་པོ་རང་གི་གཏུམ་ཞིང་བློ་དོགས་མང་བའི་གཤིས་རྒྱུད་ཀྱང་རིམ་བཞིན་ལེགས་སུ་སོང་ཞིང་། དཔོན་རིགས་ཀྱི་བུ་ཕྲུག་ཀོ་ཙི་ཅན་ལ་སྙན་ངག་གི་གཞུང་དང་ཧྲང་ཧྲུའུ་སོགས་སློབ་གཉེར་བྱེད་དུ་མངགས།

(བམ་པོ196པའི་ཤོག་ངོས་དང་པོ། 6164)

(ཟླ་བཞི་པ)ཚེས་ཉེར་བདུན་གྱི་ཉིན། ཀོ་དབྱི་ཏུའུ་ཝེ་དམག་དཔོན་ཞི་ཅུན་མའེ་ཡིས་རྟ་དམག་དང་རྐང་དམག་ཧྲག་པོ་བརྒྱ་དང་ཉི་ཤུ་ཁྲིད་དེ་ཐུ་ལུ་ཧུན་གྱི་ཕྱིང་སང་བློན་ཆེན་ཞོན་ཝང་ལ་འཇབ་རྒོལ་གྱིས་ཕམ་པར་བྱས། དེའི་སྤུན་མཆེད་གསུམ་བསད། སྔར་ཕྱིང་སང་བློན་ཆེན་ཞོན་ཝང་གིས་རྒྱལ་སྲིད་ཀྱི་དབང་ཆ་མ་ལུས་བཟུང་ཞིང་། ཧུང་ཧྭ་ཀོང་ཇོར13འཐབ་རྒོལ་དང་ཐུ་ལུ་ཧུན་གྱི་རྒྱལ་པོ་ནོ་ཧོ་པོ་བཙན་ཁྲིད་ཀྱིས་བོད་ལ་འབྲོ་རྒྱུའི་ལྐོག་ཇུས་བཀོད། ནོ་ཧོ་པོ་ཡིས་ཚུལ་དེ་རྟོགས་རྗེས་རྟར་བཞོན་ནས་ཧྲན་ཧྲན་མཁར14དུ་བྲོས་ཤིང་ཁོའི་བློན་པོ་ཝེ་ཞིང་ཝང་ཞེས་པ་དེས་དམག་དཔུང་མངགས་ཏེ་མཁར་ནང་དུ་བསུས། རྐྱེན་དེར་བརྟེན་ནས་ཞི་ཅུན་མའེ་ཡིས་ཞོན་ཝང་ལ་དམག་བརྒྱབ་ནས་བསད་པ་རེད། ཐུ་ལུ་ཧུན་རྒྱལ་ཁབ་ཀྱི་མི་རྣམས་འཇིགས་སྣང་ཆེན་པོ་སྐྱེས་པས། གོང་མས་ཧུའུ་པུའུ་ཧྲང་ཧྲུའུ(ནོར་སྡེའི་ཁུར་འཛིན་བློན་ཆེན)ཐང་ཅན་སོགས་མངགས་ནས་བདེ་ལ་བཀོད།

(བམ་པོ196པའི་ཤོག་ངོས4པ། 6167)

1_5           ཀྲེན་ཀོན་ཁྲི་ལོ་བཅུ་བདུན་པ། (སྤྱི་ལོ643པ)

(ཤོལ་ཟླ་དྲུག་པའི་ཚེས་བཅུའི་ཉིན)ཞུའེ་ཡན་ཐོ་ཡི་ཁ་གན་ཀྲེན་ཀྲུའུ15ཡིས་རང་གི་ཚ་བོ་ཐུའུ་ལི་ཧྲི་ཞེས་པ་ཀོང་ཇོ་སློང་རྟེན་འབུལ་དུ་མངགས། རྟ་ལྔ་ཁྲི་དང་། ནོར་དང་རྔ་མོང་ཆིག་ཁྲི། ལུག་ཆིག་འབུམ་བཅས་ཕུལ། ཚེས་བཅུ་གསུམ་གྱི་ཉིན་ཐུའུ་ལི་ཧྲེ་ཡིས་གསོལ་སྟོན་བཤམས་ཤིང་། གོང་མ་ཡང་ཚོམས་ཆེན་ཞང་སི་རུ་ཕེབས་ནས་བློན་པོའི་ཚོགས་དང་ལྷན་དུ་གཟབ་རྒྱས་ཆེ་བའི་གསོལ་སྟོན་ལ་རོལ། རོལ་དབྱངས་ཁག་བཅུ་འབུད་དཀྲོལ་བྱས། ཐུའུ་ལི་ཧྲེས་ཡིས་ཡང་བསྐྱར་ཕྱག་ཕུལ་ཏེ་བཞེས་རག་དྲངས་ཤིང་གོང་མས་ཁོ་ལ་གསོལ་རས་གྱ་ནོམ་པ་བསྩལ།

ཆོ་པི་ཧོ་ལི་ཡིས་གོང་མར“ཞུའེ་ཡན་ཐོ་དང་གཉེན་སྡེབ་མི་རུང”ཞེས་གསོལ་བར། གོང་མས“ཁོ་བོས་སྔ་ས་ནས་ཁས་འཆེས་ཟིན་པས་གནམ་གྱི་སྲས་ཀྱིས་ཁ་དན་ཚིག་ལ་མི་གནས་པ་བྱེད་ག་ལ་རུང”ཞེས་གསུངས། དེའི་ལན་དུ་ཆི་པོ་ཧོ་ལི་ན་རེ། “བློན་པོ་ངས་གོང་མ་མཆོག་ལ་ད་ལྟ་ཉིད་དུ་ཞལ་གྱིས་བཞེས་ཞུས་པ་མིན། དོན་དེ་གནས་སྐབས་སུ་ཕྱི་འགྱང་གནང་ན་བསམས་པ་ཡིན། བློན་པོ་ཕྲན་གྱི་གོ་ཐོས་ལྟར་ན། གནའ་བོའི་དུས་སུ་བག་མ་བསུ་རུ་མག་པ་དངོས་སུ་འོང་བའི་ལུགས་སྲོལ་ཡོད་པར་སྐད། གལ་སྲིད་གོང་མ་མཆོག་གིས་ཁ་གན་དབྱི་ནན་རང་དངོས་སུ་བག་མ་བསུ་རུ་འོང་དགོས་པ་དང་། རྒྱལ་སར་མི་སླེབས་ཀྱང་ལིང་ཀྲོའུ16བར་དུ་ཡོང་དགོས་ཞེས་བཀའ་མ་ཕབ་ཚེ། ཁོ་རང་དེར་ཡོང་མི་ཕོད་ངེས་ཅན་ཡིན་པས་དེ་དུས་གཉེན་བསྡེབ་རྒྱུ་ཞལ་གྱིས་བཞེས་ཀྱང་ཚུལ་ལུགས་དང་མཐུན་པ་འོང་། དབྱི་ནན་གྱི་གཤིས་རྒྱུད་གྱོང་ཞིང་གཏུམ་ལ། གཉེན་དོན་མ་འགྲིགས་ཚེ་མངའ་འོག་གི་བློན་འབངས་རྣམས་ཀྱི་བློ་ཁ་གཅིག་ཏུ་མི་འགྲིལ། དེ་ལྟར་ལོ་གཅིག་གཉིས་ནང་ཁོ་རང་ནད་ཀྱིས་འདའ་ངེས་ཡིན་ཞིང་། བུ་གཉིས་རྒྱལ་སྲིད་སུས་འཛིན་མ་འཆམས་པར་ཡོད་སྐབས། རང་རེས་ངལ་བ་སྤྱོད་མི་དགོས་པར་དབང་དུ་བསྒྱུར་ཐུབ”ཅེས་ཞུས་པར། གོང་མས་ཀྱང་དེའི་ངག་ལ་གསན། དེར་ཁ་གན་ཀྲེན་ཀྲུའུ་བག་མ་བསུ་རུ་འོང་དགོས་པ་དང་གོང་མ་སྐུ་དངོས་ཀྱིས་བག་མ་བསྐྱལ་ནས་ལིང་ཀྲོའུ་རུ་འཛོམ་རྒྱུའི་གསེར་ཡིག་བཏང་། ཁ་གན་ཀྲེན་ཀྲུའུ་དགའ་སྤྲོ་ཆེན་པོ་སྐྱེས་ནས་ལིང་ཀྲོའུ་རུ་མཇལ་དུ་འགྲོ་རྩིས་བྱས་པ་ན། ཁོའི་བློན་པོས“བརྒྱ་ལ་ཐང་གིས་བཀག་ནས་མ་བཏང་ཚེ་འགྱོད་ཀྱང་འཕྱིས”ཞེས་གསལ་འདེབས་ཞུས། དེར་ཁ་གན་ཀྲེན་ཀྲུའུ་ན་རེ། “ཐང་གི་གོང་མ་ནི་དམ་པའི་མཛད་སྤྱོད་མངའ་བ་ཞིག་ཡིན་ཚུལ་ཁོ་བོས་ཐོས། ང་རང་དངོས་སུ་སོང་ནས་མཇལ་ཐུབ་ཚེ་ཤི་ཡང་འགྱོད་པ་ཅི་ཡང་མེད། དེར་མ་ཟད་བྱེ་ཐང་ཆེན་པོའི་བྱང་རྒྱུད་ཡུལ་གྲུར་བདག་པོ་ཞིག་དགོས་ངེས་རེད། ཁོ་བོ་བསྐྱོད་རྒྱུ་ཡིད་གཏན་ཁེལ་ཟིན་པས་ད་ནི་སྨྲ་བ་སྐྱུང་བར་གྱིས”ཞེས་སྨྲས། དེར་གོང་མས་བང་ཆེན་ཁག་གསུམ་བཏང་སྟེ་ཁ་གན་ཀྲེན་ཀྲུའུ་ཡིས་དབུལ་བྱའི་ཕྱུགས་རིགས་རྣམས་རྩིས་ལེན་དུ་སོང་། ཞུའེ་ཡན་ཐོ་ལ་མ་གཞི་ནས་མཛོད་ཁང་དང་རྟ་ར་མེད་པས།  ཁ་གན་ཀྲེན་ཀྲུའུ་ཡིས་མངའ་འོག་གི་ཚོ་བ་ཁག་ལས་ཕྱུགས་རིགས་བསྡུ་རུ་བཅུག་མོད། ཕར་ཚུར་འགྲོ་འོང་ཐེངས་རེའི་ལམ་ཐག་ལེ་དབར་ཁྲི་ཕྲག་ཡོད་པ་དང་། ལམ་བར་དུ་མྱ་ངམ་ཐང་བརྒྱུད་དགོས་པས་རྩ་ཆུ་མ་རག་པར་ཕྱུགས་རིགས་ཕྱེད་ཙམ་ཤི། དུས་ལས་ཡོལ་ཀྱང་ལིང་ཀྲོའུ་རུ་སླེབས་མ་ཐུབ། དཔོན་རིགས་རྣམས་ཀྱིས་སློང་རྟེན་མ་འཛོམས་པར་གཉེན་བསྡེབས་ཚེ་མཐའ་འཁོབ་ཀྱི་རོང་ཏིའི17མི་རྣམས་ཀྱིས་ཀྲུང་གོར་མཐོང་ཆུང་བྱས་འོང་ཞེས་གླེང་བས་གོང་མས་གཉེན་བསྡེབ་རྒྱུ་མཚམས་འཇོག་དགོས་པའི་བཀའ་ཕབ། གོང་མ་རང་ཡང་ལིང་ཀྲོའུ་རུ་ཕེབས་མཚམས་བཞག བང་ཆེན་ཁག་གསུམ་ཡང་ཕྱིར་བཀུག

དེར་ཁྲུའུ་སུའེ་ལེང་གིས་གོང་མར་ཞུ་ཡིག་ཕུལ་བའི་ནང“ཞུའེ་ཡན་དབྱི་ནན་ནི་མ་གཞི་སི་ཅིན18དམག་དཔོན་ཞིག་ལས་མ་འདས། གོང་མས་བྱེ་ཐང་བཏུལ19བ་ནས་ལེ་དབར་ཁྲི་ཡི་ཡུལ་གྲུ་ཉམས་ཤིང་རྒུད་པར་གྱུར། ཤུལ་དུ་ལུས་པའི་ཇག་རྐུན་རྣམས་གང་སར་བྱེར་ཞིང་འཁྱམས། དེ་དག་ལ་བདག་པོ་ཞིག་མེད་དུ་མི་རུང་གཤིས། བཀའ་ཡིག་དང་རྫ་རྔ་རུ་དར་བཅས་གནང་སྟེ་ཁོ་རང་ཁ་གན་ལ་བསྐོས་པ་རེད། ཉེ་ཆར་འབྲེལ་ལམ་སྔར་བས་དམ་དུ་ཕྱིན་ཏེ་མཉམ་བསྡེབ་རྒྱུའང་ཞལ་གྱིས་བཞེས། དོན་དེ་ནུབ་ཕྱོགས་ཀྱི་བོད་དང་། བྱང་ཕྱོགས་ཀྱི་སི་མོ20ཚང་མར་བསྒྲགས་ཟིན་ཅིང་། ཀྲུང་གོའི་ཆུང་བྱིས་པ་ཡན་གྱི་སྐྱེ་བོ་སུས་ཀྱང་མི་རྟོགས་པ་མེད། གོང་མ་སྐུ་དངོས་བྱང་སྒོར་ཕེབས་ཏེ་དེས་གསོལ་སྟོན་ཕུལ་བ་ལོངས་སུ་སྤྱད། བློན་འཁོར་དང་ཕྱོགས་བཞིའི་མཐའ་འཁོབ་མི་རིགས་ཀྱི་མགྲོན་པོ་ཚང་མ་ཉིན་གང་པོར་གླུ་གར་ལ་རོལ།ཚང་མས་གོང་མ་ཆེན་པོས་འབངས་རྣམས་བདེ་ལ་དགོད་ཕྱིར་གཅེས་པའི་སྲས་མོ་ཡང་ཕངས་མེད་སྦྱིན་ཅེས་གླེང་། དྲིན་བྱས་དྲིན་དུ་མི་ཚོར་བའི་སྐྱེ་བོ་སུ་ཞིག་མཆིས་སམ། འོན་ཀྱང་ད་ཆ་ཡུད་ཙམ་གྱི་རིང་ལ་བློ་སྣ་འགྱུར་ཅིང་གཉེན་དོན་ཞལ་བཞེས་གནང་བར་ཐུགས་འགྱོད་འཁྲུངས། བློན་པོ་ཕྲན་ནི་རྒྱལ་ཁབ་ཀྱི་སྙན་གྲགས་ལ་གནོད་པར་འགྱུར་བ་དང་ཐོབ་པ་ཉུང་ལ་ཤོར་བ་མང་བར་ཞེ་ནས་ཕངས། ད་ནི་ཞེ་འཁོན་བསླངས་ཚར་བས་མཐའ་མཚམས་སུ་དཀྲོག་རྐྱེན་བཟོ་བ་གོར་མ་ཆག ཁོ་ཚོའི་རྒྱལ་ཁབ་ལ་མགོ་སྐོར་ཐེབས་པས་འཁོན་འཛིན་ཆེ་རུ་གྱུར་པ་དང་། རང་རེའི་དམངས་རྣམས་ཁ་དན་ཚིག་ལ་མ་གནས་པའི་ངོ་ཚས་སེམས་ཁོང་ཟིན།  འདི་ལྟར་བགྱིས་པས་རྒྱང་རིང་གི་མཐའ་འཁོབ་མི་རིགས་རྣམས་ཀྱི་སེམས་འགུགས་མི་ཐུབ་ལ་བསླབ་བྱ་དང་གཅུན་འདོམས་ཀྱང་བྱེད་མི་ཐུབ། གོང་མ་མཆོག་གནམ་འོག་གི་རྗེ་བོར་འཁོད་ནས་མི་ལོ་བཅུ་བདུན་སོང་། དེའི་རིང་ལ་བྱམས་དང་དྲིན་གྱིས་དམངས་རྣམས་བསྐྱངས་ཤིང་དམ་ཚིག་དང་དྲན་བདེན་ལ་རྒྱས་མཐའ་འཁོབ་ཀྱི་རོང་པ21རྣམས་བདེ་ལ་བཀོད། ཀུན་ཀྱང་མོས་གུས་མི་བྱེད་པ་མེད་པས་ཁོ་ཚོར་མགོ་སྐོར་བཏང་བ་དེས་ང་ཚོར་ཕན་པ་འགའ་ཡང་མེད། དོན་འདི་མགོ་མཇུག་བར་གསུམ་ཚང་བ་ཞིག་མ་བྱས་པ་ཅི་འདྲའི་ཕངས་ཨང་། བྱང་རྒྱུད་མྱ་ངམ་ཐང་དུ་ཚོ་བ་གྲངས་ཀྱིས་མི་ཟིན་པ་ཡོད་པས། ཀྲུང་གོས་དེ་དག་ཚང་མ་རྩ་མེད་གཞི་བྲལ་དུ་གཞར་ཡང་གཏོང་མི་ཐུབ། དེ་བས་སྤྱོད་ལམ་བཟང་པོའི་ལམ་ནས་བསྐྱངས་ཏེ། མ་རུངས་པའི་ལས་ལ་འཇུག་མཁན་ནི་ཕ་རོལ་པོ་ལས་ཀྲུང་ཧྭ་མ་ཡིན་པ་དང་། དམ་ཚིག་རྡོག་རོལ་དུ་གཏོང་མཁན་ནི་ཕ་རོལ་པོ་ཡིན་པ་ལས་རང་ཅག་མ་ཡིན་པར་གྱུར་ཚེ། གོང་མ་ཡའོ་དང་། ཧྲུན། ཡུས། ཁྲེང་ཐང22སོགས་ཀྱིས་ཀྱང་གོང་མ་ཁྱེད་ཉིད་ལ་བསྒྲུན་དུ་མེད་པར་འགྱུར”ཞེས་ཞུས་ཀྱང་གོང་མས་མ་གསན།

(བམ་པོ197པའི་ཤོག་ངོས8པ། 6199-6201)

1_6          ཀྲེན་ཀོན་ཁྲི་ལོ་ཉེར་གཅིག་པ། (སྤྱི་ལོ647པ)

(ཟླ་བཅུ་གཉིས་པ)ཆིའུ་ཚིའུ23རྒྱལ་པོ་ཧྥ་ཏེ་ཚེ་ལས་འདས་པས་དེའི་གཅུང་པོ་ཧོ་ལི་པུའུ་ཧྲི་པི་རྒྱལ་ཁྲིར་འཁོད། དེས་རིམ་བཞིན་བློན་པོའི་གུས་སྲོལ་མི་སྐྱོང་བར་ཉེ་འབྲེལ་གྱི་རྒྱལ་ཁབ་ལ་རྒོལ་ཞིང་གཙེས། དེར་གོང་མ་ཐུགས་ཁྲོས་ཏེ་ཚེས་ཉེར་དྲུག་གི་ཉིན་གོང་མའི་གསེར་ཡིག་པའམ་ཁུན་ཆིའུ་ཏའོ་ཡི་རུ་འདེགས་སྤྱི་འདོམས་དམག་དཔོན་ཆེན་མོའམ་གཡོན་རུའི་ཞའོ་ཝེ་དམག་དཔོན་ཆེན་མོ་ཨ་ཧྲི་ན་ཏུའུ་ཨེར་དང་།  སྤྱི་འདོམས་ཆེན་མོ་གཞོན་པའམ་གཡོན་རུའི་ཞའོ་ཝེ་དམག་དཔོན་ཆེན་མོ་ཆི་པི་ཧོ་ལི། ཨན་ཞིའི24ཏུའུ་ཧུའུ་)སྤྱི་ཁྱབ)ཀོ་ཞའོ་ཆུའེ་སོགས་ལ་དམག་སྣེ་འདྲེན་དུ་བཅུག་སྟེ་འདུལ་དུ་མངགས། ཡང་ཐིའེ་ལེའི་ཀྲོའུ་ཁག་བཅུ་གསུམ་དང་། གྲུ་གུ། བོད། ཐུ་ལུ་ཧུན་བཅས་ཀྱི་དམག་དཔུང་མཉམ་འབྲེལ་གྱིས་འདྲེན་དགོས་པའི་བཀའ་ཕབ།

(བམ་པོ198པའི་ཤོག་ངོས28པ། 6250-6251)

1_7          ཀྲེན་ཀོན་ཁྲི་ལོ་ཉེར་གཉིས་པ།(སྤྱི་ལོ648པ)

ཟླ་ལྔ་པའི་ཚེས་ཉེར་གསུམ་གྱི་ཉིན།  གཡས་རུའི་ཝེ་ཧྲོའེ་ཀྲང་ཧྲི(རྒྱལ་སྲས་དམ་པའི་གཡས་རུའི་སྐུ་སྲུང་དམག་གི་ཀྲང་ཧྲི་དཔོན་པོ)ཡི་གོ་ཐོབ་ཅན་ཝང་ཞོན་ཚེ་ཡིས་ཏི་ན་ཧྥུ་ཏིའི་རྒྱལ་པོ་ཨ་ལོ་ན་ཧྲུན་དམག་དྲངས་ནས་ཕམ་ཁ་ཆེན་པོ་བསྐུར།

སྔར་རྒྱ་གར་དབུས་མའི་རྒྱལ་པོ་ཧྲི་ལོ་དབྱོ་ཏོ25དཔུང་སྟོབས་ཆེ་བས་རྒྱ་གར་གྱི་ཕྱོགས་བཞིའི་རྒྱལ་ཁབ་བཞི་པོས་གཙུག་ཏུ་བཀུར། ཝང་ཞོན་ཚེས་གོང་མའི་བཀའ་ལྟར་རྒྱ་གར་དུ་ཕོ་ཉར་ཆས་པ་ན། རྒྱལ་ཁག་ཚང་མས་ཕོ་ཉ་མངགས་ཏེ་སྐྱེས་ཕུལ། ཏག་ཏག་སྐབས་དེར་ཧྲི་ལོ་དབྱི་ཏོ་ཚེ་ལས་འདས་པས་རྒྱལ་ཁབ་ཟང་ཟིང་དུ་གྱུར་པ་དང་། བློན་པོས་ཨ་ལོ་ན་ཧྲུན26གྱིས་རང་ཉིད་རྒྱལ་ཁྲིར་འཁོད་ཅིང་ཝང་ཞོན་ཚེར་རྒོལ་བའི་དམག་དཔུང་བཏང་། ཝང་ཞོན་ཚེས་འཁོར་འབངས་སུམ་ཅུ་ཁྲིད་ནས་དེ་དང་འཐབ་ཀྱང་ཁ་ཡ་མ་ཡོང་བར་ཚང་མ་ཕ་རོལ་པོས་འཇུས་པ་དང་། རྒྱལ་ཁབ་གཞན་གྱིས་ཕུལ་བའི་སྐྱེས་ཀྱང་མ་ལུས་པར་འཕྲོག ཝང་ཞོན་ཚེ་མཚན་མོ་བྲོས་ནས་ཐར་ཏེ་བོད་ཀྱི་ནུབ་རྒྱུད་མངའ་ཁོངས་སུ་སླེབས་ཤིང་། དེར་ཡི་གེ་བཏང་ནས་ཉེ་འཁོར་གྱི་རྒྱལ་ཁབ་དག་གི་དམག་དཔུང་བསྐངས། བོད་ཀྱིས་ཧྲག་དམག་ཆིག་སྟོང་ཉིས་བརྒྱ་མངགས་ཤིང་། ནེ་པ་ལ་རྒྱལ་ཁབ་ཀྱིས་རྟ་དམག་བདུན་སྟོང་ལྷག་བཏང་། ཝང་ཞོན་ཚེ་དང་ཕོ་ཉ་གཞོན་པ་ཅང་ཧྲི་རེན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་ཁྲིད་དེ་རྒྱ་གར་དབུས་མའི་ཁྲ་པོ་ཧོ་ལོ་མཁར27དུ་སླེབས། བསྟུད་མར་ཉིན་གསུམ་ལ་གཡུལ་བསྲེས་ཏེ་ཕས་རྒོལ་ལ་ཕམ་ཁ་ཆེན་པོ་བསྐུར། མི་སུམ་སྟོང་ལྷག་གི་མགོ་བྲེགས། ཆུ་བོའི་གཞུང་ལ་བྲོས་ཏེ་དིམ་ནས་ཤི་བའང་ཁྲི་གཅིག་ཙམ་བྱུང་། ཨ་ལོ་ན་ཧྲུན་གྱིས་མཁར་བསྐྱུར་ནས་བྲོས་ཤིང་དམག་མི་ལྷག་ལུས་རྣམས་བསྡུས་ནས་ཡང་བསྐྱར་ཅང་ཧྲི་རེན་དང་འཐབ་ཀྱང་དེར་ཡང་དམག་ཕམ་སྟེ་ཨ་ལོ་ན་ཧྲན་བཟུང་། དམག་དཔུང་ལྷག་མ་དག་གིས་དེའི་བཙུན་མོ་དང་རྒྱལ་བུ་གཙུག་ཏུ་བཀུར་ཅིང་ཆུ་བོ་ཆན་ཐོ་ཝེའི28རྒྱུད་དུ་འགོག་སྲུང་བྱས། ཅང་ཧྲི་རེན་གྱིས་དམག་དཔུང་དྲངས་ཏེ་འཐབ་པས་བྱིངས་རྣམས་ཐོར་ཅིང་བཙུན་མི་དང་རྒྱལ་བུ་ཟིན། ཕོ་མོ་ཆིག་ཁྲི་ཉིས་སྟོང་འཇུས། དེར་བརྟེན་རྒྱ་གར་བ་རྣམས་འཇིགས་སྣང་ཆེན་པོ་བྱུང་སྟེ་གྲོང་ཁྱེར་དང་ཚོ་སྡེ་ལྔ་བརྒྱ་བརྒྱད་ཅུ་ལྷག་མགོ་བཏགས། ཝང་ཞོན་ཚེས་ཨ་ལོ་ན་ཧྲུན་ཁྲིད་ནས་ཕྱིར་ལོག་པ་དང་གོང་མས་ཁོར་ཁྲའོ་སན་ཏ་ཧྥུ29ཞེས་པའི་གོ་གནས་བསྩལ།

(བམ་པོ199པའི་ཤོག་ངོས11པ། 6257-6258)

1_8          ཀྲེན་ཀོན་ཁྲི་ལོ་ཉེར་གསུམ་པ། (སྤྱི་ལོ649པ)

(ཟླ་བཅུ་པ)གོང་མས་བོད་ཀྱི་བཙན་པོ་ཁྲི་སྲོང་བཙན་ལ་ཧྥུ་མ་ཏུའུ་ཝེ30དང་ཞི་ཧའེ་ཀྱུན་ཝང31ཞེས་པའི་ཆོ་ལོ་བསྩལ། བཙན་པོས་ཀྲང་སུན་ཝུའུ་ཅི་སོགས་ལ་འཕྲིན་ཡིག་སྤྲིངས་ཏེ“གནམ་གྱི་སྲས་སྲིད་ཁྲིར་མངའ་གསོལ་མ་ཐག་ཡིན་པས། བློན་འབངས་ཀྱི་ཁྲོད་དུ་གློ་བ་རིང་བ་བྱུང་ཚེ་ཁོ་བོས་དམག་དཔུང་རྒྱ་ཡུལ་ལ་དྲངས་ནས་མེད་པར་བཏང་ཆོག་ཅེས་སྨྲས།

(བམ་པོ199པའི་ཤོག་ངོས15པ། 6269-6270)


2 མཆན་འགྲེལ།

1.吐谷浑ཞེས་པའི་རྒྱ་ཡིག་བར་མ་དེའི་ཀློག་སྟངས་ལ་བཤད་ཚུལ་མི་འདྲ་བ་ཡོད་དེ། ཐང་རྒྱལ་རབས་སྔོན་གྱི་མཁས་པ་མང་པས་དེlu ཞེས་བཀླག་དགོས་པར་འདོད་པ་དང་། ཁང་ཞིའི་ཡིག་མཛོད་དུའང་དེ་བཞིན་བཀོད་པར་བརྗོད་ལ་དེབ་དམར་དུའང་ཐུ་ལུ་ཧུན་ཞེས་བྲིས་ཡོད། ད་ལྟ་ཡོངས་ཁྱབ་ཏུ་ཐུའུ་ཡུས་ཧུན་ཞེས་འབོད་ཀྱང་འདིར་སྔོན་སྲོལ་ལྟར་ཐུ་ལུ་ཧུན་དུ་བསྒྱུར།

2.འདི་མ་ཡིག་ཏུ་ཧུང་ཀྲོའུ(弘州)ཞེས་བྲིས་འདུག་ཀྱང་སུང་ཀྲོའུ་སྟེ་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་ཟུང་ཆུ་རྫོང(松薄县)ཡིན་འོས།

3.མི་ཉག་བོད་ཀྱི་རུས་ཚན་ཆེན་པོ་དྲུག་གི་ཡ་གྱལ་ལྡོང་ལས་ཆད་ཚུལ་གྱི་བོད་ཀྱི་ལོ་རྒྱུས་ནང་མང་དུ་འབྱུང་བས་རྒྱས་ཏང་ཞང་དུ་འབོད་པའི་མི་ཉག་གི་རུས་ལྡོང་ཡིན་པར་བསམས་ཤིང་། ཏང་ཞང་ཞེས་པ་ལྡོང་ཟུར་ཆག་པར་འདོད་མོད་འདིར་གནས་སྐབས་སུ་རྒྱ་ཡིག་གི་སྒྲ་སོར་བཞག

4.ཀྲེན་ཀོན་ཁྲི་ལོ་ལྔ་པར་མགོ་བཏགས་པའི་ཏང་ཞང་ཆཱང་གི་ས་ཆར་འཉམ་གཅུན་ཀྲོའུ(འཇམ་གཅུན་ཀྲོའུ་ཞེས་པ་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་བཙུགས་པའི་ཀྲོའུ་ལ་ཟེར)བཙུགས་པའི་ནང་དུ་མཁོ་ཀྲོའུ(阔州)དང་ནོ་ཀྲོའུ(诺州)ཚང་མ་སུང་ཀྲོའུ(松洲)ཏུའུ་ཏུའུ་ཧྥུ་ཡི་མངའ་འོག་ཏུ་ཡོད་ཀྱང་ཡཱན་ཀྲོའུ(阎州)ཞེས་པ་མེད་ཅེས་དཔེ་དེབ་འདིའི་མ་ཡིག་གི་མཆན་འགྲེལ་དུ་འདུག་པས་འདི་མཁོ་ཀྲོའུ་དང་ནོར་འདུག

5.ཚི་ཧྲི་ནི་སུའེ་རྒྱལ་རབས་དང་ཐང་རྒྱལ་རབས་སྐབས་ཀྱི་ཀྲོའུ་ཡི་སྲིད་འཛིན་དཔོན་པོའི་གོ་གནས་མིང་།

6.ནོ་ཀྲོའུ་ནི་ད་ལྟའི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གྱི་ཟུང་ཆུ་རྫོང(松蕃县)གི་བྱང་ཕྱོགས་སུ་ཡོད།

7.ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་ཁྲི་ལོ་དང་པོར་རྒྱལ་ཡོངས་ཏའོ(道)འམ་ཡུལ་གྱི་དབང་རིས་རྣམ་པ་བཅུར་བགོས་ཤིང་། ཁའེ་ཡོན་ཁྲི་ལོ་ཉེར་གཅིག་པའི་སྐབས་སུ་ཏའོ་བཅོ་ལྔར་བགོས། ཨན་ཧྲིའི་དུས་ཟིང་གི་རྗེས་སུ་མེད་པར་བཟོས། དེ་བས་རྒྱལ་རབས་འདིའི་ནང་གི་ཏའོ་ཞེས་པ་སྐབས་རེར་གོང་སྨྲས་ཡུལ་གྱི་དབང་རིས་དག་ལ་མཁོ་དགོས་པ་དང་། ཡང་སྐབས་རེར་དམག་དཔུང་བསྐྱོད་ཡུལ་ལམ་དམིགས་ཡུལ་ལ་གོ་དགོས། ཏའོ་བཅུ་འམ་བཅོ་ལྔའི་ཁོངས་སུ་ཏང་མི་དང་མཁོ་ཧྲུའེ་སོགས་མི་སྣང་བས་སྐབས་འདིར་དམག་དཔུང་བསྐྱོད་ཡུལ་སོགས་ལས་སྲིད་འཛིན་ས་ཁུལ་ལ་གོ་མི་རུང་། འདིར་སྐུ་ཞབས་དོན་གྲུབ་རྒྱལ་དང་སྐུ་ཞབས་ཁྲིན་ཆན་དབྱིན་གཉིས་ཀྱིས་ཏང་མི་ཞེས་པ་མདོ་སྨད་དུ་བསྒྱུར་ཡོད་ཀྱང་དོན་དང་མཐུན་མིན་ད་དུང་བརྟག་དགོས།

8.ལིའུ་ཅན་ཞེས་པ་ལིའུ་ལན(刘阑)ཡིན་དགོས། རྒྱ་ཡིག་མ་ཕྱིའི་མཆན།

9.ཀོ་ཙི་ཅན་ཞེས་པ་རྒྱའི་གནའ་རབས་ཀྱི་རྒྱལ་གཞུང་གིས་བཙུགས་པའི་རིམ་པ་ཆེས་མཐོ་བའི་སློབ་གྲྭའི་མིང་།

10.འདིའི་གསོལ་མཆོད་དཔོན་ཞེས་པ་དོན་དམ་དུ་སློབ་གྲྭའི་འགོ་འཛིན་ཡིན།

11.ཐང་རྒྱལ་རབས་ཀྱི་དུས་སུ《གུས་ལུགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས》)(礼记)དང་། 《ཙོ་ཆིའུ་མིང་གིས་བརྩམས་པའི་ཁྲུན་ཆིའུ་ལོ་རྒྱུས》(左春秋传)གཉིས་གཞུང་ཆེན་པོ་དང་། 《སྙན་ངག་གི་གཞུང》(诗经)《གུས་ལུགས་ཀྱི་གཞུང》(仪礼)《ཀྲོའུ་ཡི་གུས་ལུགས》(周礼)གསུམ་གཞུང་འབྲིང་བ། 《དབྱི་ཅིང》(易经)《ཧྲང་ཧྲུའུ》(尚书)《ཀུང་དབྱང་ཀའོ་ཡིས་བརྩམས་པའི་ཁྲུན་ཆིའུ་དེབ》(春秋公羊传)《ཁྲུན་ཆིའུ》《ཀུའུ་ལེང་ཁྲི་ཡིས་བརྩམས་པའི་ཁྲུན་ཆིའུ་དེབ》(春秋)རྣམས་གཞུང་ཆུང་བར་རྩི།

12.ཀའོ་ལི། པའེ་ཅི། ཞིན་ལོ་གསུམ་ཁྲའོ་ཞན་རིགས་ཀྱིས་བཙུགས་པའི་རྒྱལ་ཁབ་ཡིན། ཀའོ་ཁྲང་ནི་ཐང་རྒྱལ་རབས་སྐབས་ཀྱི་ནུབ་ཡུལ་གྱི་རྒྱལ་ཁབ་ཅིག རྒྱལ་ས་ཀའོ་ཁྲང་མཁར་ཡིན། ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཐུའུ་ལུའུ་ཧྥན(吐鲁番)གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་སུམ་ཅུ་ཙམ་གྱི་ཧ་ལ་ཧོ་ཀྲོ(哈啦和卓)ཞེས་པའི་ལྷོ་ནུབ་ཏུ་ཡོད།

13ཧུང་ཧྭ་ཀོང་ཇོ་ནི་ཐུ་ལུ་ཧུན་གྱི་རྒྱལ་པོར་བག་མར་གནང་བའི་ཐང་གོང་མའི་ཁྱིམ་རྒྱུད་གྱི་ཀོང་ཇོ་ཞིག

14.ཧྲན་ཧྲན་མཁར་ཞེས་པ་གནའ་བོའི་ལོའུ་ལན་མཁར་ཏེ་ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཧྲན་ཧྲན་རྫོང(汕善县)།

15.ཞུའེ་ཡན་ཐོ་ནི་ཞུའེ་དང་ཡན་ཐོ་ཞེས་པའི་ཚོ་བ་གཉིས་ལས་གྲུབ། ཐིའེ་ལེ(铁勒)ཚོ་བར་ནང་གསེས་ཚོ་བ་མང་པོ་ཡོད་པའི་ཡ་གྱལ་ཡིན། ཁ་གན་ཞེས་པ་ནི་གྲུ་གུ་དང་ཡུ་གུར་སོགས་བྱང་ཕྱོགས་ཀྱི་ཕྱུགས་འཚོ་བའི་མི་རིགས་ཁག་གིས་རྒྱལ་པོར་འབོད་སྟངས་ཤིག་ཡིན།། རྒྱལ་པོ་འདིའི་མིང་ཞུའེ་ཡན་དབྱི་ནན་ཟེར།

16.ལིང་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ལིང་ཝུའུ་རྫོང(灵武县)དུ་ཡོད།

17.དེབ་འདིའི་ནང་དུ་བརྗོད་པའི་རོང་ངམ་ཏི་ཡང་ན་རོང་ཏི་ཞེས་པ་རྣམས་སྤྱིར་བཏང་དུ་བོད་ལ་གོ་དགོས་ཤིང་། སྐབས་རེར་གྲུ་གུ་སོགས་མི་རིགས་གཞན་ལའང་གོ

18.སི་ཅིན་ཞེས་པ་ནི་གྲུ་གུས་རང་གི་མངའ་འོག་གི་ཚོ་དཔོན་ལ་གནང་བའི་དཔོན་ཐོབ་ཅིག་གི་མིང་།

19.འདིར་གྲུ་གུ་བཏུལ་བ་བསྟན་ཅིང་བྱང་རྒྱུད་དུ་བྱེ་ཐང་མང་བས་དེ་ལྟར་བརྗོད། རྒྱ་ཡིག་མ་ཕྱིའི་མཆན།

20.འདིའི་སོ་མོ་ཞེས་པ་ནི་གྲུ་གུ་ཤར་མའི་ཁ་གན་ཨ་ཧྲི་ན་སོ་མོ(阿史那摩)ཡིན།

21.འདིར་ཐང་རྒྱལ་རབས་མཐའ་འཁོར་གྱི་མི་རིགས་གཞན་དག་བསྟན།

22.གོང་མ་ཡའོ་དང་ཧྲུན་ནི་རྒྱའི་ངག་རྒྱུན་དུས་རབས་ཀྱི་གོང་མ་རྣམ་ལྔར་གྲགས་པའི་བཞི་པ་དང་ལྔ་པ་གཉིས་ཡིན་པ་དང་། ཡུས་དང་ཁྲེང་ཐང་གཉིས་ནི་ཞ་དང་ཧྲང་རྒྱལ་རབས་ཀྱི་རྒྱལ་པོ་ཐོག་མ་གཉིས་ཡིན།

23.ཆིའུ་ཚི་ནི་གནའ་བོའི་ནུབ་ཡུལ་གྱི་རྒྱལ་ཁབ་ཅིག་སྟེ་སྐབས་འདིའི་ཨན་ཞིའི་དམག་སྡེ་བཞིའི་ཡ་གྱལ་ཡིན། ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁུའུ་ཁྲེ་རྫོང(库车县)ཡིན།

24.ཨན་ཞི་ནི་ཐང་རྒྱལ་རབས་ཀྱ་ས་སུང་དམག་སྡེའི་མིང་། ཨན་ཞིའི་ཏུའུ་ཧུའུ(ཨན་ཞིའི་སྤྱི་ཁབ)ཡིས་དམག་སྡེ་བཞིར་འགོ་འདོམས་བྱེད། སྲིད་གཞུང་ཨན་ཞིའི་ཏུའུ་ཧུའུ་ཧྥུ(ཨན་ཞིའི་སྤྱི་ཁྱབ་ཁང)སྟེ་ད་ལྟའི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁུའུ་ཁྲེ་རྫོང(库车县)དུ་ཡོད།

25.རྒྱའི་གནའ་རབས་ལོ་རྒྱུས་སུ་རྒྱ་གར་ལ་རྒྱ་གར་ཤར་མ་དང་། རྒྱལ་གར་ལྷོ་མ། རྒྱ་གར་ནུབ་མ། རྒྱ་གར་དབུས་མ་བཅས་བཞི་རུ་དབྱེ། དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་རུ་བཙན་པོ་སྲོང་བཙན་དང་དུས་མཉམ་ཞིང་། མ་རྒྱུད་གུཔྟའི་རྒྱལ་རྒྱུད་ལས་ཆད་པའི་རྒྱལ་པོ་གྲགས་ཅན་ཧརྴ་ཞེས་པ་མཚན་གཞན་ལ་ཤི་ལཱའི་ཏྱ(ཚུལ་ཁྲིམས་ཉི་མ)ཞེས་པའི་སྐོར་བཀོད་པ་དེ་དང་ཧྲི་ལོ་དབྱི་ཏོ་ཞེས་པ་འདི་གཉིས་གང་ཟག་གཅིག་ཏུ་སྣང་།

26.གཏམ་རྒྱུད་གསེར་ཐང་དུ་འདིའི་མིང་ལ་སྲིད་སྒྲུབ་ཅེས་བཀོད་།

27.གཏམ་རྒྱུད་གསེར་ཐང་དུ་ས་འདིའི་མིང་ལ་ཏི་ར་ཧུ་ཏ་ཞེས་བཀོད་ཡོད།

28.ཆུ་བོ་ཆན་ཐོ་ཝེ་ཞེས་པ་མ་ཡིག་གི་མཆན་འགྲེལ་དུ་ཆུ་བོ་གངྒ་ཡིན་པར་བརྗོད།

29.ཁྲའོ་སན་ཏ་ཧྥུ་ཞེས་པ་ཞི་དཔོན་གྱི་་དཔོན་ཐོབ་ཐོར་བུའི་རིགས་སུ་གཏོགས། ཐང་རྒྱལ་རབས་ཀྱི་སྐབས་སུ་དཔོན་གནས་རིམ་པ་བཅུ་གསུམ་པར་གཏོགས།

30.ཧྥུ་མ་ཏུའུ་ཝེ་ཞེས་པ་ཧན་རྒྱལ་རབས་ཀྱི་དུས་སུ་ཐོག་མར་བཙུགས་པའི་དཔོན་ཐོབ་ཀྱི་མིང་སྟེ། མང་ཆེ་བ་གོང་མ་དང་བཙུན་མོའི་ཁྱིམ་རྒྱུད་ཀྱི་མིང་དང་བློན་པོ་བྱས་པ་ཅན་དང་སྐུ་དྲག་དང་ཉེ་གནས་སྤྱོར། སྐབས་དེར་ཀོང་ཇོ་བག་མར་ཡོད་པའི་མི་ལའང་སྦྱོར་ཞིང་ཕྱིས་སུ་ཀོང་ཇོའི་མག་པ་ཁོ་ནར་སྦྱོར།

31.ཞི་ཧའེ་ཀྱུན་ཝང(西海君王)ཞེས་པའི་ཞི་ཧའེ་ནི་རྒྱས་གནའ་དུས་སུ་མཚོ་སྔོན་པོ་དེ་ལྟར་འབོད་ལ། ཞི་ཧའེ་ཀྱུན་ཞེས་པ་ཧན་རྒྱལ་རབས་ནུབ་མའི་དུས་མཇུག་ཏུ་ཝང་མང་གིས་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིག་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང་ངམ་ཧའེ་ཡན་རྫོང(海安县)དུ་བཙུགས་པ་དང་། ཕྱིས་སུ་སུའེ་རྒྱལ་རབས་ཀྱི་གོང་མ་ཁྲི་རབས་གཉིས་པ་སུའེ་དབྱང་ཏིས་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ངམ་གུང་ཧོ་རྫོང(共和县)གི་ཐེབ་རྒྱ་མཁར་རམ་ཆོས་རྗེ་མཁར་ཡོད་ས་དེར་ཞི་ཧའེ་ཀྱུན་ཞེས་པ་བཙུགས། དེ་གཉིས་ཀའི་མངའ་རིས་སུ་མཚོ་སྔོན་པོའི་མཐའ་འཁོར་ས་ཆ་འདུས། ཀྱུན་ཞེས་པ་ནི་རྒྱའི་ཡུལ་གྱི་དབང་རིས་སམ་སྲིད་འཛིན་སྒྲིག་གཞི་ཞིག་གི་མིང་སྟེ་ཆིན་ཧྲི་ཧོང་གི་དུས་སུ་རྒྱལ་ཡོངས་ཀྱུན་སུམ་ཅུར་བགོས། སུའེ་རྒྱལ་རབས་ཀྱི་ཁའེ་ཧོང་ཁྲི་ལོ་གསུམ་པར(སྤྱི་ལོ583)ཧན་རྒྱལ་རབས་དུས་མཇུག་གི་ཀྲོའུ། ཀྱུན། རྫོང་བཅས་རིམ་པ་གསུམ་གྱི་ལམ་ལུགས་དེ་ཀྲོའུ་དང་རྫོང་རིམ་པ་གཉིས་ཀྱི་ལམ་ལུགས་སུ་བསྒྱུར། སྤྱི་ལོ607ལོར་ཀྲོའུ་རྣམས་ཀྱུན་དུ་བསྒྱུར། ཐང་རྒྱལ་རབས་ཀྱི་ཝུའུ་ཏེ་ཁྲི་ལོ་དང་པོར(618)སླར་ཡང་ཀྱུན་རྣམས་ཀྲོའུ་རུ་བསྒྱུར་བ་སོགས་འགྱུར་ལྡོག་ཅུང་མང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-10

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།