རང་འགྱུར་གཞན་འགྱུར་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

 རང་འགྱུར་དང་གཞན་འགྱུར་ཞེས་པའི་ཡིག་སྒྱུར་གྱི་བརྡ་ཆད་འདི་གསར་དུ་བཏོན་པ་ནས་བཟུང་། ཕྱི་ནང་རྒྱལ་ཁབ་ཀུན་གྱི་ཡིག་སྒྱུར་བྱ་གཞག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན་ཏེ། རྒྱ་ནག་ལ་ཆ་བཞག་ནས་བཤད་ན། རང་འགྱུར་དང་གཞན་འགྱུར་གྱི་བརྡ་ཆད་འདི་དུས་རབས་གོང་མའི་དུས་མཇུག་ཙམ་དུ་ནང་འདྲེན་བྱས་པ་ཡིན་མོད། བགྲང་བྱ་བཅུ་ཕྲག་གཉིས་ཙམ་གྱི་དུས་ཡུན་ནང་རྒྱ་ནག་གི་ཡིག་སྒྱུར་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ནུས་པ་གལ་ཆེན་ཐོན་པ་འབྲེལ་ཡོད་ཀྱི་དེབ་ཐེར་ཁག་ནང་གསལ་པོ་བཀོད་པའོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རང་འགྱུར།    གཞན་འགྱུར།
རྒྱ་ཡིག་གི་མིང་།
归化    异化
དབྱིན་ཡིག་གི་མིང་།
Domestication    Foreignization
ཁོངས་གཏོགས།
ལོ་ཙཱའི་སྒྱུར་ཐབས།
1 ཐ་སྙད་ཡོང་ཁུངས།

དེ་ཡང1813ལོར་འཇར་མན་གྱི་སྐད་བརྡ་རིག་པ་སྨྲ་བ་ཧྲི་ལེར་མར་ཧུས་སྒྲོགས་སྦྱོང་བྱས་པའི་དཔྱད་རྩོམ《ལོ་ཙཱ་བྱེད་ཐབས་ཀྱི་དཔྱད་པ》ཞེས་པའི་ནང་དུ། “ལོ་ཙཱ་ལ་ཐབས་གཉིས་ལས་མེད་དེ།   གཅིག་ནི་འགྱུར་མའི་ཀློག་པ་པོ་མ་ཡིག་ཀློག་པ་པོ་དང་ཉེ་བར་བཅར་བ་ལས་རྩོམ་མཁན་རང་སོར་སྡོད་པ་དང་། ཅིག་ཤོས་ནི་ཀློག་མཁན་རང་སོར་བསྡད་ནས་རྩོམ་པ་པོ་འགྱུར་ཡིག་གི་ཀློག་མཁན་དང་ཉེ་བར་བྱེད་པའི་ཐབས་གཉིས་སོ”ཞེས་མ་ཡིག་གི་སྐད་དང་རིག་གནས་གཙིགས་སུ་འཛིན་པའི་སྒྱུར་ཐབས་དང་འགྱུར་ཡིག་གི་སྐད་དང་རིག་གནས་གཙིགས་སུ་འཛིན་པའི་སྒྱུར་ཐབས་གཉིས་བཏོན་པ་རེད། ཕྱི་གླིང་གི་ལོ་ཙཱ་གཞུང་ལུགས་སྨྲ་བ་དག་གིས་དེ་ལ་གོ་བ་ལེན་སྟངས་མི་འདྲ་བ་སྣ་ཚོགས་ཤིག་མཆིས། ཧྥ་རན་སིའི་མཚན་ཉིད་རིག་པ་སྨྲ་བ་ཝོ་ཐཱ།  པན་ཀྲུ་མེན་གྱིས“སྐད་ཆ་རྣལ་མའི”ལྟ་བ་བཏོན་ནས་གོང་སྤེལ་དུ་བཏང་བ་ཡིན་མོད།    དེ་ལ་གསལ་ཁ་བསྟན་ཅིང་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པར་བྱེད་མཁན་ནི། ཨ་རིའི་ཡིག་སྒྱུར་གཞུང་ལུགས་སྨྲ་བ་ཆེན་མོ་ལཱ་ཨར་སི.ཝེ་ནའོ་ཐེ་ཡིན།  ཁོང་གིས1995ལོར་གསར་རྩོམ་མཛད་པའི་དེབ་ནང་དུ། གོང་གི་སྒྱུར་ཐབས་དེ་གཉིས་ལ“Domestication”དང“Foreignization”ཞེས་པའི་མིང་གསོལ་བ་རྒྱ་ཡིག་གི་ཐོག་མའི་དུས་སུ“顺化”དང “洋化” ཞེས་དང་།  རིམ་གྱིས“归化”དང“异化”ཞེས་པར་བསྒྱུར་ཞིང་བོད་ཡིག་ཏུ།  རང་འགྱུར་དང་གཞན་འགྱུར་དང་འགྱུར་བསྟུན་དང་མ་བསྟུན།  མཐུན་འཇུག་དང་གཞན་བསྟུན།  མཐུན་པ་ཅན་དང་མཐུན་མིན་ཅན།  མཐུན་སྒྱུར་དང་འགལ་སྒྱུར།  རང་བསྟུན་དང་གཞན་བསྟུན་ཞེས་མིང་གི་རྣམ་གྲངས་དྲུག་ཙམ་བྱུང་བར་འདུག

2 གོ་དོན།

རང་འགྱུར་དང་གཞན་འགྱུར་ནི་རིག་གནས་ཡིག་སྒྱུར་གྱི་རྩ་བའི་ཐབས་ཤེས་གཉིས་ཡིན་པའི་ཆ་ནས། ཕྱི་ནང་གི་ལོ་ཙཱ་མཁས་པ་དག་གིས་དེར་བཞག་པའི་གོ་དོན་ཡང་མི་མཐུན་པ་མང་པོ་འདུག་མོད།  རང་འགྱུར་ཞེས་པར《辞海》ལྟར་ན།  དེའི་དོན་ནི“入籍”ཞེས་པ་ཡིན་ཏེ།  མ་ཡིག་གི་སྐད་ཆའི་གནས་སྟངས་དེ་འགྱུར་ཡིག་གི་ཁོངས་སུ་བསྡུས་པར་གོ དཔེར་ན། རྒྱའི་གནའ་བོའི་སྒྲུང་རྩོམ་གྲགས་ཆེན་བཞིའི་ཡ་གྱལ《ཐོག་ཁང་དམར་པོའི་རྨི་ལམ》དུ།  “原来这学中虽都是本族人丁与这些亲戚的子弟,俗话说得好:‘一龙有九种,九种各别’”ཞེས་པ་འདི་ལྟར་བསྒྱུར་ཡོད་པ་སྟེ།  སྔོན་ནས་བཟུང་སློབ་གྲྭ་འདིར།  གཉེན་ཉེ་རིང་གི་ཕ་རྒྱུད་བུ་རྒྱུད་ཀྱི་བུ་ཕྲུག་དང་།  ཕ་ཚན་མ་ཚན་གྱི་བུ་ཕྲུག་སོགས་ཞུགས་པ་ཡིན་ཡང་།  གནའ་མིའི་གཏམ་དཔེར“མཛུབ་གུ་ལྔ་ལ་རིང་ཐུང་དང་།  ཨ་ཕའི་བུ་ལ་བཟང་ངན་ཡོད”ཅེས་རྒྱ་ནག་ལ་མཚོན་ན།  “龙”ནི་རིག་གནས་ཀྱི་མཚོན་དོན་ཟབ་པའི་ཐ་སྙད་ཅིག་ཡིན་ཞིང་།  སྤྱིར་མི་སེར་ཡོངས་ལ་དབང་སྐུལ་བའི་རྗེ་བོར་ངོས་འཛིན་པ་ཡིན་ཞིང་།  དེ་དང་འབྲེལ་བར“龙胎、龙体、龙飞凤舞”སོགས་བཤད་སྲོལ་ཡོད།  འགྱུར་ཡིག་ཏུ་ལོ་ཙཱ་བས་འགྱུར་ཡིག་ཀློག་པ་པོའི་སེམས་ཁམས་དང་བསྟུན་ནས་འགྱུར་ཡིག་གི་རིག་གནས་དང་སྐད་ཆའི་བརྗོད་སྟངས་ཀྱིས་མ་ཡིག་གི་རིག་གནས་མཚོན་དོན་དང་སྐད་ཆ་བརྗོད་སྟངས་ཀྱི་ཚབ་བྱས་ནས་བསྟན་ཅིང་།  ཀློག་པ་པོས་འགྱུར་ཡིག་ཀློག་སྐབས་བསྒྱུར་རྩོམ་གྱི་རྗེས་ཤུལ་ཙམ་ཡང་མེད་པར་རང་རྩོམ་ཀློག་པ་ལྟ་བུའི་མྱོང་བ་ཞིག་སྦྱིན་པར་བྱས་ཡོད།  འོ་ན།  གཞན་འགྱུར་ཞེས་པ་གང་འདྲ་ཞིག་ལ་གོ་བ་ལེན་དགོས་ཤེ་ན།  “མ་ཡིག་ལ་ཡོད་པའི་གཞན་ཡུལ་གྱི་ཁྱད་ཆོས་སོར་འཇོག་བྱེད་པའི་ཆེད་དུ།  རྐང་བཙུགས་ནས་འགྱུར་ཡུལ་གྱི་སྐད་ཆ་དང་རིན་ཐང་འདུ་ཤེས་ཀྱི་ཆོས་ཉིད་གཏོར་བའི་སྒྱུར་ཐབས་ཤིག་ལ་ཟེར”ཞེས་གསུངས་པ་ལྟར།  མ་ཡིག་གི་དོན་དང་ཚིག་གི་སྦྱོར་ཚུལ།  དཔེ་འཇོག་སྟངས་སོགས་ལའང་མི་འགལ་བར་བྱས་ནས་དམིགས་ཡུལ་ཡོད་པའི་རིག་གནས་གསར་པའི་ཁོར་ཡུག་ཅིག་གསར་སྐྲུན་བྱས་ཏེ།  འགྱུར་ཡིག་ཀློག་པ་པོར་རིག་གནས་གཞན་ཞིག་གི་རྣམ་པ་ཉམས་སུ་མྱོང་དུ་བཅུག་ནས་རིམ་བཞིན་འགྱུར་ཡིག་ཀློག་པ་པོ་རྩོམ་པ་པོའི་ཕྱོགས་སུ་དྲངས་པའི་སྒྱུར་ཐབས་ཤིག་ལ་གོའོ།།  དཔེར་ན།  “百花齐放、百家争鸣的方针,是促进艺术发展和科学进步的方针,是促进我国的社会主义文化繁荣的方针”ཞེས་པ་འདི་ལྟར་བསྒྱུར་ཡོད་པ་སྟེ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་དེ་ནི་སྒྱུ་རྩལ་འཕེལ་རྒྱས་དང་ཚན་རིག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བྱེད་ཕྱོགས་དང་།  རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་བྱེད་ཕྱོགས་རེད།  ཅེས“百花齐放、百家争鸣”ནི་རིག་གནས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མཚོན་ཞིང་བོད་སྐད་ལ་དེ་ལྟར་ཤོད་སྲོལ་མེད་ཀྱང་།  མ་ཡིག་གི་བརྗོད་སྲོལ་དང་བསྟུན་ཅི་ཐབས་བྱས་ཏེ་བསྒྱུར་བས་ད་ལྟ་ཀུན་ལ་གོམས་ཤིང་རང་རེའི་མིང་བརྡའི་སྦྱོར་སྟངས་ཀྱང་ཇེ་ཕྱུག་ཏུ་བཏང་བ་ཡིན་ནོ།།

3 ཁྱད་ཆོས།

རིག་གནས་ཡིག་སྒྱུར་གྱི་ཐབས་ཤེས་མི་འདྲ་བ་གཉིས་ཡིན་པའི་ཆ་ནས་རང་འགྱུར་དང་གཞན་འགྱུར་ལ་མཚོན་ན།  སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ཡོད།  ཡིག་སྒྱུར་ལག་ལེན་དངོས་ཀྱི་སྐབས་སུ།  ཐོག་མར་མ་ཡིག་ལ་གོ་བ་ཡག་པོ་ཞིག་བླངས་པའི་རྨང་གཞིའི་སྟེང་དུ།  ལོ་ཙཱ་བས་སྐབས་བསྟུན་གྱི་གནས་ཚུལ་ལ་བསམ་བློ་ཞིབ་མོ་བཏང་སྟེ།  རང་འགྱུར་དང་གཞན་འགྱུར་གཉིས་ཀྱི་ཁྱད་ཆོས་འགྱུར་ཡིག་ཁྲོད་དུ་ཐོན་པར་བྱ་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།  འོ་ན།  སྒྱུར་ཐབས་དེ་གཉིས་ལ་ཁྱད་ཆོས་ག་རེ་འདུག་གམ་ཞེ་ན།  གོང་ནས་དེ་གཉིས་ཀྱི་གོ་དོན་བཀྲོལ་བའི་སྐབས་སུ་ཆེ་ལོང་ཙམ་ཞིག་གླེང་བར་བྱས་མོད།  འདིར་གལ་འགངས་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་བརྗོད་པར་བྱ་སྟེ།  “རང་འགྱུར་ལོ་ཙཱས་མ་ཡིག་གི་སྐད་དང་རིག་གནས་འགྱུར་ཡུལ་དང་ཟུང་འབྲེལ་བྱས་ཤིང་།  དེའི་ཁྱད་པར་ལས་འཕྲོས་པའི་འགལ་རྐྱེན་སེལ་བར་བྱས་ཏེ་རིག་གནས་འབྲེལ་འདྲིས་ཀྱི་ལས་ལ་དེ་བས་སྟབས་བདེ་པོ་བཟོ་བ་ཡིན་ལ། གཞན་འགྱུར་ལོ་ཙཱས་མ་ཡིག་གི་བྲོ་བ་མ་ཡལ་བར་འགྱུར་ཡིག་ཏུ་ཇི་བཞིན་མཚོན་ཐུབ་པ་དང་ཆབས་ཅིག  བཀག་སྡོམ་དུ་གྱུར་པའི་རིག་གནས་ཀྱི་མ་ལག་དང་དང་ལེན་གྱི་ཚད་རིམ་ཅུང་ཟད་དམན་པའི་ཀློག་པོ་རྣམས་ལ་སྐད་ཆའི་རྣམ་པ་གསར་པ་ཞིག་མྱོང་བར་བྱས་པ་མ་ཟད།  དེ་ཚོའི་རིག་གནས་ཀྱི་མིག་རྒྱང་ཡང་རྒྱ་བསྐྱེད་ཐུབ་པ་རེད”ཅེས་གསུངས་པ་ལྟར།  རང་འགྱུར་བྱས་པའི་འགྱུར་ཡིག་ནི་ཀློག་པ་པོས་ཀློག་ན་ཁ་གསལ་ཞིང་གོ་བདེ་བ།  ཀློག་འདོད་ཀྱི་འདུན་པ་ཅིག་ཅར་དུ་འཕྲོག་ཐུབ་པ།  འགྱུར་ཡིག་གི་དགེ་མཚན་འབུར་དུ་ཐོན་ཞིང་རང་སྐད་རང་ཡིག་གི་རྨང་གཞི་བརྟན་པོར་སྲུང་ནུས་པའི་ཁྱད་ཆོས་སོགས་ལྡན།  གཞན་འགྱུར་བྱས་པའི་འགྱུར་ཡིག་གིས་མ་ཡིག་གི་སྐད་དང་རིག་གནས་ཀྱི་ཁྱད་པར་སོགས་ཇི་བཞིན་དུ་མཚོན་ཐུབ་ཅིང་།  ཀློག་པ་པོར་རྒྱ་ཆེ་བའི་མིག་རྒྱང་ཡང་སྐྱེད་པར་ནུས་མོད།  མ་ཡིག་གི་སྐད་དང་རིག་གནས་ལ་ཤིན་སྦྱངས་ངེས་ཅན་ཞིག་དགོས་པའི་བླང་བྱའང་ནན་པོ་བཏོན་ཡོད་པ་རེད།

4 འབྲེལ་བ།

རང་འགྱུར་དང་གཞན་འགྱུར་ནི་ཁ་གཏད་དུ་ལངས་པའི་རིག་གནས་ཡིག་སྒྱུར་གྱི་ཐབས་ཤེས་མི་འདྲ་བ་གཉིས་སུ་འདུག་ནའང་།  ཡིག་སྒྱུར་ལག་ལེན་གྱི་སྐབས་སུ།  དེ་གཉིས་ནི་རང་རྐྱ་འཕེར་བའི་སྒྱུར་ཐབས་ཤིག་མ་ཡིན་པར་གཅིག་ལ་གཅིག་བརྟེན་དང་གཅིག་རམ་གཅིག་འདེགས་ཀྱི་ཚུལ་དུ་གནས་ཡོད།  དཔེར་ན།  《ཆུ་ངོགས་གཏམ་རྒྱུད》དུ།  “史进听了寻思道:“他们只恁义气!我若拿他去解官请赏时,反教天下好汉们耻笑我不英雄,自古道:‘大虫不吃伏肉’”ཞེས་པ་འདི་ལྟར་བསྒྱུར་ཡོད་པ་སྟེ།  ཧྲི་ཅིན་གྱིས་དེ་ལྟར་ཐོས་རྗེས་སེམས་ལ“ཁོང་ཚོའི་བར་གྱི་ལ་རྒྱ་འདི་ལྟར་ཆེ་བས་དཔོན་གྱི་ས་ལ་བསྐྱལ་ནས་བྱ་དགའ་བླངས་ན་ས་སྟེང་གི་ཕོ་རྒོད་ཚོས་བཞད་གད་དང་འཕྱ་སྨོད་བྱེད་ངེས་རེད།  བྱ་རྒོད་ལྟོགས་ཀྱང་རྩྭ་སྔོན་མི་ཟ་ཟེར་བ་གནའ་བོའི་དཔེ་ལ་ཡོད”སྙམ།  ཞེས་རྒྱ་ནག་ཤེས་རིག་ནང་སྟག་ནི་དཔའ་མཛངས་རྟུལ་ཕོད་ཀྱི་མཚོན་བྱ་ཡིན་ལ།  དེ་དང་འབྲེལ་བར“虎将、如虎添翼、虎势”ལ་སོགས་པའི་མིང་ཚིག་ཡོད་པ་རེད།  རང་རེའི་བོད་ལ་མཚོན་ན།  རྒྱ་གར་རིག་གནས་ཀྱི་ཤན་ཤུགས་དབང་གིས“དཔའ་ལ་སེང་གེ་སྟག་ལ་སོགས།  ཞུམ་པ་ཝ་སྐྱེས་ཅེ་སྤྱང་སོགས”ཞེས་དཔའ་མཛངས་སྙིང་སྟོབས་ཅན་གྱི་དཔེར་སེང་གེ་དང་སྟག་གཉིས་ལས་རྒྱུན་གཏན་དུ་སེང་གེ་འཇོག་པ་དཔེར་ན།  ལོ་ཆེན་རིན་བཟང་གིས་ལྷ་བླ་མ་ཡེ་ཤེས་འོད་ལ་བསྟོད་བསྔགས་མཛད་པའི་ཚིགས་བཅད“ས་ཡི་བདག་པོ་སེང་གེའི་གཟི་བྱིན་གྱིས།།  རྒྱལ་ཕྲན་གླང་ཆེན་མྱོས་པའི་དྲེགས་འཕྲོག་པ”ཞེས་དང་།  “སྲོག་ཆགས་གྲོག་མའི་ཚོགས་འདུས་པས།  སེང་གེའི་ཕྲུ་གུ་བསད་ཅེས་གྲགས”“མི་ནི་ཟེགས་སུ་འཁྲུལ་བ་ཡིས།    སྟག་གི་སྙིང་གཟུགས་བཀས་ལ་ལྟོས”ལ་སོགས་པའི་ལེགས་བཤད་གཏམ་རྒྱུད་ལས་ཀྱང་རྟོགས་ཐུབ་པ་རེད།  འདིར་ལོ་ཙཱ་བས་མ་ཡིག་གཏམ་དཔེའི་ཚིག་དོན་ལ་གོ་བ་ཡང་དག་བླངས་པའི་རྨང་གཞིའི་སྟེང་དུ།    འགྱུར་ཡིག་ལ་བོད་རིགས་ཀྱིས་ཆེས་རྒྱུས་མངའ་ཆེ་བའི་གཏམ་དཔེ་ཞིག་གིས་ཚབ་བྱས་ཏེ་ནང་དོན་ཇི་བཞིན་དུ་མཚོན་པར་བྱས་ཡོད།  རྗོད་པ་ཧྲིལ་པོའི་ངོས་ནས་བལྟས་ན།  མ་ཡིག་ལས“ཧྲི་ཅིན”ཞེས་པའི་མི་མིང་དང་སྐབས་བསྟུན་གྱི་ལོ་རྒྱུས་ཁོར་ཡུག་ལས་བྱུང་བའི“དཔའ་རྒོད་ཀྱི་སྙན་གྲགས་ལ་རྔམ་པར་འདོད་པའི་བསམ་གཞིག་བྱེད་སྟངས”ནི་གཞན་འགྱུར་རང་རེད།  དེ་དང་འདྲ་བར་རྒྱ་རིགས་ཁྲོད་ཐོས་བསམ་གྱི་ལས་ལ་གཟུ་བོའི་བློ་ཡིས་མི་བསྐུལ་བར་བག་གཡེང་སྒྱིད་ལུག་གི་དབང་དུ་ཚུད་པར“虎头蛇尾”ཞེས་བརྗོད་སྲོལ་ཡོད་པ་བོད་ཡིག་ཏུ།  གཟུར་གནས་ཅན་ཁག་གཅིག་གིས་རྒྱ་ཡིག་གི་ཡིག་འབྲུ་ལ་གཏུགས་ནས“སྟག་མགོ་སྤྲུལ་མཇུག”ཅེས་བཀོད་མོད།  རྒྱ་ནག་གི་རིག་གནས་ལ་རྒྱུས་མངའ་ངེས་ཅན་མེད་པའི་ཀློག་པ་པོ་ཞིག་ལ་མཚོན་ན།  དེའི་མཚོན་དོན་ཅི་ཞིག་ཡིན་པ་གསལ་པོ་ཧ་གོ་མི་ཐུབ།  ཡིན་ནའང་།  དེར་མཆན་བུ་བཏབ་སྟེ་གསལ་བཤད་ཅིག་བྱས་ན།  མ་ཡིག་གི་མཚོན་དོན་ཇི་བཞིན་མཚོན་ཐུབ་པ་མ་ཟད།  འགྱུར་ཡིག་གི་མིང་བརྡའི་སྦྱོར་སྟངས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དགེ་མཚན་བླ་ན་མེད་པ་མཆིས་པར་བསམས།  ཡང་དེར་འགྱུར་ཡིག་གཞན་ཞིག་ཡོད་པ་ནི《གཏམ་པད་མའི་ཚལ་གྱི་ཟློས་གར》དུ།  “ཐོས་བསམ་ལྕོང་མོའི་ལུས་དང་འདྲ།  མགོ་བོ་ཆེ་ཞིང་མཇུག་མ་ཕྲ”ཞེས་བསྒྱུར་པ་ཀུན་གྱིས་གོ་སླ་ཞིང་ཁ་གསལ་བ།  སྡེབ་སྦྱོར་མཉམ་ཞིང་གསོན་ཉམས་ལྡན་པའི་རྩོམ་གཤིས་ཞིག་ཀྱང་དབང་མེད་དུ་མྱོང་བར་བྱས་མོད།  མ་ཡིག་གིས་མཚོན་པའི་ཐུན་མིན་གྱི་རིག་གནས་ཁྱད་པར་ཁྱུར་མིད་དུ་བཏང་བ་བསྙོན་དུ་མེད།  འོ་ན།  དེ་གཉིས་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱ་དགོས་ཤེ་ན།  “རང་འགྱུར་དང་གཞན་འགྱུར་གཉིས་ལ་རང་སྟེང་གི་སྐྱོན་ཆའང་ཡོད་དེ།  ཚད་ལས་བརྒལ་བའི་རང་འགྱུར་ལོ་ཙཱས་མ་ཡིག་གི་རིག་གནས་ཀྱི་མི་རིགས་རང་བཞིན་དང་འགྱུར་མ་ཀློག་ཐུབ་པའི་རང་བཞིན་མེད་པར་བཟོ་ཞིང་།  ཚད་ལས་བརྒལ་བའི་གཞན་འགྱུར་ལོ་ཙཱས་འགྱུར་ཡིག་བདེ་བླག་ངང་ཀློག་པར་བར་ཆད་འབྱུང་བར་སླ་ཞིང་།  ཀློག་པ་པོའི་ཤེས་རྟོགས་ཀྱི་ནུས་པ་བསྐྱེད་པ་དང་སྤྱི་ཡོངས་ནས་མ་ཡིག་གི་དོན་སྙིང་འཛིན་པར་འགལ་རྐྱེན་བཟོ་ངེས་ཡིན” ཞེས་གསུངས་པ་ལྟར།  སྒྱུར་ཐབས་དེ་གཉིས་ལའང་ཚོད་ཅིག་ཡོད་ཅིང་ཡིག་སྒྱུར་ལག་ལེན་གྱི་སྐབས་སུ།  མ་ཡིག་དང་འགྱུར་ཡིག་གཉིས་ཀའི་སྐད་དང་རིག་གནས་ཀྱི་ཁྱད་པར་ལ་བསམ་གཞིག་ལེགས་པོ་བྱེད་དགོས་ཤིང་།  དངོས་ཡོད་ཀྱི་དགོས་མཁོ་དང་བསྟུན་ནས་རང་འགྱུར་དང་གཞན་འགྱུར་གཉིས་ཀྱི་སྒྱུར་ཐབས་ཟུང་འབྲེལ་ངང་སྤྱོད་པར་བྱ་རྒྱུ་དེ་ནི་ཤིན་ཏུ་གལ་འགེངས་ཆེ།

མདོར་ན།  རང་འགྱུར་དང་གཞན་འགྱུར་ནི་རིག་གནས་ཡིག་སྒྱུར་གྱི་རྩ་བའི་སྒྱུར་ཐབས་གཉིས་ཡིན་ཞིང་།  དེ་ནི་ནུབ་གླིང་གི་ལོ་ཙཱ་མཁས་པ་དག་གིས་སྐད་བརྡ་རིག་པ་དང་གཏན་ཚིགས་རིག་པ།    མཚན་ཉིད་རིག་པ།  རིག་གནས་རིག་པ།  སྤྱི་ཚོགས་རིག་པ།  ཆབ་སྲིད་དང་དཔལ་འབྱོར་སོགས་ཤེས་བྱའི་ཟུར་སྣེ་མང་པོ་ཞིག་ལ་ཡུན་རིང་གི་ཞིབ་འཇུག་ལྷོད་མེད་གནང་མཐར་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་གསེར་གྱི་ཞུན་མ་ལྟ་བུ་ཡིན་པས་ཡིག་སྒྱུར་གྱི་ལས་ལ་འཇུག་མཁན་གྱི་སྐྱེ་བོ་སུ་ཞིག་ཡིན་རུང་མ་ཡིག་དང་འགྱུར་ཡིག་གཉིས་ཀས་མཚོན་པའི་སྐད་དང་རིག་གནས་ཀྱི་ཁྱད་པར་ལ་གོ་བ་ཟབ་མོ་བླངས་ཏེ།  རང་འགྱུར་དང་གཞན་འགྱུར་གཉིས་ཀྱི་སྒྱུར་ཐབས་གང་ལ་དེ་འཚམས་ཀྱིས་སྤྱོད་པར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་གནད་ཅིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།